རྗེའི་རྣམ་ཐར་ཆེན་མོ་ལས་དཔལ་དུས་ཀྱི་འཁོར་ལོས་རྒྱལ་བོ་ཟླ་བཟང་འདྲ་བར་ལུང་བསྟན་པའི་སྐབས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-01 10:44:54     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        དགུང་ལོ་བཞི་བཅུའི་མེ་བྱི་ལོའི་དཔྱིད་གནས་དེར་བཞུགས་ནས་དུས་ཀྱི་འཁོར་ལོའི་རྫོགས་རིམ་ཡན་ལག་དྲུག་སོགས་ལ་ཞིབ་ཏུ་དཔྱད་པས་མི་འཁྲུལ་བའི་ངེས་པ་འཁྲུངས་ཤིང་། འཕྱུགས་མེད་ཀྱི་གཟེར་ཐེབས་པ་ལྟ་བུའི་མི་འཇིགས་པ་བརྙེས། དུས་འཁོར་སྦྱོར་དྲུག་གི་དཀའ་གནད་བསྡུས་པ་རྡོ་རྗེའི་ཚིག་སྦྲམ་ཞེས་པའི་ཚིགས་བཅད་མཛད། དེ་དུས་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་དཔའ་གཅིག་གསེར་གྱི་མདོག་ཅན་ནར་མར་གཟིགས་ཤིང་། ནུབ་ཅིག་གི་མནལ་ལམ་དུ། ཁྱོད་ཀྱིས་དུས་འཁོར་གྱི་ཆོས་འདི་ལ་རྒྱལ་པོ་ཟླ་བ་བཟང་པོ་འོངས་པ་ལྟ་བུ་ཡོད་ཅེས་གསུང་། དེར་རྗེས་སྔོན་ཆད་གཞན་ལ་བཤད་པས་ཕན་ཐོགས་འཇིགས་རུང་ཙམ་ནི་མ་བྱུང་། རང་གི་རྒྱུད་ལ་གོ་བ་རྣམ་དག་སྐྱེས་པ་ལ་དགོངས་པ་ཡིན་འདུག་ཅེས་གསུང་།

        ཡང་སྐབས་དེར་ལྷ་མོ་དབྱངས་ཅན་མས། དགུང་ལོ་ལྔ་བཅུ་རྩ་བདུན་ཐུབ། དེ་བར་རང་གཞན་གྱི་དོན་དཔག་ཏུ་མེད་པ་འགྲུབ་གསུང་བ་ལ། རྗེ་བཙུན་མ་རྣམ་པར་རྒྱལ་མ་ལ་སོགས་པ་ལ་གསོལ་བ་བཏབ་ཅིང་བསྙེན་སྒྲུབ་མང་དུ་བྱས་པས་དེ་ལས་རིང་ཞིག་ཐུབ་པར་མི་འགྱུར་རམ་ཞེས་ཞུས་པས། དེ་ཐམས་ཅད་ཕལ་ཆེར་སྔོན་གྱི་སྨོན་ལམ་གྱི་ཤུགས་དང་། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ལ་ཐུགས་འདུན་ཆེས་པ་ལ་སོགས་པའི་དབང་གིས་བློ་གྲོས་གོང་ནས་གོང་དུ་འཕེལ་བའི་རྒྱུ་འབའ་ཞིག་ཏུ་སོང་བས་སྐུ་ཚེ་ལ་དེ་ཙམ་དུ་ཕན་པ་མ་བྱུང་ཞེས་གསུང་པ་ཞིག་བྱུང་།

        རྟོགས་ལྡན་པ་ལ། རྗེ་བཙུན་གྱི་གསུང་ནས། ད་ཕན་ཆད་སྐུ་ཚེའི་བར་ཆད་ལ་སྒོས་སུ་དམིགས་པའི་བཟློག་ཐབས་དང་། སྐུ་ཚེ་བསྲིང་བའི་ཕྱི་ནང་གི་རྟེན་འབྲེལ་ལེགས་པར་བསྒྲིགས་ན་དཀའ་སེ་བ་ཞིག་ལ་བཟློག་པར་ནུས་སོ། །ཞེས་གསུངས། ཡང་རྗེ་རིན་པོ་ཆེས་རྗེ་བཙུན་འཇམ་དབྱངས་ལ་སྔགས་མཚན་ཉིད་ཀྱི་ལམ་གྱི་ངོ་བོ་དང་། གོ་རིམ། གྲངས་ངེས་སོགས་དང་། ཁྱད་པར་ཞི་ལྷག་གི་ཉམས་ལེན་གྱི་གནད་རྣམས་ཞུས་པས། ད་ངེད་ལ་ཡང་ཡང་དྲི་མི་དགོས། གཞུང་ཆེན་མོ་རྣམས་ལ་ཞིབ་པར་དཔྱོད་དང་། ངེད་ཀྱིས་བསྟན་པ་རྣམས་དང་ཕལ་ཆེར་མཐུན་པ་ཤ་སྟག་འོང་། མི་མཐུན་པ་རེ་ཙམ་བྱུང་ན་འདོར་ལེན་གདམས་ངག་ཏུ་འདོད་པ་རྣམས་ལ་འབབ་ཀྱི། གཞུང་ཆེན་མོ་རྣམས་འདོར་དུ་མི་རུང་ངོ་ཞེས་གསུང་ཞིང་། མན་ངག་གིས་ལྡེ་མིག་བྱས་ནས་མདོ་རྒྱུད་དགོངས་འགྲེལ་དང་བཅས་པ་རྣམས་ལ་དཔྱད་པས་དཔྱད་པ་རྫོགས་པའི་ཚད་ནི། ལུང་རིག་གི་ལམ་ནས་དྲངས་པའི་ངེས་པ་རྙེད་ནས་བློས་དོན་དེར་ཐག་བཅད་ཀྱང་གཏིང་ནས་མི་བདེ་བའི་རྣམ་པ་མེད་པ་ཞིག་འོང་། དེ་དུས་དོན་དེ་ལ་དཔྱད་པ་རྫོགས་པ་ཡིན་ནོ་ཞེས་གསུང་སྟེ། ཕྱིན་ཆད་ཚད་དེ་འཁྲུལ་མེད་རང་ཞིག་བྱུང་ཞེས་རྗེ་རང་ཉིད་གསུང་ངོ་། །

        ཡང་རྗེ་བཙུན་གྱིས་ད་ཕྱིན་ཆད་སྒོ་གསུམ་གྱི་མཛད་པ་ཐམས་ཅད་གཞན་དོན་ཁོ་ནར་གྱིས་གསུང་། དེ་ནས་གཉལ་གྱི་གསར་ཕྱེ་འབུམ་པ་ལ་མཆོད་པ་རྒྱ་ཆེན་པོ་ཕུལ། དེའི་ཚེ་རྗེ་བཙུན་གྱིས་ད་སློབ་མ་ཐམས་ཅད་ཀྱིས་ཆོས་གོས་སོགས་རབ་བྱུང་གི་རྟགས་ཚང་བ་དང་། ཕྱི་དྲོའི་ཁ་ཟས་སྤོང་བ་སོགས་ལ་འབད་ནས་འདུལ་བའི་ལུགས་རྣམ་པར་དག་པ་གྱིས་གསུངས་པ་ལ། རྗེ་འདིས་ད་ལྟ་དུས་ཀྱི་དབང་གིས་འདུལ་ཁྲིམས་རྣམ་དག་བསྒྲུབ་དཀའ་ཞིང་། མང་པོའི་བློ་ལ་མི་འབབ་པའི་རྒྱུ་མཚན་ཞུས་ཀྱང་། རྗེ་བཙུན་གྱིས་སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་འགྲུབ་ཡོང་ཞེས་གསུངས། རྗེ་རང་ཉིད་ཀྱང་སོ་ཐར་གྱི་སྡོམ་པ་ནི་བསྟན་པའི་རྩ་བ་ཡིན་ཞིང་། འདི་དག་ན་བསྟན་པ་དག་པར་འགྱུར་བ་སོགས་ལ་དགོངས་ནས། འདུལ་བའི་ལུགས་ཉམས་པ་ཐུགས་ཀྱིས་མ་བཟོད་པར་གསོ་བར་བཞེད་ཅིང་འདུལ་བའི་ཆོས་མང་དུ་གསུངས། སློབ་མ་རྣམས་ལ་ཆོས་གོས་རྣམ་གསུམ་གྱི་ཚད་དང་། དྲས་དྲུབ་ཀྱི་ཚུལ། གྱོན་ལུགས། གདིང་བའི་ཚད་དང་འདིང་ལུགས། ལྷུང་བཟེད་འཛིན་ལུགས་དང་ཁ་བཤལ་བཀྲུ་བ། ཕྱི་དྲོའི་བཏུང་བ་ལ་རུང་ཆུ་འདེབས་པ་སོགས་ལག་ལེན་རྣམས་ཞིབ་པར་བསླབས།

        ཡོན་ཏན་ཀུན་གྱི་གཞི་མ་ཚུལ་ཁྲིམས་དག་པ་ཡིན་པས་འབད་ནས་བསྲུང་དགོས། ངེད་ལ་ནི་སོ་ཐར་གྱི་ཕམ་ལྷག་སྦོམ་པོའི་ལྟུང་བ་འོང་མ་མྱོང་། །ལྟུང་བྱེད་དང་ཉེས་བྱས་བག་རེ་བྱུང་བ་རྣམས་བཤགས་བསྡམ་བྱེད་གསུངས་ནས་ཕྱིར་བཅོས་ཚུལ་བཞིན་མཛད། འཁོར་རྣམས་ལའང་རང་རང་གི་སེམས་ལ་བརྟགས་ནས་ཕྱིར་བཅོས་ཀྱིས་ཞེས་བཤགས་པ་སོགས་བྱེད་དུ་བཅུག གངས་རིའི་ཁྲོད་འདིར་སངས་རྒྱས་ཀྱི་བསྟན་པ་ཆེས་ཆེར་ཉམས་པར་གྱུར་པ་ལ། གཏིང་ནས་མི་བཟོད་པའི་ཐུགས་ཀྱི་ཤུགས་དྲག་པོས། བསྟན་པ་རིན་པོ་ཆེའི་རྨང་དཀའ་བ་ཆེན་པོས་གཞི་ནས་བཙུགས་པར་མཛད་པས། ཕྱི་རབས་གངས་རིའི་ཁྲོད་ཀྱི་སྐྱེ་བོ་ཡོངས་ལ་རྒྱལ་བ་ཉིད་དང་མཚུངས་པར་བཀའ་དྲིན་ཆེ་བ་ཡིན་ནོ། །

        སྐབས་འདིར་གྲྭའི་ལྟག་གི་རི་གཟར་པོ་དེ་ནས་ཕ་བོང་ཆེན་པོ་རྣམས་འགྲིལ་ཏེ་དགེ་འདུན་རྣམས་སྐྲག་པ་ལ། རྗེ་རིན་པོ་ཆེས་སྡིགས་མཛུབ་མཛད་པ་ཙམ་གྱིས་རྡོ་དེ་རྣམས་རང་རང་གིས་སར་ཆགས་ནས་དེང་སང་གི་བར་མི་འགུལ་བར་ཡོད་དོ། ། ཡང་ཆ་ཞེས་པའི་སའི་ཕྱོགས་ནས་རླུང་འཚུབ་ཆེན་པོ་གནམ་ས་འབྲེལ་བ་ལྟ་བུ་བྱུང་ནས་འོང་བ་ལ་སྡིགས་མཛུབ་མཛད་པ་ཙམ་གྱིས་ཕྱིར་ལོག་ནས་ཞི་བར་གྱུར། གཞན་ཡང་རྒྱལ་གདོན་སོགས་ཀྱི་གནོད་པས་ན་ཚ་དྲག་པོ་བྱུང་བ་དང་། སྨྱོས་པ་སོགས་ལའང་བྱིན་རླབས་མཛད་པ་ཙམ་གྱིས་ལུས་སེམས་ཀྱི་ཟུག་རྔུ་དག་སོང་བ་རྣམས་དྲུང་འཁོར་དག་གིས་མང་དུ་མཐོང་བ་ཡོད་གསུང་ངོ་། ། 

རྩོམ་སྒྲིག་པ། མང་ར་བ།
              གསལ་འདེབས། 
                        རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                        དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།