རྗེའི་རྣམ་ཐར་ཆེན་མོ་ལས་རྫིང་ཕྱིའི་བྱམས་པ་ཞིག་གསོ་མཛད་པའི་སྐབས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-01 09:49:55     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        དགུང་ལོ་སོ་བརྒྱད་པའི་ཤིང་ཁྱི་ལོའི་དཔྱིད་རྒྱ་སོག་ཕུའི་གནས་དེར་ཆོ་འཕྲུལ་གྱི་མཆོད་པ་ཞག་བཅོ་ལྔའི་རིང་རྒྱ་ཆེན་མཛད། ཕྱོགས་བཅུའི་སྐྱབས་གནས་རྣམས་སྤྱན་འདྲེན་པའི་དམིགས་པ་མཛད་པའི་ཚེ། ཤར་ཕྱོགས་ཀྱི་སངས་རྒྱས་བྱང་སེམས་རྣམས་སྐུ་མདོག་དཀར་པོ་རྣམ་སྣང་གི་རྣམ་པར་བྱོན་པ་གཟིགས། དེ་བཞིན་དུ་ལྷོ་ཕྱོགས་པ་རྣམས་རིན་འབྱུང་སེར་པོ། ནུབ་ཕྱོགས་པ་རྣམས་འོད་དཔག་མེད་དམར་པོ། བྱང་ཕྱོགས་པ་རྣམས་དོན་གྲུབ་ལྗང་ཁུ། དབུས་ཕྱོགས་པ་རྣམས་མི་བསྐྱོད་པ་སྔོན་པོའི་རྣམ་པར་བྱོན་ནས། ནམ་མཁའི་ཁམས་ཐམས་ཅད་བར་མཚམས་མེད་པར་གང་སྟེ་བཞུགས་པ་གཟིགས། དེ་རྣམས་ལ་དངོས་བཤམས་ཡིད་སྤྲུལ་གྱི་མཆོད་པ་དཔག་ཏུ་མེད་པས་མཆོད་ཅིང་། གསོལ་འདེབས་སྨོན་ལམ་སོགས་རྒྱ་ཆེར་མཛད།

        མཆོད་ཡུལ་དེ་ཐམས་ཅད་ཞག་བཅོ་ལྔའི་རིང་ཉིན་མཚན་རྒྱུན་དུ་གཟིགས་ཤིང་། དེ་རྣམས་ཀྱིས་ཀྱང་རྗེའི་སྐུ་ལ་བདུད་རྩི་འོད་ཟེར་འབེབས་པ་སོགས་བྱིན་གྱིས་བརླབས་པའི་མཚན་མ་དཔག་ཏུ་མང་བ་བྱུང་། འགྲོ་བ་མང་པོ་ཡང་ཕན་བདེ་ལ་བཀོད་པར་མཛད། དེ་ནས་རྗེ་བཙུན་གྱིས་རྫིང་ཕྱིའི་ལྷ་ཁང་ཞིག་གསོས་ཀྱིས་གསུང་བས། འོལ་ཁའི་ཕྱོགས་སུ་བྱོན་ནས་རྫིང་ཕྱིར་ཕེབས། དེ་ཡང་རྫིང་ཕྱིའི་གཙུག་ལག་ཁང་འདི་ན་སྔོན་དུས་གར་མི་ཡོན་ཏན་གཡུང་དྲུང་ཞེས་པའི་བླ་མས་བཞེངས་པ། རྟེན་གྱི་གཙོ་བོ་བྱམས་པའི་སྐུ་ནི་མི་ཚད་ལས་ལྷག་ཙམ་མི་འདྲ་ལས་གྲུབ་པ། བྱིན་རླབས་ཤིན་ཏུ་ཆེ་བ་ཕུལ་དུ་བྱུང་བ་ཞིག་ཡིན་ནའང་། ལོ་མང་དུ་སོང་ཞིང་མཆོད་མཁན་མེད་པས་ལྷའི་རི་མོ་རྣམས་ཀྱང་རྙིངས་ཤིང་མི་མངོན་པར་གྱུར་པ་དང་། བྱམས་པའི་སྐུ་ཡང་རྡུལ་ཁྲོད་དུ་འོ་བརྒྱལ་བ་དང་། བྱ་བྲལ་སོགས་ཀྱི་མི་གཙང་བས་གོས་པ་ཞིབ་ཏུ་གཟིགས་པས་ཐུགས་མ་བཟོད་ནས་སྤྱན་ཆབ་བྱུང་ཞིང་། ད་འདི་ཅིས་ཀྱང་གསོ་བར་བྱ་སྙམ་དུ་དགོངས་ནས། འོལ་ཁའི་དཔོན་སྟག་རྩེ་པ་ལ་བཀའ་གནང་བས། དཔོན་དེས་ལྷ་ཁང་གི་རྩིག་པ་དང་ཐོག་དང་ཞལ་ལ་སོགས་འཆོས་དགོས་རྣམས་ལེགས་པར་བསྒྲུབས།

        དེ་ནས་ནང་གི་རི་མོ་རྣམས་དཔོན་སློབ་རང་གིས་གསོ་བར་བཞེད་ནས། དཔོན་སློབ་བཅུ་གཉིས་ཀྱིས་འཚོང་དུ་མི་རུང་བ་ཕྱག་དཔེ་ལྟ་བུ་ལས་གཞན་གཏོར་སྣོད་སོགས་རྫས་ཅི་ཡོད་ལ་རིན་བཏབ་པས་ཞོ་བཅུ་གཉིས་ཙམ་དུ་གྱུར། ཇི་ལྟར་མཛད་ཀྱི་རྔོ་མི་ཐོགས་པས་རྣམ་སྲས་ལ་འཕྲིན་ལས་བཅོལ་བའི་འཛིན་གཏོར་འབུལ་གྲོང་དགོངས་པ་ལ། གཏོར་མ་བཟོ་བའི་མར་མེད་ཅིང་། དེ་མ་ཐག་བཙུན་པ་ཅིག་གིས་མར་གྲོད་པུ་གང་ཁྱེར་ནས་ཕུལ། མར་དེས་གཏོར་མ་ཕུལ་ནས་འཕྲིན་བཅོལ་མཛད་པས། དེའི་སང་ཉིན་འབྲོག་གི་མི་འགས་མར་དང་ཐུད་སོགས་གླང་ལ་བཀལ་བྱུང་སྟེ་ཕུལ། དེ་ནས་རིམ་གྱིས་འབུལ་བ་མང་དུ་བྱུང་བས་ཡོ་བྱད་ཀྱིས་ཐོགས་པར་མ་གྱུར། འདི་ལྟར་མཁོ་རྒྱུ་ངང་གིས་འབྱུང་བ་ནི་སྐབས་འདིར་མ་ཟད། ཆོས་ལྡན་གྱི་དགོས་པ་གཟིགས་པའི་སྐབས་རྣམས་སུ། རྣམ་སྲས་ལ་མར་གྱི་གཏོར་མ་ཕུལ་ནས་འཕྲིན་ལས་བཅོལ་བས་ཡོ་བྱད་གློ་བུར་དུ་བྱུང་བ་མང་དུ་ཡོད། དེ་རྗེས་ཡར་ལུང་གི་ཕྱོགས་ནས་ཀྱང་ལྷ་བཟོ་བ་མང་པོ་ཚོན་རྩི་ཁྱེར་ནས་རི་མོས་དགེ་བ་བྱེད་པར་འོངས།

        དེའི་ཚེ་རྗེ་རིན་པོ་ཆེས་ལྷ་བཟོ་བ་རྣམས་ལ་དགེ་བའི་ཕན་ཡོན་སོགས་གསུངས་ནས། བསྙེན་གནས་དང་གསོ་སྦྱོང་གི་སྡོམ་པ་གནང་སྟེ་ལྷ་རྣམས་འདིར་བཅུག འོག་གི་ལས་བྱེད་རྣམས་ཀྱང་ཐ་མལ་བའི་ཚིག་སྨྲ་བ་སྤངས་ནས་ཕལ་ཆེར་ལ་སྨོན་ལམ་སོགས་འདོན་བཞིན་ལས་བསྒྲུབས་པར་བྱས། དེ་ལ་ཐོག་མར་རྗེ་བཙུན་འཇམ་དབྱངས་ཀྱི་ཞིང་བཀོད་སྣག་ཚས་བྲིས་ནས་ཚོན་གདབ་པའི་གོང་དུ་རབ་གནས་མཛད་པས། འཇམ་དབྱངས་དངོས་སུ་བྱོན་ནས་ཐིམ་པ་གཟིགས། དེའི་སྲོད་ལ་ཀོང་བུ་ཆུང་ངུ་གཅིག་ལ་མར་མེ་ཕུལ་བས། དེའི་སང་ཉིན་ཕྱེད་ཀྱི་བར་མ་ཟད་པར་བཟུང་། དེ་ནས་རིམ་གྱིས་ལྷ་གཞན་རྣམས་ཀྱི་ཞིང་བཀོད་བྲིས་པ་ལ་རབ་གནས་ཀྱི་ཚེ་རང་རང་གི་ཡེ་ཤེས་པ་མ་ཐིམ་པ་མེད་ཅིང་། ཕུལ་བའི་མར་མེ་རྣམས་ཀྱང་ཞག་འགའི་བར་གནས་པ་མང་ངོ་། །

        སངས་རྒྱས་སོ་ལྔའི་སྐུ་འབྲི་བ་ལ་གཞུང་ཆེན་མོ་རྣམས་སུ་མི་གསལ་བས། ལྷ་བཟོ་བ་དག་གིས་ཇི་ལྟར་འབྲི་བ་མ་ཤེས་ནས་རྗེ་ལ་གསོལ་བས། རྗེས་གསོལ་བ་བཏབ་སྟེ་སངས་རྒྱས་སོ་ལྔའི་སྐུ་གསལ་བར་གཟིགས་ནས་སྐུ་མདོག་ཕྱག་མཚན་འདི་དང་འདི་ལྟར་བྲིས་ཞེས་འདྲིར་བཅུག དེ་ཡང་སྟོན་པ་བཅོམ་ལྡན་འདས་ཀྱི་གཡས་གཡོན་དུ་ལྷའི་བུ་གཉིས་དང་། འོག་ཏུ་ལྷ་བཞི། དེའི་གཡས་གཡོན་དུ་ཀླུ་ཆེན་བརྒྱད་ཀྱིས་མཆོད་ཅིང་ཡོད་པ་གཟིགས། གཟིགས་ཚུལ་འདི་རྣམས་གནས་བརྟན་བཟང་སྐྱོང་བས་ཡི་གེར་བཀོད་པ་ཡོད་དོ། །རྟེན་གྱི་གཙོ་བོ་བྱམས་པའི་སྐུ་ལ་རྡུལ་དང་དྲི་མས་གོས་པ་རྣམས་ལེགས་པར་ཕྱིས་ཏེ་གསེར་གསོལ་བ་སོགས་ཀྱིས་གསར་དུ་བཞེངས་པ་ལྟར་མཛད་དོ། ། 

རྩོམ་སྒྲིག་པ། མང་ར་བ།
             གསལ་འདེབས། 
                    རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།