རྗེའི་རྣམ་ཐར་ཆེན་མོ་ལས་མི་དབང་ཆེན་པོ་གྲགས་རྒྱན་པ་ལ་གཏམ་དུ་བྱ་བའི་གསུང་འཕྲིན་གནང་བའི་སྐབས་དང་བོ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-02 10:23:24     རྩོམ་པ་པོ།   ཆ་ཧར་དགེ་བཤེས།    ཀློག་ཐེངས།  

4175448ctad53fb6957f6&690.gif

        ཡང་རྒྱལ་པོ་གྲགས་པ་རྒྱལ་མཚན་པས་སྤྱན་འདྲེན་ཞུས་པའི་ལན་དུ་གསུང་ཡིག་གནང་བ་ནི། ན་མོ་གུ་རུ་མཉྫུ་གྷོ་ཥ་ཡ། རྒྱལ་བ་ཐམས་ཅད་མཁྱེན་ཅིང་ཐམས་ཅད་གཟིགས་པ་འཇིག་རྟེན་ཐམས་ཅད་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ་ལྷ་དང་མི་རྣམས་ཀྱི་སྟོན་པ་སྔོན་མེད་པ་དེ་ཡི་ཞབས་ཀྱི་པད་མོ་ལ་ལན་གཅིག་མ་ཡིན་པར་གུས་པས་ཕྱག་འཚལ་ལོ། །གྲངས་མེད་བསྐལ་པར་ཡང་དང་ཡང་གོམས་པས། །མཐའ་ཡས་ཡོན་ཏན་ཚོགས་ཀྱི་ཕ་རོལ་སོན། །ལེགས་པར་བཤད་པའི་གཏེར་ཆེན་སྨྲ་བའི་མཆོག །བདེན་པ་གསུང་བ་དེ་ནི་བདག་གི་སྐྱབས། །བླ་ན་མེད་པའི་མཁྱེན་པའི་གཏེར། །གཅིག་ཏུ་གཞན་ལ་ཕན་པར་དགོངས། །འཇིག་རྟེན་རྣམ་པར་འདྲེན་པ་དེས། །ཁྱེད་ལ་རྟག་ཏུ་སྐྱོང་གྱུར་ཅིག །དེ་ལྟར་འཇིག་རྟེན་ཐམས་ཅད་ཀྱི་སྐྱབས་གཅིག་བུ་ལ་མཆོད་པ་དང་ཤིས་པ་བརྗོད་པའི་ངག་སྔོན་དུ་བཏང་ནས་སྐབས་རྩོམ་པ་ནི། སྟོན་དང་བསྟན་པ་གཙུག་གི་རྒྱན་དུ་འཛིན། །དགེ་བའི་བཤེས་གཉེན་འཚོལ་ལ་མངོན་པར་བརྩོན། །ལེགས་ཉེས་འབྱེད་པའི་རྣམ་དཔྱོད་མི་དམན་ཞིང་། །བསོད་ནམས་སྟོབས་ཀྱིས་ས་ཆེན་ལེགས་སྐྱོང་པ། །མི་དབང་དེ་ཡི་ལྷག་བསམ་ལས་འོངས་པའི། །བཀའ་ལུང་སྙན་དངགས་ཕྲེང་བ་བསྒྲིགས་པ་ཡིས། །བདག་ཡིད་ཀུན་ཏུ་ཚིམ་པར་བྱས་པ་ནི། །ཡོངས་འདུའི་ལྗོན་པས་ལྷ་རྣམས་ཇི་བཞིན་ནོ། །

        དེ་ལྟར་བཀའ་སྩལ་སྙན་པའི་འཕྲིན་ཡིག་སྙན་དངགས་ཀྱི་ལམ་ནས་འོངས་པ། སྐྱེ་བོ་བློའི་ནོར་ཅན་རྣམས་མགུ་བར་བྱེད་པའི་དོན། སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་ཐོག་མ་དང་བར་དང་ཐ་མར་དགེ་བའི་ལེགས་པར་བཤད་པའི་འབེལ་བའི་གཏམ་གྱི་དགའ་སྟོན་སྤེལ་བའི་ཕྱིར་དུ་མཇལ་བར་བཞེད་པ་འཁུམས་ནའང་། ཇི་སྐད་དུ། སུ་དག་ནགས་ཁྲོད་མངོན་པར་དགའ་བ་ཡི། །དགེ་སྦྱོང་དེ་ནི་ཤིན་ཏུ་བདེ་བ་མྱོང་། །ཞེས་དང་། ཚུལ་ཁྲིམས་ཡོངས་སུ་དག་པར་རབ་གནས་ཏེ། །བསམ་གཏན་བསམ་མི་ཁྱབ་ལ་རྟག་གནས་ཤིང་། །སུ་དག་ནགས་ཁྲོད་ཞི་བར་དགའ་བ་ཡི། །དེ་དག་ནམ་ཡང་ཡིད་གཉིས་འོང་མི་འགྱུར། །ཞེས་ཐུབ་པས་རྣམ་གྲངས་དུ་མའི་སྒོ་ནས་བསྟེན་པར་བསྔགས་པའི་དབེན་པའི་གནས་གངས་རིའི་དཔལ་དང་ལྡན་པའི་ཁྲོད་སྨན་གྱི་ཁྱད་པར་རོ་དང་མཐུ་དང་རྣམ་པར་སྨིན་པའི་ཡོན་ཏན་མང་པོ་དང་ལྡན་པའི་ས་ཕྱོགས་མེ་ཏོག་དང་འདབ་མ་དང་ལོ་མ་དང་། ལྡུམ་བུ་སྣ་ཚོགས་ཀྱིས་བརྒྱན་པ། གངས་ཀྱི་ཕྲེང་བ་ནི་ཡོལ་བ་བྲེས་པ་ལྟར་སྣང་ཞིང་། སྨུག་པའི་སྐེད་ཆིངས་ནི་དོ་ཤལ་ལྟར་གནས་པ། ཐེལ་སྡིངས་ཤང་ཤོང་རྣམ་པ་མང་པོ་དག་ནི་ཆེད་དུ་བཤམས་པ་བཞིན་ཡོད་པ། འབབ་ཆུ་རྣམ་པ་མང་པོ་ནི་ངོས་སུལ་དུ་མ་ནས་སྒྲ་སྙན་པ་སྒྲོགས་ཤིང་འབབ་པ། བུང་བ་མང་པོ་ནི་སྒྲ་དི་རི་རི་ཟེར་བ། དགེ་སློང་རྣལ་འབྱོར་སྤྱོད་པ་རྣལ་འབྱོར་ལ་བརྩོན་པ་དང་རྗེས་སུ་མཐུན་པའི་གནས་ལྷའི་སྡིངས། མིང་གཞན་རྣམ་པར་རྒྱལ་བའི་གླིང་ཞེས་པ་ཅིག་གིས་ཡོན་ཏན་གྱིས་ཡིད་ཀུན་ཏུ་དྲངས་པས། ཆུ་ཧ་ཅང་བསིལ་བའི་ཉེས་པས་ཟིལ་གྱིས་མ་མནན་ན། ལོ་ཁ་ཡར་ལ་གྲོང་དུ་མི་རྒྱུ་བར་རྣལ་འབྱོར་ལྷུར་ལེན་ཅིང་བསྡད་པར་བྱའོ་སྙམ་པའི་ཡིད་དམ་བརྟན་པོ་གཅིག་ལོ་སྔ་མའི་སྨིན་དྲུག་གི་ཟླ་བ་ལ་བགྱིས་བདོག་པས་ཉིད་ཀྱི་ཕོ་བྲང་དུ། ད་རས་ལ་མཇལ་དུ་མཆི་བར་རྔོ་མ་ཐོགས་པ་ལགས།

        དེའི་རྒྱུ་མཚན་ཡང་སྐྱེས་བུ་དམ་པ་རྣམས་ནི་ཇི་ལྟར་ནན་ཏན་གྱིས་ཁས་བླངས་བའི་དགོས་པ་ཆེན་པོ་དང་ལྡན་པའི་དམ་བཅའ་བའི་ཁུར་བར་མ་དོར་མི་འདོར་བར་བདེན་པ་བསྲུང་བ་ལ་ཆེད་ཆེད་བྱེད་དེ། ། ཇི་སྐད་དུ། ཡ་རབས་རྣམས་ནི་བདེན་པ་སྲོག་དང་འདྲ། །དེ་བས་རབ་ཏུ་ཕོངས་ཀྱང་དེ་མི་འདོར། །བདེན་པ་མེད་ན་ཚེ་འདིའི་བདེ་བའམ། སྲོག་ཀྱང་ངན་འགྲོ་དག་ལས་སྲུང་མི་ནུས། །ཞེས་དང་། འགྲོ་བ་མཐའ་དག་ཁྱབ་པའི་གྲགས་པའི་འཕེལ། །བདེན་པ་འཇིག་རྟེན་གསུམ་ལས་འདས་པའི་ལམ། །ལྷ་ཡི་གནས་སུ་འཇུག་པའི་སྒོ་ཡང་ཡིན། །འཁོར་བའི་རྫོང་ལས་ཐར་བའི་ཟམ་པ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །

        ད་ནི་ལེགས་པར་བཤད་པའི་སྐྱེས་ཀྱི་དགའ་སྟོན་བྱ་བར་འདོད་ནས། མདོར་བསྡུས་ཏེ་ཅུང་ཟད་ཅིག་གསོལ་བ་ནི། ཆོས་སྲིད་ཚུལ་བཞིན་སྐྱོང་བའི་གྲགས་པ་ཡིས། །རྒྱལ་མཚན་ཏོག་ལྟར་ཀུན་གྱི་ཁྲོད་ན་མཐོ། །ལེགས་ཚོགས་དཔལ་གྱིས་རབ་ཏུ་མཛེས་གྱུར་ཅིང་། །བཟང་པོའི་ལམ་ལ་ཀུན་ནས་ལྷག་པར་དགྱེས། །བཀའ་ལུང་སྙན་པོ་འགྲོ་འདིའི་སྤྱི་བོས་ནོར། །གཟི་བྱིན་ཕས་ཀྱི་རྒོལ་བས་མི་བཟོད་ཀྱང་། །དུལ་བའི་དཔལ་གྱིས་མངོན་པར་བསྟོད་པ་ཡི། །ས་ཡི་བདག་པོ་ཁྱོད་ལ་འདི་ཡང་གསོལ། །འཁོར་དང་འབྱོར་བའི་ཁྱད་པར་རྒྱ་ཆེ་བས། །ཡོངས་པའི་མངའ་རིས་གནས་ལ་མངའ་བསྒྱུར་བ། །རྒྱལ་པོའི་གོ་འཕང་སྐྱེ་བ་གཞན་དག་ནས། །བསྣམས་ཏེ་མ་བྱོན་དགེ་བའི་མཐུ་ལས་ཡིན། །དེ་ཕྱིར་རང་གི་ཆོས་ཀྱི་ལམ་བཟུང་ནས། །འབངས་ཀྱང་ཚུལ་དེར་བཀྲི་བའི་ཐབས་མཁས་ཀྱིས། །རྒྱལ་སྲིད་ཆོས་ཀྱིས་བསྐྱངས་པར་མཛད་ན་ནི། །འདི་དང་ཕྱི་མར་དོན་ཆེན་འགྲུབ་པར་འགྱུར། །དེ་ཡི་ཚུལ་གྱིས་རྒྱལ་སྲིད་སྐྱོང་བ་ན། །ལྷ་རྣམས་དགའ་མགུ་རངས་ནས་བསྲུང་བ་དང་། །ཕུན་ཚོགས་དཔལ་གྱིས་འཇིག་རྟེན་འབྱོར་བྱེད་པའི། །བཀྲ་ཤིས་མཚན་མ་མང་དུ་འབྱུང་བར་གསུངས། །སྐྱེ་དགུའི་འཕྲལ་དང་ཡུན་གྱི་ཕན་བདེ་རྣམས། །གངས་ལས་འབྱུང་བ་ཐུབ་པའི་བསྟན་པ་ནི། །བཤད་དང་བསྒྲུབ་པས་རྗེས་སུ་འཛིན་པ་རྣམས། ས་ཡི་བདག་པོས་རྣམ་པ་དུ་མས་མཆེད། མགོན་སྐྱབས་གཞན་མེད་ཉིད་ལ་ལྟོས་གྱུར་པའི། །འབངས་ལ་རྒྱལ་པོས་བྱམས་པའི་སེམས་བཟུང་སྟེ། །ཉེས་སྤྱོད་བུ་ལ་མཛངས་བའི་ཕ་བཞིན་དུ། །མི་རིགས་སྤྱོད་ལས་བཟློག་པ་མཁས་པའི་ཁུགས། །རྒྱལ་བའི་བསྟན་དང་ཕྲད་པ་ཆེས་དཀའ་ཞིང་། །ལུས་སྲོག་རི་གཟར་ཆུ་བཞིན་གཡོ་བ་དང་། འཇིག་རྟེན་ཕ་རོལ་ཚུལ་ལའང་གཟིགས་ནས་ནི། །ས་ཡི་བདག་པོ་རྟག་ཏུ་བག་ཡོད་མཛོད། །སྐྱེ་དགུ་སྲིད་ནས་སྲིད་དུ་འཁྱམས་པའི་ཚེ། །མི་འདོད་སྡུག་བསྔལ་དུ་མས་གཟིར་བ་ལ། །དགེ་དང་འདྲ་བའི་སྐྱབས་གཞན་ཡོད་མ་ཡིན། །དེ་ཕྱིར་ལས་དེར་རྟག་ཏུ་དགྱེས་པ་བསྐྱེད། །སྔོན་གྱི་གླིང་བཞིའི་དབང་ཕྱུག་ས་བདག་རྣམས། །གཞན་དྲིང་མི་འཇོག་བློ་གྲོས་སྟོབས་མངའ་བས། དེ་དག་དང་སྲིད་སྐྱོང་ལ་འཇུག་པའི་ཚེ། །ལུགས་ཀྱི་བསྟན་བཅོས་དག་ལ་ལྟོས་མི་འཚལ། །དེ་ནས་རིམ་གྱིས་བློ་ཡི་མཐུ་བྲི་བས། །རྒྱལ་སྲིད་སྐྱོང་བའི་གྲོང་ཁྱེར་རྒྱལ་པོ་རྣམས། །ལུགས་ཀྱི་བསྟན་བཅོས་དེ་དེའི་རྗེས་འབྲངས་ནས། །ས་ཡི་བདག་པོས་བགྱི་བ་བགྱིད་པར་གསུངས། །དྲང་སྲོང་ཡང་དག་པ་དང་ལྟར་སྣང་གིས། །བརྩམས་པའི་ལུགས་ཀྱི་བསྟན་བཅོས་དེ་དག་ཀྱང་། །ཚད་མ་དག་དང་དེ་ལས་བཟློག་པ་འབྱུང་། །དེ་ཕྱིར་ལུགས་ཀྱི་བསྟན་བཅོས་དམ་པ་བསྟེན། །ལེགས་ཉེས་འབྱེད་ལ་ཡིད་ནི་རྣམ་པར་འཐོམས། །གཟུ་ལུམས་ཙམ་གྱིས་རང་གི་སྲིད་འཛིན་པའི། །རྒྱལ་རིགས་ངན་པ་མན་ངག་ཡུལ་མིན་པས། །དེ་ལ་མཁས་རྣམས་ལེགས་བཤད་ག་ལ་འདོམས། །རིགས་དང་མི་རིགས་བརྟག་པའི་མཁྱེན་པ་ཅན། །སྔོན་གྱི་ས་བདག་དགེ་བའི་རྗེས་སུ་སློབ། །དམ་པའི་མགོན་ལ་དམའ་བའི་ཐུགས་འཛིན་པ། །ས་ཡི་བདག་པོ་ཁྱོད་ནི་གདམས་པའི་ཡུལ། །དེ་ཕྱིར་གངས་རིའི་ལྗོངས་ན་གནས་བཅས་ཤིང་། །ཚུལ་བཞིན་སྒྲུབ་པ་དམ་པའི་རྗེས་ཞུགས་ནས། །རྒྱལ་བ་དགྱེས་པ་བསྐྱེད་པར་འདོད་པ་ཡི། །དགེ་སྦྱོང་བདག་གིས་དེ་ལྟར་གསོལ་བ་ལགས། །གཙོ་བོ་རྣམས་ནི་ཅི་དང་ཅི་སྤྱོད་པ། །འབངས་རྣམས་དག་ཀྱང་ཕལ་ཆེར་དེ་དེ་བཞིན། །ཚུལ་འདི་མཐོང་ནས་སྐྱེ་དགུ་སྐྱོང་བ་ལ། །རྒྱལ་བའི་གསུང་ལས་བྱུང་བའི་སྐྱེས་འདི་ཕུལ། །གསུང་ཡིག་སྔ་མའི་དུས་ན་ཡང་རྒྱུ་མཚན་མདོར་བསྡུས་ཅིག་གསོལ་མོད་ཀྱི། འོན་ཀྱང་ད་རེས་མཇལ་དུ་བཞེད་པ་ལ་ཐུགས་ཀྱི་སྤྲོ་བ་ཡོད་ཚུལ་དང་། རང་གཞན་གྱི་དོན་བགྱིད་པ་ལ་བསྐུལ་བ་ཁེངས་སྐྱུངས་དང་བཅས་པའི་འཕྲིན་ཡིག་དོན་བཟང་ལ་ཚིག་སྦྱོར་ལེགས་པ་བསྐུར་བྱུང་བའི་ལན་དུ།

        སླར་ཡང་མཇལ་དུ་མི་སྤྲོ་བ་མིན་ནའང་། རེ་ཞིག་ལ་གྲོང་དུ་མི་རྒྱུ་བའི་རི་མི་འབབ་ཀྱང་དམ་བཅའི་ཁུར་དེ་བཞག་ཏུ་མ་བདེ་བའི་རྒྱུ་མཚན་ཅེས་པ་དང་། ཉིད་ཀྱི་ཐུགས་ལ་སྔ་ནས་མངའ་ནའང་། །རྡོ་ཐལ་གྱིས་བྱུགས་པའི་ཁང་བཟང་ལ་དགུང་ཟླའི་འོད་ཀྱིས་ཕོག་ན་ཤིན་ཏུ་དཀར་བར་འགྱུར་བའི་ཚུལ་དུ་ཐུབ་པའི་གསུང་ལས་བྱུང་བའི་གདམས་སུ་བསྟན་པའི་ཁྱད་པར་འགའ་ཞིག་གསོལ་བ་ལགས། སླད་ནས་ཀྱང་འདོད་པར་བྱ་བའི་གནས་ལ་སྨོན་པའི་ཚུལ་ནི། མི་དབང་དགེ་བཅུའི་ཁྲིམས་ཀྱིས་སྲིད་སྐྱོང་ཞིང་། །དེ་ལ་གེགས་ཀྱི་མཚན་མ་མེད་པ་དང་། །ཆོས་དང་སྲིད་དང་འབྱོར་བའི་ཁྱད་པར་ཀུན། །ཡར་ངོའི་ཟླ་དང་ཕན་ཚུན་འགྲན་པར་ཤོག །འགྲོ་བ་འདིས་ཀྱང་སྡུག་བསྔལ་བརྒྱ་ཕྲག་རྒྱུ། །ཉེས་སྤྱོད་བཏང་ནས་དགེ་བའི་ལམ་བཟུང་སྟེ། །ཡ་རབས་དམ་པའི་སྤྱོད་ཚུལ་ལྷུར་བླངས་པས། །རྫོགས་ལྡན་དུས་བཞིན་ཕུན་སུམ་ཚོགས་པར་ཤོག །འགྲོ་ཀུན་བྱམས་པའི་སེམས་དང་ལྡན་པར་ཤོག །འཐབ་ཅིང་རྩོད་པའི་མིང་ཡང་མེད་པར་ཤོག །རྟག་ཏུ་ནད་མེད་བདེ་དང་ལྡན་པར་ཤོག །དགེ་ལ་སྤྱོད་པས་ཉིན་མཚན་འདའ་བར་ཤོག །ཚེ་ཡི་མཐར་ཡང་རྒྱལ་བ་འོད་དཔག་མེད། །འཁོར་དང་བཅས་པ་མཐོང་ཞིང་དེ་མ་ཐག །བུ་བུ་བདེ་བ་ཅན་དུ་ཚུར་ཤོག་ཅེས། །འདྲེན་པའི་གསུང་གིས་དབུགས་འབྱིན་ཐོབ་པར་ཤོག །

        ཅེས་མི་དབང་ཆེན་པོ་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་ཞེས་ཡོངས་སུ་གྲགས་པ་ལ་གཏམ་དུ་བྱ་བའི་འཕྲིན་ཡིག་འདི་ནི། མང་དུ་ཐོས་པའི་དགེ་སློང་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས། གངས་ཅན་གྱི་ཁྲོད་ཀྱི་གངས་རིའི་དབང་པོ་འོ་དེ་གུང་རྒྱལ་གྱི་ལྷ་ཞོལ་ལྷའི་སྡིངས་མིང་གཞན་རྣམ་པར་རྒྱལ་བའི་གླིང་ནས་ཕུལ་བའོ། །ཞེས་པའོ། །དེ་ནས་སྟོན་འོལ་ཁར་བྱོན། དགུན་དེར་མགར་ཕུག་ཏུ་བཞུགས་ནས་འོལ་ཁའི་དགེ་འདུན་རྣམས་ལ་ཆོས་མང་དུ་གསུངས་སོ། ། 

                                                   རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས། 
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
              དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།