རྗེའི་རྣམ་ཐར་ཆེན་མོ་ལས་ལྷོ་བྲག་གྲུབ་ཆེན་དང་མཇལ་བའི་སྐབས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-01 10:09:27     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        སྐབས་འདིར་རྗེ་རིན་པོ་ཆེས་ད་ལྟ་བོད་དུ་ཡོད་པའི་བཀའ་བསྟན་བཅོས་མན་ངག་རྣམས་ལས་མ་ཐོབ་པ་རྣམས་ཉན་ཚར་ནས། ཟབ་མོ་ལྟ་བའི་སྐོར་ལ་སྒྲོ་འདོགས་གཅོད་པ་དང་། དབུ་མ་དང་སྔགས་ཀྱི་སྐོར། བྱེ་བྲག་ཏུ་གསང་འདུས་དང་བདེ་མཆོག་གི་སྐོར་རྣམས་གཏན་ལ་འབེབས་པའི་ཆེད་དུ་རྒྱ་གར་དུ་བྱོན་ནས་ཨོ་ཏནྟ་པཱུ་རི་དང་ན་ལེནྡྲ་སོགས་སུ་ཕྱིན་ཏེ་སློབ་དཔོན་ཀླུ་བྱང་སོགས་ལ་གཏུགས་པར་དགོངས་ཏེ། དཔོན་སློབ་བཅུ་གསུམ་གྱིས་རྟགས་དང་རྨི་ལམ་སོགས་ལ་དཔྱད་ནས་སྨོན་ལམ་དང་རྟེན་འབྲེལ་གཅིག་ཏུ་བསྒྲིགས་ནས་གཉལ་ནས་ལྷོ་བྲག་ལ་ལམ་བཏོད། རྒྱ་གར་ཤིང་གི་རི་ནས་ལམ་བྱས། གྲུབ་ཐོབ་མི་ཏྲ་ཛོ་ཀི་དང་མཇལ།

        དེ་ནས་མ་ག་ངྷར་འབྱོན་དགོངས་ཏེ། དགོས་དོན་འགའ་ཞིག་དྲི་བའི་ཆེད་དུ་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་པ་འཕྲིན་ཡིག་ཕུལ། དེའི་ཚེ་ཕྱག་ན་རྡོ་རྗེས་གྲུབ་ཆེན་ལ། བྱམས་མགོན་གྱི་སྤྲུལ་པ་ཅིག་གི་གསུང་ཤོག་མི་བཞིས་ཁྱེར་འོང་གིན་ཡོད་ཅེས་གསུངས། དེའི་སང་ཉིན་རྗེ་རིན་པོ་ཆེའི་གསུང་ཡིག་སླེབས། ཡང་མཁའ་འགྲོ་མ་དཀར་མོ་ཅིག་གིས། བྱམས་པས་བྱིན་གྱིས་བརླབས་པའི་གང་ཟག་འཇམ་དབྱངས་དང་གཉིས་སུ་མེད་པ། ལྷ་མོ་དབྱངས་ཅན་མས་རིག་པ་སྟེར་བར་བྱེད་པ་ཕུན་སུམ་ཚོགས་པ་ཞིག་དང་སྐྱེ་བ་བཅོ་ལྔའི་གོང་ནས་འབྲེལ་བ་ཡོད་ཅིང་། ཕན་ཚུན་དཔོན་སློབ་ཏུ་འབྲེལ་བ་འོང་བ་ཡོད་པས་ཁོང་སྤྱན་དྲངས་ནས། དེ་ལ་ཆོས་བཀའ་ལ་སྲིས་མ་འཇུག་པར་བྱིན། ཕར་ཡང་ཆོས་ཞེས་ཟེར་བ་ཞིག་བྱུང་། དེ་ནས་གྲུབ་ཆེན་གྱིས་རྗེ་ལ་ཞུས་པ་ནི། འདིར་ཅིག་ཅི་ནས་ཕྱགས་ཕེབས་པར་ཞུ། བཀའ་འདྲི་ཞུ་བའི་འདོད་པའང་ཡོད། སྐུ་ཚེ་བསྲིང་བའི་རྟེན་འབྲེལ་བསྒྲིག་པ་སོགས་ཀྱི་སྙན་བསྩལ་འདྲ་ཡང་འབུལ་བ་ལགས། ཅེས་པའི་གསུང་ཡིག་ནན་ཆེ་བ་ཕུལ། དེ་ནས་རྗེ་རིན་པོ་ཆེས་ལྷོ་བྲག་བྲ་བོ་དགོན་པར་བྱོན།

        སྐབས་དེར་ཐོ་རངས་ཤིག་གྲུབ་ཆེན་ལ། མགོན་པོ་བྱམས་པ་བྱོན་གྱིན་ཡོད་ཅེས་པའི་སྐད་ལྷང་བ་ཞིག་བྱུང་། དེའི་ཚེ་རྗེ་རིན་པོ་ཆེས་རྒྱ་མོ་རི་ཞེས་པའི་ལོགས་སུ་སླེབས་པའི་སྐབས་སུ་འདུག ཉིན་དེ་ནི་ཟླ་བ་དྲུག་པའི་ཚེས་བཞི་བཅོམ་ལྡན་འདས་ཀྱིས་ཆོས་འཁོར་བསྐོར་བའི་དུས་ཆེན་ཡིན་པར་འདུག དེར་གྲུབ་ཆེན་པས་བསུ་བ་ལ་བྱོན་ནས། རྗེ་ཙོང་ཁ་པ་འོད་ཀྱི་དྲ་བས་ཤིན་ཏུ་མཛེས་པའི་འཇམ་པའི་དབྱངས་ཀྱི་སྐུར་མཐོང་། རྗེ་འདིས་གྲུབ་ཆེན་པ་ཕྱག་ན་རྡོ་རྗེ་དངོས་སུ་གཟིགས་ཤིང་། དེའི་ལྟོ་བ་ཆེ་བ། བཻ་ཊཱུརྱ་ལྟར་དྭངས་པ། སྦྲུལ་སྔོ་ཁྲས་བརྒྱན་པར་གཟིགས། འདི་ནི་རྗེ་རིན་པོ་ཆེའི་གདུལ་བྱ་འཕྲིན་ལས་སྔར་ལས་ཆེས་ཆེར་རྒྱས་པའི་རྟགས་ཡིན་གསུང་། དེའི་ཚེ་འཇའ་འོད་ཀྱི་གུར་ཕུབ་ཅིང་མེ་ཏོག་གི་ཆར་བབས་སོ། །

        དེ་ནས་ལྷན་དུ་བྱོན་ནས་ལྷ་ཁང་དུ་ཕེབས། ལོ་འདི་ནི་གྲུབ་ཆེན་པ་དགུང་ལོ་བདུན་བཅུ་བཞེས་པ། རྗེའི་སོ་བརྒྱད་པ་ཁྱི་ལོ་ཡིན། དེའི་ནུབ་མོ་རྗེ་རིན་པོ་ཆེས་གྲུབ་ཆེན་པ་ལ་བླ་མའི་རྣལ་འབྱོར་ཞུས་པས། ཕྱག་ན་རྡོ་རྗེ་དངོས་སུ་བྱོན་ནས་རྗེ་རིན་པོ་ཆེ་ལ་ཐིམ་པ་བྱུང་། ཚེས་བཅོ་ལྔའི་ཐོ་རངས་གྲུབ་ཆེན་པ་ལ་ཕྱག་རྡོར་གྱིས་བྱམས་པ་ལ་བསླབ་བཏུས་ཞུས་གསུང་པས། གྲུབ་ཆེན་པས་རྗེ་རིན་པོ་ཆེ་ལ་བསླབ་བཏུས་གསུང་བར་ཞུས་པ་ན། རྗེས་ཡི་དམ་གྱིས་གསུང་ངམ་ཞེས་དྲིས། གསུང་ལགས་ཞུས་པས། གྲུབ་ཆེན་གྱིས་གཙོ་མཛད་པའི་ལྷོ་བྲག་གི་དགེ་འདུན་རྣམས་ལ་བསླབ་བཏུས་སོགས་གསུངས།

        དེའི་ཚེ་གྲུབ་ཆེན་གྱི་གཟིགས་སྣང་ལ། རྗེ་རིན་པོ་ཆེའི་དབུའི་སྟེང་དུ་རྗེ་བཙུན་བྱམས་པ། དཔུང་བ་གཡས་ན་འཇམ་དབྱངས་དཀར་པོ། གཡོན་ན་ལྷ་མོ་དབྱངས་ཅན་མ་བཞུགས་པ་དང་། མགོན་པོ་ཕྱག་བཞི་པ་དང་ཕྱག་དྲུག་པ་སོགས་མཁའ་འགྲོ་ཆོས་སྐྱོང་བསམ་གྱིས་མི་ཁྱབ་པས་བསྐོར་བ་དང་། དཀར་ཕྱོགས་ལ་དགའ་བའི་ལྷ་འདྲེ་དང་མི་མ་ཡིན་གྱི་ཚོགས་མང་པོ་ཆོས་ཉན་ཞིང་འདུག་པ་གཟིགས། ཡང་གྲུབ་ཆེན་པས་སོ་སོར་འབྲང་མའི་དབང་རྗེས་གནང་དང་སེམས་བསྐྱེད་ཀྱང་ཞུས་སོ། །

        རྗེ་རིན་པོ་ཆེས་གྲུབ་ཆེན་པ་ལ་ཕྱག་ན་རྡོ་རྗེས་གསུངས་པའི་གསང་བ་བསམ་གྱིས་མི་ཁྱབ་པའི་ཁྲིད་ལུང་རྗེས་གནང་། ཕྱག་རྡོར་སྐུ་ལྔའི་རྗེས་གནང་། ཞུ་ལན་རྡོ་རྗེའི་ཕྲེང་བ། ཞུ་ལན་གཅེས་ཕྲེང་གི་ལུང་རྗེས་གནང་། ཕྱག་རྡོར་ཁྱུང་ལྔའི་དབང་དང་རྗེས་གནང་། དྲེགས་པ་ཀུན་འདུལ་གྱི་དབང་། རྟ་མགྲིན་དཔའ་གཅིག་ཞལ་གསུམ་ཕྱག་དྲུག་པའི་རྗེས་གནང་སོགས་ཕྱག་ན་རྡོ་རྗེའི་སྒྲུབ་སྐོར་དང་། དེའི་རྫོགས་རིམ་གྱི་ཉམས་ཁྲིད་སོགས་ཞུས། དེ་ལ་དབང་རྗེས་གནང་གི་བྱ་བ་རྣམས་མཁའ་འགྲོ་མས་མཛད་པ་དང་། རྗེ་ལ་བདུད་རྩི་ཀ་པཱ་ལ་གང་ཕུལ་བས་བདུད་རྩིའི་ཝུ་བའི་ནང་དུ་འཇམ་པའི་དབྱངས། ཛཾ་བྷ་ལ། རྣམ་སྲས་རྣམས་བཞུགས་པར་གཟིགས་པ་སོགས་རྟགས་ངོ་མཚར་ཅན་མང་དུ་བྱུང་བ་རྣམས་ནི་བཤད་ཀྱིས་མི་ལང་བའོ། ། 

                                                  རྩོམ་སྒྲིག་པ། མང་ར་བ།
       གསལ་འདེབས། 
            རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
            དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།