རྗེའི་རྣམ་ཐར་ཆེན་མོ་ལས་མི་དབང་གྲགས་རྒྱན་པ་ལ་གདམས་པ་གནང་བའི་སྐབས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-02 10:04:46     རྩོམ་པ་པོ།   ཆ་ཧར་དགེ་བཤེས།    ཀློག་ཐེངས།  

4175448ctad53fb6957f6&690.gif

        གཞན་ཡང་རྙེད་བཀུར་ངང་གིས་འདུ་ཞིང་འཁོར་མང་ལོངས་སྤྱོད་ཆེ། སྙན་གྲགས་རྒྱས་པའི་གཙོ་བོའི་གནས་ཐོབ་པ་ལའང་རང་ཉིད་ཀྱི་རྒྱུད་ལ་སྣང་ཤས་ཟིལ་གྱིས་གནོན་པར་བྱེད་པའི་ངེས་འབྱུང་བྱང་ཆུབ་ཀྱི་སེམས། ལྟ་བའི་མྱོང་བ་ཤིན་ཏུ་སྟོབས་དང་ལྡན་པ་ཡོད་ན་ལམ་གྱི་གྲོགས་སུ་འགྲོ་ནའང་དེ་དཀོན་པས་ན་ཆོས་གྱི་གོ་ཡུལ་ཙམ་ཡོད་ཀྱང་དེས་སྣང་ཤས་ཀྱི་འཇུག་པ་མི་ཁེགས་པས་སྤྱིར་འཁོར་བ་དང་ཁྱད་པར་དུ་ངན་སོང་གི་རྒྱུ་དཔག་ཏུ་མེད་པ་མ་ཚོར་བཞིན་དུ་གསོག སྔོན་བསོད་ནམས་རེ་འགའ་བསགས་པའི་འབྲས་བུ་རྣམས་ནི་འདིར་སྤྱོད་པས་ཟད་པའི་ཕྱིར། ནོར་ཡེ་མི་སྤེལ་བར་བུ་ལོན་ལོན་པ་འབའ་ཞིག་བྱས་ནས་དགའ་དགའ་ལྟར་སྣང་བ་དང་འདྲ་བར་མངོན་ནོ། །

        དོན་གྱི་དབང་འདི་གཟིགས་ནས་ཀྱང་སའི་སྙིང་པོའི་མདོ་ལས། བཟོད་པ་མ་ཐོབ་ཀྱི་བར་དུ་དགེ་སྦྱོང་གཙོ་བོ་དང་། མཁན་པོ་གཙོ་བོའི་གནས་སུ་མ་གྱུར་ཅིག་ཅེས་གསུངས་པ་ཡིན། དེས་ན་སྣང་ཤས་འདི་ལ་དཀར་ནག་ཁྲ་གསུམ་ཡོད་པའི་ནག་པོ་རིག་སླ་ཡང་གཞན་གཉིས་པ་འདི་ལ་འཁྲུལ་ས་ཆེན་པོ་འདུག་པས་བག་ཡོད་པར་མཛོད་ཅིག དེའི་འོག་ཏུ་རང་ཉིད་འཁོར་བའི་སྡུག་བསྔལ་གྱིས་འཇིགས་པ་ཇི་ལྟ་བ་བཞིན་དུ། སེམས་ཅན་ཐམས་ཅད་ཀྱང་དེ་དང་མཚུངས་པས་དེ་དག་གི་དོན་དུ་བྱང་ཆུབ་དོན་དུ་གཉེར་བའི་བློ་བྱམས་པ་དང་སྙིང་རྗེའི་རྩ་བ་ཅན་གྱི་བྱང་ཆུབ་ཀྱི་སེམས་སྒོམ་པ་འབའ་ཞིག་ལ་ཡུན་རིང་དུ་གོམས་པར་བྱ་ལ། སངས་རྒྱས་ཀྱི་ཐུན་མོང་མ་ཡིན་པའི་རྒྱུ་ཐེག་པ་ཆེན་པོའི་རྩ་བ་ཐེག་དམན་ལས་འབྱེད་པའི་ཁྱད་ཆོས་རྒྱལ་སྲས་རྣམས་ཀྱི་སྤྱོད་པ་རླབས་པོ་ཆེ་ལ་འཇུག་པའི་རྒྱུ། ཚོགས་གཉིས་རབ་འབྱམས་སྡུད་པའི་ལག་པ་སྡིག་པ་དང་སྒྲིབ་པ་སྲེག་པའི་དུས་མཐའི་མེ་ཆེན་པོ་ནི། རིན་པོ་ཆེའི་སེམས་འདི་ཉིད་ཡིན་པར་གསུངས་བའི་ཕྱིར་རོ། འདིས་མ་ཟིན་ན་ཐམས་ཅད་མཁྱེན་པའི་རྒྱུ་མཚན་ཉིད་པར་མི་རུང་ཞིང་ཐོན་པའི་ཚད་ཀྱང་གོ་བ་རྒྱང་པར་མ་སོང་བའི་མྱོང་བ་ལ་ལྟོས་དགོས་མོད།

        འོན་ཀྱང་གཟུགས་བརྙན་ཙམ་ལས་མ་བྱུང་ཡང་དགེ་རྩ་སྒྲུབ་པ་ཐམས་ཅད་ལ་འདིས་རྒྱས་བཏབ་ཅིང་སྨོན་ལམ་གྱིས་བཏབ་ན་ཕན་ཡོན་དཔག་ཏུ་མེད་པ་འབྱུང་བས་འདི་ལ་ངེས་ཤེས་འདྲོངས་པར་མཛོད། དེའི་འོག་ཏུ་ཆོས་ཐམས་ཅད་མཐའ་གཞི་དང་བྲལ་ཞིང་རང་རང་གི་བྱ་བ་ལ་མི་སླུ་བའི་བྱེད་པ་དང་ལྡན་པ་སྒྱུ་མ་ལྟ་བུར་མཐོང་བའི་ཤེས་རབ་ཀྱིས་ངེས་འབྱུང་དང་བྱང་ཆུབ་ཀྱི་སེམས་ལ་སོགས་པ་ཀུན་རྫོབ་ཀྱི་རྣམ་པ་ཅན་དུ་སྣང་བའི་སྤྱོད་པ་རྣམས་ཀྱི་དམིགས་པར་ལྟ་བའི་དུག་ཕྱུང་ནས་ཐབས་དང་ཤེས་རབ་ཀྱི་གཤོག་པའི་རྩལ་གྱིས། རྒྱལ་བ་སྲས་དང་བཅས་པ་གཤེགས་པའི་བྱ་ལམ་ཡངས་པར་བགྲོད་པར་བྱའོ། །རིམ་པ་དེ་དག་གི་ཚུལ་མཐའ་ཡས་པར་ནི་མཚན་ཉིད་དང་ལྡན་པའི་དགེ་བའི་བཤེས་གཉེན་ཡུན་རིང་པོར་མཉེས་པར་བྱས་པ་ལས་ཁོང་དུ་ཆུད་པར་བྱའོ། །

        གཞན་དུ་ན་སློབ་མའི་བློ་ཡི་རིམ་པ་མི་ཤེས་ཤིང་། མངོན་པར་རྟོགས་པའི་རིམ་པ་རྣམས་མཚམས་འདི་དང་འདིར་སྐྱེ་ཞེས་པའི་ཉམས་ལེན་གྱི་གནད་ལ་མི་མཁས་པ་དང་ཕྲད་ནས། འདི་སྒོམ་པ་ལས་ཆེ་གེ་མོ་སྒོམ་པ་ཕན་ཡོན་ཆེའོ་ཞེས་དམིགས་པའི་གོ་རིམ་ཕྱིན་ཅི་ལོག་ཏུ་ཁྲིད་ནས་དོན་མ་ཡིན་པ་ལ་སྦྱོར་དགོས། དགེ་བའི་བཤེས་གཉེན་ལེགས་པར་བརྟགས་ནས་བཀའ་དྲིན་ནོད་པར་བྱའོ། །དེ་ལྟར་སྔར་བཤད་པའི་ཡོན་ཏན་མ་སྐྱེས་པ་རྣམས་སྐྱེ་སླ་བ་དང་། སྐྱེས་པ་རྣམས་ལམ་དུ་འགྲོ་ཞིང་རྒྱུན་བརྟན་པར་བྱེད་པ་ལ། མཚན་ཉིད་དང་ལྡན་པའི་དགེ་བའི་བཤེས་གཉེན་ལ་སྟོན་པའི་འདུ་ཤེས་བསྐྱེད་པའི་དད་པ་བརྟན་པོ་དང་། སྐྱབས་ཀྱི་དམ་པ་གསུམ་ལ་དམིགས་རྣམས་ལེགས་པར་ཕྱེད་པའི་སྒོ་ནས། སྙིང་ཐག་པ་ནས་ངེས་ཤེས་འདྲོངས་པ་གནད་དུ་ཆེ་བས། ཆོས་ལྡན་གྱི་བྱ་བ་གང་སྒྲུབ་ཀྱང་འདི་གཉིས་ཀྱི་སྒོ་ནས་གསོལ་བ་དྲག་ཏུ་གདབ་ཅིང་སྨོན་ལམ་ཤུགས་དྲག་པར་བྱའོ། །

        དེ་ལ་འདི་སྐད་ཅེས་བྱ་སྟེ། མར་དུ་ཐོས་པ་སྒྲུབ་པ་ལྷུར་ལེན་ཉུང་། །སྒྲུབ་ལ་བརྩོན་པ་ཐོས་དང་ལྡན་པ་ཉུང་། །ཐོས་ལྡན་ཉམས་ལེན་གནད་ལ་མཁས་པ་ཉུང་། །དེ་ཕྱིར་སྲིད་པའི་ཕ་རོལ་འགྲོ་བ་ཉུང་། །མང་དུ་ཐོས་པས་རྒྱལ་བའི་དགོངས་པ་རྙེད། །བརྩོན་པ་ཆེན་པོས་སྒྲུབ་པ་སྙིང་པོར་བྱེད། །བག་ཡོད་གོམས་པས་དམ་པའི་རྗེས་སུ་འཇུག །སྐལ་བཟང་དེ་ཡིས་བྱང་ཆུབ་རྙེད་མི་དཀའ། །འདི་དག་ནི་ཐེག་པ་མཆོག་གཉིས་པོ་གང་གི་ལམ་ཉམས་སུ་ལེན་ཀྱང་མེད་དུ་མི་རུང་བའི་ཡན་ལག་ཡིན་པས་ཉེ་བར་མཁོ་བ་རྣམས་ཀྱི་མིང་ཙམ་བྲིས་པ་ཡིན། འདི་བཞིན་བྱས་པའི་སྟེང་ན་སྔགས་དང་ཕ་རོལ་ཏུ་ཕྱིན་པའི་ལམ་གྱི་སྣོན་པ་གདབ་དགོས་པ་རྣམས་ནི་འདིར་མ་སྤྲོས་ཏེ་སོ་སོའི་གདམས་ངག་ལས་བཙལ་བར་བྱའོ། །

        དེ་ཡིས་བསྐྲུན་པའི་བསོད་ནམས་འདི་ཡི་མཐུས། །སྲིད་པའི་ལམ་རིང་བགྲོད་པའི་འགྲོ་བ་ཀུན། །རྒྱལ་བའི་བསྟན་པའི་སྙིང་པོ་སྒྲུབ་པ་ལ། །རྣམ་དག་ལུང་རིགས་སྟོབས་ཀྱིས་ཡིད་ཆེས་ནས། །དམ་པ་རྣམས་ཀྱིས་དངོས་གྲུབ་བརྙེས་པའི་གནས། །དབེན་པ་བསྟེན་ནས་མང་དུ་ཐོས་པའི་དོན། །ཚུལ་བཞིན་བརྩོན་པས་ཉམས་སུ་བླངས་པ་ཡིས། །རྟག་ཏུ་འཇམ་དབྱངས་མཉེས་པར་བགྱིད་པར་ཤོག །ཅེས་པ་འདི་ནི་དཀའ་བཞི་འཛིན་པ་གྲགས་པ་རྒྱལ་མཚན་གྱིས་འདི་ཕྱི་གཉིས་ཀ་ལ་ཕན་པའི་ཐབས་ཤིག་ཞུ་ཞེས་བསྐུལ་བའི་དོན་དུ། མང་དུ་ཐོས་པའི་རྒྱལ་ཁམས་པ་བློ་བཟང་གྲགས་པའི་དཔལ་གྱིས་གངས་ཅན་ཁྲོད་ཀྱི་གངས་རིའི་དབང་པོ་འོ་དེ་གུང་རྒྱལ་གྱི་ལྷ་ཞོལ་དུ་སྦྱར་བའི་ཡི་གེ་པ་ནི་བཟང་སྐྱོང་ངོ་། །ཞེས་པའོ། །

                                                                                        རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས།              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།              དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།