རྗེའི་རྣམ་ཐར་ཆེན་མོ་ལས་བྱམས་བསྟོད་ཚངས་པའི་ཅོད་པན་མཛད་པའི་སྐབས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-01 10:17:44     རྩོམ་པ་པོ།   ཆ་ཧར་དགེ་བཤེས།    ཀློག་ཐེངས།  

4175448ctad53fb6957f6&690.gif

        ཡང་རྗེ་རིན་པོ་ཆེས་དགོན་པ་བ་ནས་སྣེའུ་ཟུར་པ་ལ་བརྒྱུད་པའི་བཀའ་གདམས་ངག་པའི་ལམ་རིམ་དང་། སྤྱན་སྔ་པ་ནས་བྱ་ཡུལ་པ་ལ་བརྒྱུད་པའི་བཀའ་གདམས་གཞུང་པའི་ལམ་རིམ་སོགས་བཀའ་གདམས་ཀྱི་ཆོས་སྐོར་གསན་ནོ། །དེ་ལ་རྗེ་རིན་པོ་ཆེའི་གཟིགས་སྣང་ལ། གྲུབ་ཆེན་གྱི་དབུའི་སྟེང་དུ་ཤཱཀྱ་ཐུབ་པ། དཔུང་པ་གཡས་པར་ཕྱག་ན་རྡོ་རྗེ། གཡོན་དུ་གདུགས་དཀར་མོ་ཅན་བཞུགས་པ་གཟིགས། འདི་ནི་རྗེའི་འཕྲིན་ལས་བགེགས་མེད་པར་བཞེད་པ་བཞིན་འགྲུབ་པའི་རྟགས་ཡིན་གསུང་། །ཕྱིས་ཉིན་ཅིག་རྗེ་འདིས་གྲུབ་ཆེན་པ་ལ། བདག་གིས་ལྟ་བའི་སྐོར་གྱི་ཐེ་ཚོམ་སེལ་བ་སོགས་ཀྱི་ཆེད་དུ་རྒྱ་གར་དུ་འགྲོ་འདོད་ཡོད། དེ་ལ་བགེགས་མེད་པར་འགྲུབ་བམ་ཞེས་པ་ལ།

        གྲུབ་ཆེན་གྱིས་ཕྱག་ན་རྡོ་རྗེ་ལ་ཞུས་ནས་ལན་གསུང་བ་ནི། ལྟ་བའི་གནད་རྣམས་བདག་གིས་ཡི་དམ་ལ་ཞུ་ཡི། རྒྱ་གར་དུ་བྱོན་ན་ཤིང་གི་རི་ལ་མི་ཏྲ་ཛོ་ཀི་བཞུགས་པས་དེ་ལ་མཇལ་བ་སོགས་ངོ་མཚར་བ་འོང་ཞིང་། རིགས་གནས་བཅོ་བརྒྱད་ལ་མཁས་པའི་པཎྜི་ཏ་ཆེན་པོར་འགྱུར་ཏེ། རྡོ་རྗེ་གདན་གྱི་ཁྲིར་བཞུགས་པའི་མཁན་པོ་མཛད་པ་འོང་ནའང་། སྐུ་ཚེ་ཐུང་ཞིང་བོད་དུ་མི་འབྱོན་པར་འདུག ཁྱེད་ཀྱིས་འཁོར་འདི་རྣམས་ཀྱང་ཚོགས་ལམ་པ་དང་སྦྱོར་ལམ་པ་ཡིན་པར་འདུག་པས། ཡུལ་དེའི་ཚ་བ་མ་ཐེག་པར་ཚེ་ལ་གེགས་སུ་འགྱུར། དེ་བས་བོད་དུ་བཞུགས་ནས་འཇམ་པའི་དབྱངས་ལ་གསོལ་བ་བཏབ་ན་འཕྲལ་དུ་རྗེས་སུ་འཛིན་པ་འོང་ཞིང་བསྟན་པ་ལ་ཕན་ཐོགས་ཆེན་པོ་འབྱུང་ཞེས་གསུངས་བས། རྗེ་རང་ཡང་དེ་ལྟར་དུ་འགྱུར་བ་དགོངས་ནས་ཕེབས་པ་བཤོལ་ལོ། །

        དེའི་ཚེ་འཇམ་པའི་དབྱངས་ཀྱིས་རྗེ་འདི་ལ་རྫིང་ཕྱིའི་བྱམས་པ་ལ་རབ་བྱུང་གི་རྟགས་ཚད་མའི་འབུལ་བ་དང་། ཚངས་པའི་ཅོད་པན་ཞེས་བྱ་བའི་བསྟོད་པ་དོན་གྱི་རིམ་པ་འདི་ལྟ་བུ་ཞིག་བརྩམས་ནས་ཕུལ་ན་ཕྱིས་འདུལ་བའི་བསླབ་ཁྲིམས་རྣམ་པར་དག་པའི་སྒོ་ནས་བསྟན་པ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བའི་རྟེན་འབྲེལ་ཡོད་ཅེས་གསུང་བ་དང་། གྲུབ་ཆེན་པས་ཀྱང་དེ་ལྟར་དུ་བསྐུལ་བས། བྱམས་པ་མགོན་པོ་ལ་འགྲོ་བ་ཉམ་ཐག་པ་རྣམས་ལ་ཐུགས་རྗེ་བསྐུལ་བ་དང་སྦྲགས་པའི་བསྟོད་པ་ཚིག་སྦྱོར་ཡིད་འཕྲོག་ཅིང་དོན་རྨད་དུ་བྱུང་བ་ཚངས་པའི་ཅོད་པན་ཞེས་བྱ་བ་བརྩམས་ནས། ཆོས་གོས་རྣམ་གསུམ་ལྷུང་བཟེད་འཁར་གསིལ་གདིང་བ་ཆུ་ཚགས་སོགས་དང་། གཞན་ཡང་མཆོད་རྫས་དུ་མ། ཞལ་གསེར་བཅས་རྫིང་ཕྱིའི་བྱམས་མགོན་ལ་འབུལ་བ་ལ་བསྐུར། ཡང་གྲུབ་ཆེན་པས། རྗེ་རིན་པོ་ཆེ་དགུང་ལོ་བཞི་བཅུ་རྩ་ལྔ་ལ་སྐུ་ཚེའི་བར་ཆད་ཆེན་པོ་འོང་བ་མཁྱེན་ནས། དེ་སེལ་བའི་ཆེད་དུ་ཕྱག་རྡོར་འཁོར་ཆེན་གྱི་དབང་བསྐུར། འདིའི་བསྐྱེད་རྫོགས་ཀྱི་ཟབ་ཁྲིད་བདུད་རྩིའི་ཐིག་པ་ཞེས་བྱ་བའི་ལུང་ཁྲིད་རྣམས་ཕུལ། དེར་རྗེ་རིན་པོ་ཆེ་ལ་ཕྱག་རྡོར་འཁོར་ཆེན་དངོས་སུ་བྱོན་ནས་ཐིམ་པས་སྐུ་ཚེའི་བར་ཆད་བསལ་ལོ། །

        དེའི་ཚེ་རྗེ་འདི་ལ་གྲུབ་ཆེན་པས། ད་ལན་འདི་ནས་ཙ་རིར་འབྱོན་པ་དང་། གཉལ་སོགས་སུ་བྱོན་ན་བསྟན་འགྲོ་ལ་ཕན་པ་ཁྱད་པར་ཅན་འབྱུང་། ཕྱིས་རྒྱ་གར་གྱི་མཁས་གྲུབ་ཅིག་གི་སྐུའི་སྣང་བ་དང་། བརྩམས་པའི་བསྟན་བཅོས་ལ་བརྟེན་ནས་སྟོང་ཉིད་ཀྱི་རྟོགས་པ་དཔྱིས་ཕྱིན་པ་འོང་། རེ་ཞིག་བྱ་བྲལ་གྱིས་འཆད་ཉན་མཛད་ན་བསྟན་འགྲོར་ཕན་ཆེ་ཞེས་སོགས་ཞུས། གྲུབ་ཆེན་པས་རྗེ་འདིའི་སྐུ་བསོད་རྒྱས་པའི་ཆེད་དུ་རྣམ་སྲས་ལ་གཏོར་མ་ཕུལ་བས། དེའི་ནུབ་མོ་རྗེ་རིན་པོ་ཆེས་རྡོ་རྗེ་རྣམ་འཛོམས་ལ་རྣམ་སྲས་བཞིས་བསྐོར་བ་གཟིགས་ཤིང་། ཕྱག་རྡོར་གྱིས་དེའི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་གསུངས། གནས་དེར་ཟླ་བ་བདུན་བཞུགས།

        ཡང་འདིར་བཞུགས་པའི་སྐབས་ཤིག་ཕྱག་རྡོར་གྱི་བསྟོད་པ་ཡན་ལག་བདུན་པ་སྨོན་ལམ་དང་བཅས་པ་མཛད་དོ། ། དགུང་ལོ་སོ་དགུའི་ཤིང་ཕག་ལོའི་དཔྱིད་སླར་ལོག་ནས་གཉལ་ལོ་རོར་བྱོན། ལོ་རེ་སྟོང་སྟག་ཏུ་ཟླ་བ་ལྔ་ཙམ་བཞུགས། དེར་དགེ་བའི་བཤེས་གཉེན་ཆེན་པོ་བྲིན་ལས་པས་མཛད་པའི་བསྟན་རིམ་ཆེན་མོ་གདན་དྲངས་བྱུང་བ་ལ། བསུ་བ་མཛད། མཆོད་པ་ཕུལ། བྲིན་ལས་པ་འདི་ནི་ལོ་ཆེན་བློ་ལྡན་ཤེས་རབ་ཀྱི་སྲས་ཀྱི་ཐུ་བོ་གྲོ་ལུང་བ་ཞེས་གྲགས་པ་དེའོ། །བསྟན་བཅོས་དེ་ལ་ཞིབ་ཏུ་གཟིགས་པས་རྒྱལ་བའི་གསུང་རབ་མདོ་སྔགས་ཐམས་ཅད་ཀྱི་གནད་གང་ཟག་གཅིག་འཚང་རྒྱ་བའི་ལམ་དུ་དྲིལ་ནས་ཉམས་སུ་ལེན་ཚུལ། ལམ་གྱི་ངོ་བོ། གྲངས་ངེས། གོ་རིམ་རྣམས་ཀླུ་སྒྲུབ་ཐོགས་མེད་གཉིས་ལས་བརྒྱུད་པའི་གདམས་ངག་ཡིན་པར་ཐུགས་ངེས་འཁྲུངས། སློབ་མ་རྣམས་ལ་བསྟན་རིམ་ཚར་གཅིག་གསུང་། 

རྩོམ་སྒྲིག་པ། མང་ར་བ།
              གསལ་འདེབས། 
                      རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                      དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།