རྗེའི་རྣམ་ཐར་ཆེན་མོ་ལས་གཉལ་གྱི་ལུང་རྭ་ཆེན་མོ་བཙུགས་པའི་སྐབས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-01 10:56:17     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        དགུང་ལོ་ཞེ་གཅིག་པའི་མེ་གླང་ལོའི་དཔྱིད་གཉལ་གྱི་སྒང་ཆུང་གི་ལྷ་ཁང་དུ་བཞུགས་ནས་དགེ་འདུན་རྣམས་ལ་ཆོས་སྣ་ཚོགས་གསུངས། རྗེའི་ཐུགས་རྗེའི་སྟོབས་ཀྱིས་ཁྱིམ་པའི་སྐྱེ་བོའི་ཚོགས་མང་དུ་འདུས་པ་ལའང་བསྙེན་གནས་དང་སྐྱབས་འགྲོ་སོགས་འཕྲལ་དང་ཡུན་དུ་ཕན་པའི་དགེ་བ་ལ་སྦྱོར་བར་མཛད། རྗེ་རང་ཉིད་ཀྱིས་ཐོག་དྲངས་ཐམས་ཅད་ལ་བསྐུལ་ནས་སཙྪ་འབུམ་ཕྲག་མང་བོ་བཏབ། ཕྱིས་ཀྱང་ལོ་རེ་བཞིན་སཙྪ་འདེབས་པའི་སྲོལ་བཙུགས་པ་དེང་སང་གི་བར་དུ་ཡོད།

        དེ་ནས་དབྱར་གྱི་སྐབས་གཉལ་གྱི་སྟོད་རབ་གྲོང་དགོན་དུ་བྱོན། དབྱར་གནས་མཛད། དེའི་ཚེ་སློབ་དཔོན་ཆེན་པོ་དར་མ་རིན་ཆེན་ཞལ་སྔ་ནས་དཀའ་བཅུའི་གྲྭ་སྐོར་མཛད་ཚར་ནས། རྗེ་རིན་པོ་ཆེའི་སྙན་གྲགས་ཆེ་བ་གསན་ཏེ་གཞུང་གི་དཀའ་གནད་རྣམས་བརྒལ་བརྟག་མཛད་ནས་ཐེ་ཚོམ་ཆོད་པའི་བསམ་པས་ཕེབས། དེར་རྗེ་རིན་པོ་ཆེ་སློབ་མར་བཅས་པས་སེར་སྦྲེང་སོགས་ཀྱི་བཀུར་སྡིས་བསུས། རྗེ་རང་གི་བཞུགས་སྟན་དང་མཉམ་པའི་སྟན་ལ་བཞུགས་སུ་གསོལ། དམ་པའི་ཆོས་ཀྱི་འབེལ་གཏམ་བགྲོ་བར་མཛད། དར་མ་རིན་ཆེན་པས་དཀའ་གནད་མང་པོ་དྲིས་པ་ལ། རྗེ་འདིས་གང་ལ་ཡང་ཐོགས་པ་མེད་པར་ལན་མཛད།

        རྗེ་འདིས་རྟོག་ལྡན་ལ་སྐྱེ་བའི་དཀའ་གནད་ལས་བརྩམས་ཏེ་དོགས་སློང་མཛད་པས། དར་མ་རིན་ཆེན་པས་ལན་གྱི་སྤོབས་པ་མ་བྱུང་བ་ལ། རྗེ་རིན་པོ་ཆེས་རྟོན་པ་བཞིའི་ཟབ་གནད་དང་། དཔལ་ལྡན་ཆོས་གྲགས་ཀྱིས་མཛད་པའི་རྣམ་འགྲེལ་གྱི་ཁུངས་དྲངས་ནས་ཚད་མའི་རིགས་པ་ལ་བརྟེན་ཏེ། རྒྱལ་བའི་གསུང་རབ་ཐམས་ཅད་ཐར་འདོད་རྣམས་ལ་འདོར་དུ་མི་རུང་བའི་གདམས་ངག་ཡིན་པའི་རྒྱུ་མཚན་དང་། གསུང་རབ་ཐམས་ཅད་ཀྱི་དགོངས་པ་གཅིག་ཏུ་དྲིལ་ནས་ཉམས་སུ་ལེན་པའི་གནད་ཟུར་ཙམ་གསུངས་པ་ལ། དབང་རྣོན་ཆོས་ཀྱི་སྤྱན་ལྡན་མཁས་པ་ཆེན་པོ་དེས་ལེགས་པར་ཤེས་ནས། ཕུལ་དུ་བྱུང་བའི་དགེ་བའི་བཤེས་གཉེན་འདི་ལྟ་བུས་ཆོས་འདི་འདྲ་གསུང་བ་ལ་སྟན་ལ་བསྡད་པ་མི་རིགས་སྙམ་དུ་དགོངས་ནས། སྟན་མེད་པར་འོག་ཏུ་བཞུགས་ནས་བཀའ་ཉན་ཅིང་། རྗེའི་གསུང་གིས་ཕུལ་དུ་བྱུང་བའི་དོན་ཆེན་པོ་ཤེས་ནས་སྒྲོ་འདོགས་ཆོད་པ་ལ་དགའ་བ་དང་། རྗེ་འདི་ནི་རྒྱལ་བའི་གསུང་རབ་མ་ལུས་པ་གཅིག་ཏུ་དྲིལ་ནས་འཆད་པ་ལ་སྨོན་ལམ་སྟོབས་ཆེན་གྲུབ་པའི་ཀུན་མཁྱེན་ཆེན་པོ་ཡིན་པར་འདུག་སྙམ་དུ་ངེས་པའི་དད་པ་མནན་པས་མི་ནོན་པ་ཤུགས་དྲག་པོ་འཁྲུངས་པས་མ་བཟོད་པར་སྤྱན་ཆབ་ཉིལ་བ་བྱུང་།

        དེ་ནས་བཀའ་རྫོགས་པའི་རྗེས་སུ་ཡར་ལངས་ཏེ་ཕྱག་མང་དུ་བཙལ་ནས། རྗེ་རིན་པོ་ཆེའི་ཞབས་ལ་དབུ་གཏུགས་ནས་འདི་སྐད་ཞུ། བླ་མ་རིན་པོ་ཆེ་ལ་ཞུ་བ་ནི། ད་ལྟ་ངས་རྗེ་བཙུན་རེད་མདའ་པ་ལ་རྒྱུ་མཚན་ཞུས་ནས། རྗེ་རིན་པོ་ཆེ་ཉིད་ཞབས་ཀྱི་པདྨོ་ཇི་སྲིད་བརྟན་པར་བཞུགས་པའི་བར་དུ་སྐུ་དང་གྲིབ་མ་ལྟར་འབྲེལ་མེད་དུ་ཞབས་ཕྱིར་འབྲང་བར་འདོད་པས་ཐུགས་རྗེས་གཟིགས་སུ་གསོལ། ཞེས་དད་གུས་དྲག་པོས་ཞུས་པ་ན། རྗེ་རིན་པོ་ཆེས་ཀྱང་ཐུགས་བརྩེ་བ་ཆེན་པོས་གནང་བ་མཛད། ལོ་འདིར་དར་མ་རིན་ཆེན་པའི་ཞལ་སྔ་ནས་དགུང་ལོ་སོ་བཞི་པ་ཡིན་འདུག་ཅིང་། དུས་འདི་ནས་བཟུང་སྟེ་རྗེ་རིན་པོ་ཆེའི་སློབ་མར་གྱུར་ཏེ་རྒྱུན་དུ་འབྲངས། རྗེ་རིན་པོ་ཆེ་སྐུ་གཤེགས་པའི་རྗེས་སུ་དགའ་ལྡན་གྱི་གདན་སར་བཞུགས་པས། རྒྱལ་ཚབ་ཆོས་རྗེ་དར་མ་རིན་ཆེན་ཞེས་ཡོངས་སུ་གྲགས་ཤིང་། རྗེའི་བསྟན་པ་ཆེས་ཆེར་དར་བར་མཛད།

        རྒྱལ་ཚབ་པ་འབྱོན་པའི་ཚེ་བསུ་བ་སོགས་མཛད་པ་ནི་བླ་མ་འདི་ཕྱིས་དགའ་ལྡན་ཁྲི་ལ་བཞུགས་ནས་བསྟན་པ་ལ་ཕན་པ་ཆེན་པོ་མཛད་པས་རྟེན་འབྲེལ་བསྒྲིགས་པ་འདྲ། ཡང་རྗེས་རྒྱལ་ཚབ་པ་ལ་རང་གི་ན་བཟའ་གནང་ཟེར་བའང་ཡོད། དེའི་ཚེ་རྗེ་རིན་པོ་ཆེས་རབ་གྲོང་མཁན་པོ་ལ་ཞལ་ཏ་གནང་ནས་གཉལ་སྡེ་བཞིའི་དགེ་འདུན་ཕལ་ཆེར་དང་། སྡེ་སྣོད་འཛིན་པ་མང་པོ་འཚོགས་ནས་ཞག་དུ་མའི་བར་དུ་ཚོགས་འདོན་དང་འཆད་ཉན་མཛད། ཚོགས་དེ་ལ་མང་ཇ་འབུལ་བ་སོགས་རབ་གྲོང་མཁན་པོས་སྦྱིན་བདག་གི་མཐིལ་ལེན་བྱས། དད་ལྡན་གྱི་འབུལ་བ་མང་དུ་བྱུང་བས་ཕུན་སུམ་ཚོགས་པར་གྲུབ།

        དེ་ཡང་གཉལ་གྱི་བླ་དཔོན་རྣམས་བཞུགས་གྲལ་སོགས་ལ་ཡེ་མི་འཆམ་པས་ལྷན་ཅིག་ཏུ་འཚོགས་པ་མི་སྲིད་པ་ཙམ་ཡིན་པ་ལ། སྐབས་འདིར་རྗེ་རིན་པོ་ཆེའི་ཐུགས་རྗེ་དང་བསོད་ནམས་ཀྱི་ཤུགས་དང་ཐབས་ལ་མཁས་པའི་སྟོབས་ཀྱི་ཐམས་ཅད་རྩོད་པ་མེད་ཅིང་དམ་པའི་ཆོས་ཀྱི་དགའ་སྟོན་གྱིས་དུས་འདའ་བར་གྱུར་ཏོ། །དེ་ཐམས་ཅད་ལ་རྗེ་རིན་པོ་ཆེས་དད་འབུལ་དང་། བསྙེན་བཀུར་དང་། ལོ་རེ་བཞིན་འཚོགས་པའི་ཞལ་ཏ་སོགས་མཛད་པས་ཐམས་ཅད་ཀྱིས་དགའ་སྤྲོ་དང་བཅས་དང་དུ་བླངས་ཤིང་། དེང་སང་གི་བར་དུ་ཡང་ལོ་དུས་ལ་ཆོས་འཁོར་ཞག་མང་པོ་བྱེད་བཞིན་པ་ཡིན་ལ། དེ་ལ་ནི་སྔར་བཞིན་རྩོད་པ་མེད་ཅིང་། དེ་ལས་གཞན་པའི་སྐབས་སུ་ནི་གྲལ་དང་ཇ་སོགས་ལ་རྩོད་པས་ལྷན་ཅིག་ཏུ་འཚོགས་པར་མི་བྱེད་དོ། །འདུས་སྡེ་བཙུགས་པ་འདི་ནི་མཛད་ཆེན་བཞིའི་གཅིག་ཡིན་ཟེར་རོ། །

        རྗེ་བླ་མ་བྱམས་པ་རིན་པོ་ཆེའི་རྣམ་ཐར་ལས། སྔར་རྗེ་བླ་མ་ཙོང་ཁ་པ་ཆེན་པོ་བཞུགས་དུས་མི་དྲག་ཞན་ཐམས་ཅད་འུར་ལངས་ཏེ་མཇལ་ཁར་ཕྱིན་པར། ས་སྐྱའི་བླ་མ་ཞིག་གི་བསམ་པ་ལ་རྗེ་རིན་པོ་ཆེ་ལ་དབང་སྡུད་ཀྱི་ལས་སྟོབས་ཆེན་ཞིག་ཡོད་པ་འདྲ་སྙམ་ནས་ཁོང་པས་སྐུ་མདུན་དུ་ཕྱིན་ཏེ་དབང་སྡུད་ཀྱི་ལས་ལ་ཅི་ཟབ་ཞུས་པས་རྗེ་རིན་པོ་ཆེས་དབང་སྡུད་ལ་རང་རྒྱུད་ཆོས་དང་མཐུན་པ་འདི་རང་ཟབ་པར་གསུང་། ཞེས་འབྱུང་བ་ལྟར་རྗེ་འདི་ནི་ཆོས་འཇིག་རྟེན་གང་ལ་ཡང་ཕྱོགས་ལྷུང་གི་དྲི་མ་ཡེ་མེད་ཅིང་ཐུགས་གཟུ་བོར་བཞུགས་པའི་སྟེང་ནས། བསྟན་འགྲོ་སྤྱི་དང་བྱེ་བྲག་ལ་གང་ཕན་དང་གང་འོས་མཛད་པ་དང་། ཐུགས་བསྐྱེད་སྨོན་ལམ་གྱི་སྟོབས་ཀྱིས་འཕྲིན་ལས་འབད་མེད་དུ་འགྲུབ་པ་ཡིན་ནོ། །དེས་ན་རང་ཅག་གིས་ཀྱང་ཚེ་འདིའི་ཆོས་བརྒྱད་སོགས་ཀྱི་དབང་དུ་མ་ཤོར་བར་གང་ཆོས་དང་མཐུན་པ་བྱེད་རྒྱུ་བྱུང་ན་འཕྲལ་ཕུགས་ཀུན་ཏུ་ལེགས་པར་ངེས་སོ། ། 

                                                          རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས། 
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
              དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།