རྗེའི་རྣམ་ཐར་ཆེན་མོ་ལས་རྗེ་བཙུན་གྱི་བཀའ་བཞིན་བྱམས་བསྟོད་དང་བདེ་སྨོན་མཛད་པའི་སྐབས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-01 09:59:27     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        དེ་ལྟར་ལེགས་པར་གྲུབ་ནས་འཇམ་དཔལ་གསང་ལྡན་གྱི་དཀྱིལ་འཁོར་བཞེངས་ཏེ། རྗེ་ཉིད་སློབ་མར་བཅས་པས་རབ་གནས་རྒྱས་པར་མཛད། དེའི་ཚེ་སྐལ་ལྡན་གྱི་སློབ་མ་བཅུ་ལྷག་ལ་གསང་ལྡན་གྱི་དབང་ཡང་གནང་། རབ་སྟོན་གྱི་སྐབས་སུ་མདོ་སྨད་ཀྱི་བླ་མ་ཕན་ཚུན་གྱི་གདན་སར་བཞུགས་པ་སོགས་ཀྱིས་གོས་དར་སོགས་མང་དུ་ཕུལ་བས། རྟེན་འབུར་དུ་དོད་པ་རྣམས་ལ་ན་བཟའ་དང་། ལོགས་བྲིས་རྣམས་ལ་ཞལ་ཁེབས་སོགས་ལེགས་པར་བསྒྲུབས། རབ་གནས་དངོས་གཞིའི་ཉིན་ཐུགས་དམ་ནར་མར་མཛད་པ་དང་། བྱ་བྱེད་དང་དུས་ཚོད་འཛིན་པ་རྣམས་ཀྱིས་ཐུགས་དམ་དང་བྱ་བ་སོགས་ཆེས་སྔར་བྲིན་པ་བྱུང་བས་འདི་ཅི་ཡིན་སྙམ་དུ་གྲིབ་ཚོད་འཇལ་བའི་ཤིང་བཙུགས་ཏེ་བརྟགས་པས་དེ་ཉི་མ་ཚད་ལས་ཆེས་རིང་དུ་གྱུར་པར་འདུག་ཅེས་མང་པོས་གླེང་ངོ་། །

        གཞན་ཡང་འགའ་ཞིག་གི་རྨི་ལམ་དུ་མཁའ་འགྲོས་རི་མོ་འབྲི་བ་རྨིས་པ་དང་། ལྷོ་བྲག་གྲུབ་ཆེན་ཕྱག་རྡོར་པས་སངས་རྒྱས་རབས་བདུན་དང་སངས་རྒྱས་སོ་ལྔ་ནམ་མཁའ་ལ་བྱང་ཕྱོགས་སུ་འབྱོན་པ་གཟིགས་ནས། ཁྱེད་གང་དུ་འབྱོན་ཞུས་པས། ལྷ་རྣམས་ཀྱིས། རྫིང་ཕྱིའི་རབ་གནས་ལ་སྤྱན་འདྲེན་ཅིང་འདུག་པས་དེར་འགྲོ་ཞེས་གསུང་བར་འདུག གྲུབ་ཆེན་གྱིས་ལྷ་གཟིགས་པའི་ཉིན་དང་རབ་གནས་ཀྱི་ཉིན་གཉིས་ཕྱིས་བརྩིས་པས་མཐུན་པར་བྱུང་། དེས་ན་རྟེན་འདི་རྣམས་ལ་ཕྱག་མཆོད་སོགས་བྱེད་ན་སངས་རྒྱས་དངོས་ལ་བྱས་པ་དང་ཁྱད་པར་མེད་པའི་ཕན་ཡོན་ཡོད་པར་གསུངས། རྗེ་རིན་པོ་ཆེས་བསྟན་འགྲོའི་དོན་མཛད་པའི་མཛད་འཕྲིན་རྣམས་ཀྱི་ནང་ནས་ཕུལ་དུ་བྱུང་བའི་མཛད་ཆེན་པ་ཡིན་ཞེས་གྲགས་ཤིང་། དེ་བཞིའི་གཅིག་ནི་འདི་ཡིན་ཞེས་བླ་མ་བྱ་ཁྱུང་པས་མཛད་པའི་རྣམ་ཐར་སོགས་ལས་གསུངས་འདུག་གོ

        གཙུག་ལག་ཁང་འདིའི་མཆོད་པ་དང་འདུས་སྡེ་སོགས་ཀྱི་རྒྱུན་ནི་དེང་སང་གི་བར་དུ་ཡང་ཡོད། སྐབས་འདིར་སློབ་མ་གཅིག་བྱུང་བས་དཔོན་སློབ་བཅུ་གསུམ་དུ་གྱུར། སྐབས་འདིར་འཇམ་པའི་དབྱངས་ཀྱིས་རྗེ་བཙུན་བྱམས་མགོན་གྱི་བསྟོད་པ་རིན་པོ་ཆེ་གསལ་བའི་སྒྲོན་མེ་ཞེས་བྱ་བ་བྱམས་མགོན་ལ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་འོད་ཟེར་ཆེན་པོའི་དབང་སྐུར་ཚུལ་ལ་གཞིར་བྱས་པ་ཅིག་རྩོམས་ཞེས་པ་དང་། ཡང་བདེ་བ་ཅན་གྱི་ཞིང་བཀོད་དང་། དེར་སྐྱེ་བའི་སྨོན་ལམ་ཞིང་མཆོག་སྒོ་འབྱེད་ཅེས་བྱ་བ་དང་། རང་ཉིད་མ་འོངས་པ་ན་སྤྲུལ་སྐུར་འཚང་རྒྱ་བའི་ཞིང་གཟུང་བའི་སྨོན་ལམ་བཅས་རྩོམས་ཤིག་ཅེས་དོན་གྱིས་ངོ་བོ་དང་གོ་རིམ་རྣམས་གསུངས་པས། རྗེ་རིན་པོ་ཆེས་རྗེ་བཙུན་གྱི་བཀའ་བཞིན་འདིར་སྨོན་ལམ་གཉིས་མཛད།

རྩོམ་སྒྲིག་པ། མང་ར་བ།
         གསལ་འདེབས། 
                    རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།