རྗེའི་རྣམ་ཐར་ཆེན་མོ་ལས་མི་དབང་གྲགས་རྒྱན་པ་ལ་གཏམ་དུ་བྱ་བའི་གསུང་འཕྲིན་གནང་བའི་སྐབས་གཉིས་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-02 10:42:45     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        དགུང་ལོ་ཞེ་གསུམ་པའི་ས་ཡོས་ལོའི་དཔྱིད་ཀྱང་མགར་ཕུག་དེར་བཞུགས། དབེན་པར་འབྱོན་པའི་དུས་ནས་ཞབས་ཕྱིར་འབྲངས་པའི་འཁོར་བརྒྱད་ཀྱི་ནང་ནས་རྟོགས་ལྡན་པ་ལ་སྔར་ཆོས་ལུང་དུ་འཇམ་དབྱངས་ཆོས་སྐོར་གནང་བ་ཡིན་ཞིང་། གཞན་བདུན་ལ་ནི་སྐབས་འདིར་འཇམ་དབྱངས་ཆོས་སྐོར་གནང་ནས་བསྒོམ་དུ་བཅུག་པས་ཕལ་མོ་ཆེས་འཇམ་པའི་དབྱངས་ཀྱི་ཞལ་མཐོང་། དེ་ནས་དབྱེའི་ཏེའུ་རར་བྱོན། དབྱར་བཞུགས་མཛད། དབྱེའི་དགེ་འདུན་རྣམས་ལ་ཆོས་མང་དུ་གསུངས། ཡུལ་དེའི་སྐྱེ་བོ་མང་པོ་ལ་བསླབ་སྟོན་གནང་སྟེ་དགེ་བའི་ལམ་ལ་བཀོད། འཇམ་པའི་དབྱངས་ལ་མི་འཇིགས་པ་བཞིའི་སྒོ་ནས་བསྟོད་པ་མཛད། ལོ་ཆེན་བློ་ལྡན་ཤེས་རབ་ཀྱི་གདན་ས་པ་དཀོན་མཆོག་ཚུལ་ཁྲིམས་ཀྱིས་ཞུ་ཡིག་ཕུལ་བ་ལ། མདོ་སྔགས་ཀྱི་ལམ་གྱི་རིམ་པ་གང་ནས་ཉམས་སུ་ལེན་ཚུལ་ལམ་རིམ་མདོར་བསྟན་བཀའ་རྩོམ་གནང་། ཚ་ཁོ་དཔོན་པོས་ཞུ་ཡིག་ཕུལ་བའི་ལན་གནང་བ་ནི། ན་མོ་གུ་རུ་མཉྫུ་གྷོ་ཥ་ཡ། ཀུན་གྱི་མ་འདྲིས་མཛའ་བཤེས་ཏེ། །བླ་ན་མེད་པའི་གྲོགས་ཀྱི་ཕུལ། །ཕོངས་པ་རྣམས་ཀྱི་གཉེན་གཅིག་པུ། །ཟླ་མེད་སྟོན་པ་དེར་ཕྱག་འཚལ། །དེ་ཡི་བསྟན་པ་གཅིག་པུ་ཉིད། །འགྲོ་བའི་ཉེར་འཚོར་མཐོང་གྱུར་པ། །དེ་ཡིས་རང་གི་སློབ་མ་ལ། །བརྩེ་བའི་བསམ་པས་འདི་སྐད་གླེང་། །སྐྱེ་དགུ་རྣམས་ཀྱི་ཕན་བདེའི་གཏེར། །རྒྱལ་པ་རྣམས་ཀྱི་དམ་པའི་ཆོས། །ཡོངས་སུ་འཛིན་ལ་མ་ཞུམ་པ། །བུ་ཁྱོད་རང་དུ་རྒྱལ་གྱུར་ཅིག །བློ་ལྡན་ཁྱོད་ཀྱིས་ཐུབ་བསྟན་ཉི་མའི་འོད། །གང་དང་བྲལ་བའི་མཐའ་འཁོབ་མུན་གླིང་དུ། །ཐུབ་པའི་བརྟུལ་ཞུགས་དྲི་མེད་འཛིན་པ་ཡི། །ཤཱཀྱའི་སྲས་ཀྱིས་གང་བར་བྱས་ཞེས་གྲགས། །ཚུལ་དེ་གསལ་བར་བྱེད་པའི་འཕྲིན་ཡིག་ནི། །དོན་བཟང་ཚིག་འབྲུ་བཟང་པོ་སྐྱེས་དང་བཅས། །ཉིད་ཀྱི་དྲིན་གྱིས་ཁྱིམ་ནས་མངོན་བྱུང་བ། །འགའ་ཡིས་བདག་གི་གམ་དུ་ཕྱིན་པར་བྱས། །དེ་ཚེ་བདག་ཡིད་ཤིང་བལ་ནི། །ཉིད་ཀྱི་ཀུན་སྤྱོད་སྐྱོན་མེད་པའི། །དྲི་ཡི་བཞོན་པས་དབང་བྱས་པས། །ཕྱོགས་དེར་ཀུན་ཏུ་སོང་བར་གྱུར། །རྒྱལ་བའི་གསུང་རབ་མ་ལུས་སྡེ་སྣོད་གསུམ། །དེ་ཕྱིར་བསྟན་པའི་སྙིང་པོ་བསླབ་པ་གསུམ། །དེ་དག་ཐོག་མ་ཚུལ་ཁྲིམས་བསླབ་པ་སྟེ། །དེ་ཡི་གནས་ནི་འདུལ་བ་ཡིན་པར་གསུངས། །དེ་ཕྱིར་ལེགས་པར་གསུངས་པའི་དམ་པའི་ཆོས། །འདུལ་བའི་ཚུལ་ལ་མང་པོ་བཀོད་པ་ལ། །བསྟན་པའི་གོ་རིམ་ཤེས་པའི་མཁས་པ་རྣམས། །ཅི་ཡི་ཕྱིར་ན་དགའ་བ་སྐྱེ་མི་འགྱུར། །ལྷག་མཐོང་ཤེས་རབ་བསླབ་པ་སྐྱེ་བ་ལ། །ཞི་གནས་ཏིང་འཛིན་དགོས་པའི་མང་ཙམ་སྣང་། །འདི་ན་རྣམ་དག་ཏིང་འཛིན་སྐྱེ་བ་ལ། །ཚུལ་ཁྲིམས་བསླབ་པ་དགོས་པའི་གཏམ་ཡང་ནུབ། །ཁས་ལེན་ཙམ་ལ་རབ་ཏུ་དཔའ་བ་ཡིས། །དམ་བཅའ་རབ་ཏུ་འདོད་པ་ཕལ་བའི་ཕལ། །རང་གིས་ཇི་ཙམ་ཁས་ལེན་བྱས་པ་ཡི། །ཚུལ་ཁྲིམས་བསྲུང་ལ་བརྩོན་པ་དམ་པའི་ཚུལ། །དེ་ལྟར་མཐོང་ནས་ཉེས་པའི་སྒོ་གསུམ་ལ། །ཡང་དང་ཡང་དུ་རྟོག་པའི་ཤེས་བཞིན་དང་། །དྲན་དང་བག་ཡོད་ངོ་ཚ་ཁྲེལ་ཡོད་ཀྱིས། །ལོག་པའི་ལམ་དུ་ཞུགས་པའི་དབང་པོའི་རྟ། །འབད་པས་འདུལ་བར་བྱེད་པ་དེ་ཡི་ཡིད། །དགེ་བའི་དམིགས་པ་གང་གང་འདོད་དེ་ལ། །དེ་ལྟ་དེ་ལྟར་རབ་ཏུ་གནས་པར་གྱུར། །དེ་ཕྱིར་ཚུལ་ཁྲིམས་ཏིང་འཛིན་རྒྱུན་དུ་བསྔགས། །འཆལ་ཁྲིམས་དྲི་མའི་རྙོག་པ་དང་བྲལ་ཞིང་། །དགེ་བའི་དམིགས་པ་རྣམས་ལ་མི་གཡོ་ན། །དེ་ལ་བདག་མེད་དེ་ཉིད་རབ་ཏུ་གསལ། །དྭངས་ཤིང་མི་གཡོའི་ཆུ་ལ་ཟླ་གཟུགས་བཞིན། །དེ་ལྟར་བསླབ་པ་གསུམ་གྱི་ལམ་གྱི་གནད། །ཡོངས་སུ་རྫོགས་པར་ཤེས་པ་སྡེ་སྣོད་གསུམ། །ཤེས་པ་ཉིད་ལ་རག་ལས་དེ་ཡི་ཕྱིར། །མཁས་པས་བསྟེན་ནས་སྡེ་སྣོད་གསུམ་ལ་བསླབ། །བསླབས་པའི་དགོས་པ་སྒྲུབ་པ་ཉིད་ཡིན་ཞེས། །སྨྲ་བའི་དམ་པས་ལན་ཅིག་མིན་པར་གསུངས། །དེ་ཕྱིར་ཅི་ཙམ་ཤེས་པ་དེ་ཙམ་ནས། །ཕྱི་བཤོལ་མི་བྱ་འཕྲལ་ལ་ལག་ཏུ་བླང་། དེ་དག་ནི་ཚུལ་ཁྲིམས་ལམ་གྱི་རྩ་བར་འགྱུར་བའི་རྒྱུ་མཚན་མདོ་ཙམ་བཀོད་པ་ཡིན་པས་དེ་དག་ལ་གཅེས་པར་བཟུང་ནས་ཡང་དང་ཡང་དུ་ཆོས་མཛོད།

        ཁྱོད་ཀྱིས་མཐའ་འཁོབ་མི་བཟང་པ་དེར། རབ་ཏུ་བྱུང་བ་མང་པོའི་སྡེ་བཙུགས་ཤིང་འདུལ་བའི་བཤད་པ་ཡང་བྱེད་པར་ཡོད་གདའ་བ་ཤིན་ཏུ་ལེགས་པ་ཡིན། སྡོམ་པ་ལེན་པ་ལ་གཙོ་བོར་བྱས་ནས། བསྲུང་བ་དང་ཕྱིར་འཆོས་པའི་ལག་ལེན་མ་ཚུགས་ན། ཚུལ་ཁྲིམས་དག་པ་འོང་ཐབས་མེད་པས། ད་དེར་ཉེས་པ་རྣམས་ངོ་ཤེས་པར་བྱས་ནས་ལེགས་པར་བསྲུང་བ་གཅིག་དང་། མི་ཤེས་པ་ལ་སོགས་པའི་རྒྱུ་བཞིས་བཅས་པའི་མཚམས་ལས་འདས་ན། བཤགས་བསྡམ་བྱེད་པའི་ཕྱིར་བཅོས་ཀྱི་ལག་ལེན་ཅི་ནས་ཀྱང་ཚུགས་པ་གྱིས་ལ་ལྟུང་བ་བྱུང་བའང་མི་སྙམ་པར་འཇོག་པར་མ་བྱེད་པར་ནམ་བྱུང་རེས་ཀྱིས་ཕྱིར་བཅོས་གྱིས་དང་། ངོ་ཚ་ཁྲེལ་ཡོད་དྲན་ཤེས་བཞིན་སོགས་སྐྱེས་ནས་ཚུལ་ཁྲིམས་ཡོངས་སུ་དག་པར་འགྱུར་བ་ཡིན། དེ་ལ་ཡང་སྤྱིར་དགེ་བ་དང་མི་དགེ་བ་ལས་ཕན་ཡོན་འབྱུང་བར་གསུངས་པ་རྣམས་བྲོང་ཁ་འདིངས་པ་ལྟ་བུ་དང་། ཉེས་དམིགས་འབྱུང་བར་གསུངས་པ་རྣམས་བསྡིགས་བསྐུར་བ་ལྟ་བུར་མི་འཛིན་པར་གཏིང་ཐག་པ་ནས་ངེས་པ་འདྲོངས་པ་ཅིག་དང་། ཁྱད་པར་དུ་ཚུལ་ཁྲིམས་བསྲུངས་པ་དང་མ་བསྲུངས་པའི་ཕན་ཡོན་དང་ཉེས་དམིགས་མང་དུ་བསྒོམས་ནས་ངེས་པ་རྙེད་པ་ཅིག་དགོས་པ་ཡིན། །དེ་ལྟར་མ་བྱས་ན་གཞན་ངོའམ་རྙེད་བཀུར་གྱི་ཕྱིར་དུ་བསྲུང་བ་ཅིག་འོང་བས་གནད་དུ་མི་འགྲོ། དེ་ཇི་ལྟ་བ་བཞིན་དུ་སྒྲུབ་པའི་གེགས་ནི་ཚེ་འདིའི་བྱ་བ་ལྷུར་ལེན་པ་ཡིན་ལ། དེ་ཡང་ཚེ་འདིར་རིང་དུ་སྡོད་པར་མཐོང་བ་ལས་ཡིན་ཞིང་། དེའི་གཉེན་པོར་གང་ལས་ཀྱང་འཆི་བ་དྲན་པ་ཟབ་པ་ཡིན་པས་འཆི་བ་ཡང་ཡང་དུ་བསྒོམ་དགོས་པ་ལགས། 

རྩོམ་སྒྲིག་པ། མང་ར་བ།
             གསལ་འདེབས།
                      རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                      དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།