རྗེའི་རྣམ་ཐར་ཆེན་མོ་ལས་རྣམ་རྒྱལ་མའི་བསྟོད་པ་འཆི་མེད་གྲུབ་བརྩམ་པའི་སྐབས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-01 10:26:44     རྩོམ་པ་པོ།   ཆ་ཧར་དགེ་བཤེས།    ཀློག་ཐེངས།  

4175448ctad53fb6957f6&690.gif

        འདིར་རྣམ་ཐར་ཆེན་མོ་ལས། སླར་ཡང་བྱ་བྲལ་ལ་བྱོན་པ་ཉིད་ནས། རྒྱལ་བའི་གསུང་རབ་མཐའ་དག་གི་དོན་ཚིག་སྤྱི་ཙམ་ལ་མ་ལུས་པར་ད་ལྟ་ལས་དང་པོ་པ་ཉིད་ནས་རང་གི་རྒྱུད་ལ་བསྐོར་ནས་ཉམས་སུ་བླངས་པས་ཆོག་པའི་ཚུལ། ལམ་གྱི་ངོ་བོ། གྲངས་ངེས། གོ་རིམ་སོགས་ཐམས་ཅད་ཤིང་རྟ་ཆེན་པོ་རྣམས་ཀྱི་ལམ་སྲོལ་དང་མཐུན་པ་ཞིག་མེད་དུ་མི་རུང་བར་གཟིགས་ནས་བླ་མ་ཡི་དམ་ལ་གསོལ་བ་དྲག་ཏུ་བཏབ་ཅིང་། གསུང་རབ་དགོངས་འགྲེལ་དང་བཅས་པ་མཐའ་དག་ལ་ཞིབ་ཏུ་དཔྱོད་པ་རྒྱུན་མི་ཆད་དུ་མཛད་པས། ཐོག་མར་བཤེས་གཉེན་བསྟེན་པ་ནས་མགོ་བརྩམས་ཏེ། མཐར་ཞི་གནས་དང་ལྷག་མཐོང་ལ་བསླབ་ཚུལ་གྱི་བར་ཐེག་པ་ཆེ་ཆུང་ཐུན་མོང་དང་། ཐེག་ཆེན་ཐུན་མོང་མ་ཡིན་པའི་ལམ་སྤྱི་དང་། དེའི་སྟེང་དུ་སྔགས་ཀྱི་ཐབས་མཁས་ཀྱི་ཁྱད་པར་ཐུན་མོང་མ་ཡིན་པ་རྣམས་སྣོན་པ་བཏབ་ནས་ཉམས་སུ་ལེན་ཚུལ་གྱི་ལམ་གྱི་ངོ་བོ་དང་གོ་རིམ་དང་གྲངས་ངེས་ལ་ཕྱིན་ཅི་མ་ལོག་པའི་ངེས་པ་འཁྲུངས་ནས་གསུང་རབ་དགོངས་འགྲེལ་དང་བཅས་པ་གང་ལའང་ཁོལ་བཏོན་རེ་ཙམ་མ་ཡིན་པར་ཐམས་ཅད་གང་ཟག་གཅིག་འཚང་རྒྱ་བའི་ཆ་རྐྱེན་དུ་སྦྱར་ནས་ཉམས་ལེན་གྱི་ཕྱོགས་སུ་ཁྱེར་ཤེས་པ། དེ་ཡང་བཤད་པ་ཙམ་མ་ཡིན་པར། ད་ལྟ་བློ་མཐོ་དམན་དབང་པོ་རབ་འབྲིང་ཐ་མ་གང་ཡིན་གྱི་རྒྱུད་ལ་བསྐོར་ནས་དམིགས་རྣམ་གྱི་རིམ་པར་ཉམས་སུ་ལེན་པའི་ལག་ལེན་དུ་འཁྱེར་བདེ་ཞིང་འཆུན་ཆེ་ལ། སེམས་འདུལ་བའི་རིམ་པ་འབའ་ཞིག་ལྷུར་མཛད་པའི་སྒོ་ནས་གདུལ་བྱ་མཆོག་དམན་ཐམས་ཅད་ཇི་ལྟར་བཀྲི་བའི་རིམ་པ་ལ་མངའ་བརྙེས་ཤིང་།

        གངས་རིའི་ཁྲོད་འདིར་ཚུལ་འདི་ནི། སེམས་དཔའ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱི་གདམས་པ་བྱང་ཆུབ་ལམ་གྱི་རིམ་པའི་མཚན་ཉིད་དང་སྔགས་ཀྱི་ཐེག་པའི་ལམ་གྱི་རིམ་པ་ཕྱིན་ཅི་མ་ལོག་པར་གཏན་ལ་ཕབ་པའི་ཤིང་རྟའི་སྲོལ་འདི་ཉིད་ཡ་མཚན་པར་གཟིགས་ཤིང་། དེའི་སྲོལ་ལ་བརྟེན་ནས་ཐུགས་ངེས་ཆེར་འཁྲུངས། དཔལ་ལྡན་ཨ་ཏི་ཤའི་གདམས་པའི་སྲོལ་ལ་ཡང་དགེ་བའི་བཤེས་གཉེན་ཆེན་པོ་པོ་ཏོ་བ་སོགས་ཀྱི་གདམས་པ་ལ་ཡང་རྨད་དུ་བྱུང་བའི་ཐུགས་ངེས་ཡོད་མོད་ཀྱི། འོན་ཀྱང་ལྷག་པར། བླ་མ་ལོཙྪ་བ་ཆེན་པོ་བློ་ལྡན་ཤེས་རབ་ཀྱིས་མཛད་པའི་བསྟན་རིམ་དང་། དེའི་སྲས་ཀྱི་ཐུ་བོ་དཔལ་ལྡན་གྲོ་ལུང་པས་མཛད་པའི་བསྟན་རིམ་ཆེན་མོ་སོགས་དང་། རང་ཉིད་ཀྱིས་དགོངས་པའི་ལམ་གྱི་རིམ་པ་རྣམས་མཐུན་ཤས་ཆེ་ཞིང་སྲོལ་ཕུལ་དུ་བྱུང་བར་གཟིགས་སོ། །

        དཔལ་ལྡན་ཨ་ཏི་ཤའི་གདམས་པ་དེ་ཡང་། གསུང་རབ་དང་དགོངས་འགྲེལ་གྱི་བསྟན་བཅོས་མན་ངག་མཐའ་དག་ལམ་གྱི་རིམ་པ་གཅིག་ཏུ་དྲིལ་ནས་སྟོན་པར་སྣང་བས། འཆད་ཤེས་པ་དང་ཉན་ཤེས་པ་གཉིས་ཀྱིས་བཤད་ཅིང་ཉམས་སུ་བླངས་ན་མན་ངག་ཆུང་ཆུང་དུ་མ་ཟད་གསུང་རབ་མཐའ་དག་གི་གུང་འགྲིག་ནས་འོང་བར་སྣང་བས། ལམ་ཐུན་མོང་བ་ལ་བློ་སྦྱོང་བ་ནས་འཁྲིད་དགོས་པའི་གདུལ་བྱ་རྣམས་ལ་ཁྲིད་ཀྱི་རྣམ་གྲངས་མང་པོ་སྟོན་པ་མ་བྱས་གསུང་ཞིང་། འདི་ཁོ་ནའི་སྟེང་ནས་གཙོ་བོར་འཁྲིད་པར་མཛད་དོ། །ཞེག་གསུངས་སོ། །

        ད་ནི་དཀྱུས་ལ་འཇུག་པར་བྱ་སྟེ། དེ་ནས་གཉལ་གྱི་བྲ་གོར་དགོན་དུ་བྱོན་ནས་མཁན་ཆེན་ཆོས་སྐྱབས་བཟང་པོ་ལ་འདུལ་མངོན་དབུ་མ་སོགས་ཀྱི་ལུང་དང་། བེ་བུམ་སྔོན་པོ་རྩ་འགྲེལ། སྤྱོད་འཇུག བློ་སྦྱོང་སོགས་མདོ་སྔགས་ཀྱི་གདམས་པ་མང་པོ་དང་། པོ་ཏོ་བ་ནས་ཤར་པ་ལ་བརྒྱུད་པ་དང་། པོ་ཏོ་བ་ནས་དོལ་བ་ལ་བརྒྱུད་པའི་བཀའ་གདམས་གཞུང་བའི་ལམ་ཁྲིད་རྫོགས་པར་གསན། དེའི་དབྱར་གཉལ་སྨད་གསལ་རྗེ་གངས་ཀྱི་ཡར་འདྲེན་དགོན་པར་རེ་ཞིག་བཞུགས། གཙུག་ཏོར་རྣམ་རྒྱལ་མའི་བསྟོད་པ་འཆི་མེད་གྲུབ་པ་ཞེས་བྱ་བ་མཛད། དེའི་ཚེ་འཇམ་པའི་དབྱངས་ཀྱིས་ད་ལྟ་མི་འགྱང་བར་རྒྱ་གར་གྱི་པཎྜི་ཏ་གཅིག་གི་གཞུང་ལ་བརྟེན་ནས་དབུ་མའི་ལྟ་བ་རྟོགས་པ་འོང་ཞེས་ལུང་བསྟན། རྗེ་འདིའི་ཆོས་ལ་སྙིང་ནས་དད་པས་འདི་ཕྱི་ཀུན་ཏུ་གདུལ་བྱར་འགྱུར་བར་འདོད་ནས་གསོལ་བ་འདེབས་མཁན་རིམ་གྱིས་བྱུང་བས་དཔོན་སློབ་སུམ་ཅུ་ལྷག་པར་གྱུར། འདིར་མཐུན་རྐྱེན་དཀོན་པར་བྱུང་བ་རྣམ་སྲས་ལ་གཏོར་མ་ཕུལ་བས་འཕྲལ་དུ་མཐུན་རྐྱེན་ཕུན་སུམ་ཚོགས་པ་ལྷག་དང་བཅས་པར་བྱུང་། འདིར་ཡང་རྣམ་སྲས་ཀྱི་ཞལ་གཟིགས་སོ། ། 

རྩོམ་སྒྲིག་པ། མང་ར་བ།
             གསལ་འདེབས། 
                      རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                      དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།