རྗེའི་རྣམ་ཐར་ཆེན་མོ་ལས་དབེན་པ་བསྟེན་སྟེ་བསག་སྦྱང་མཛད་པའི་སྐབས་བཞི་བ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-01 09:40:37     རྩོམ་པ་པོ།   ཆ་ཧར་དགེ་བཤེས།    ཀློག་ཐེངས།  

4175448ctad53fb6957f6&690.gif

        ཡང་ཉིན་གཅིག་སྔར་དང་འདྲ་བའི་རྗེ་བཙུན་འཇམ་པའི་དབྱངས་ལ་སངས་རྒྱས་བྱང་སེམས་པཎ་གྲུབ་མང་པོས་བསྐོར་བ་གཟིགས། འཇམ་དབྱངས་ཀྱི་ཐུགས་ཀ་ནས་རལ་གྲི་ཅིག་བྱུང་སྟེ། ཡུ་བ་འཇམ་དབྱངས་ཀྱི་ཐུགས་ཀར་ཟུག རྩེ་མོ་རྗེའི་ཐུགས་ཀར་ཟུག་པའི་སྟེང་ནས་སྦྲང་རྩི་དངུལ་ཆུ་དང་སྦྱར་བ་ལྟ་བུ་ཤིན་ཏུ་དྭངས་ཤིང་སྣུམ་པའི་བདུད་རྩིའི་རྒྱུན་ཁ་དོག་དཀར་སེར་རྗེ་བཙུན་གྱི་ཐུགས་ཀ་ནས་བྱུང་སྟེ་རྗེའི་ཐུགས་ཀར་ཞུགས་པ་དངོས་སུ་གཟིགས། རྗེའི་སྐུའི་ནང་ཐམས་ཅད་བདུད་རྩིས་གང་། བརྗོད་པར་མི་ནུས་པ་འདྲ་བའི་བདེ་བ་ཆེན་པོ་དཔག་ཏུ་མེད་པ་འཁྲུངས། དེའི་ཚེ་རྗེའི་འཁོར་དུ་ངོ་མཁྱེན་པ་དང་མི་མཁྱེན་པའི་སྐྱེ་བོ་མང་པོ་བདུད་རྩི་འདོད་ནས་ཁ་གདངས་ཏེ་གནས་པ་ལས་མང་པོ་ཞིག་གི་ཁར་བདུད་རྩི་མང་དུ་སོང་བས་ཚིམ་པར་ཐོབ། དེ་ལས་གཞན་རྣམས་ཀྱི་ཁར་གང་འཚམ་འགྲོ་བ་དང་། འགའ་ཞིག་གི་ཁར་ཅུང་ཟད་ཀྱང་མི་འགྲོ་བ་གཟིགས།

        དེར་རྗེ་འདིས། རྗེ་བཙུན་ལ་བསྟོད་ཅིང་གསོལ་བ་བཏབ་སྟེ་གཟིགས་སྣང་ཁྱད་པར་བ་བྱུང་བ་རྣམས་བརྡ་ཙམ་དུ་ཚིགས་སུ་བཅད་པ་ནི། རྗེ་བཙུན་མཁྱེན་པའི་གཏེར་ལ་ཕྱག་འཚལ་ལོ། །ཚོགས་གཉིས་བསགས་པའི་མཐུ་ལས་བྱུང་བའི་སྐུ་མཆོག་ཁྱོད། །ཐུགས་རྗེ་མཉེས་པའི་སྤྱན་གྱིས་ཕྱོགས་བཅུར་ཀུན་ནས་གཟིགས། །སྲིད་པའི་རྟེན་གཞི་རྨོངས་རྣམས་རྩད་ནས་དྲུངས་ཕྱུང་སྟེ། །ཐར་བའི་སྲོག་ཤིང་ཤེས་རབ་ཆེན་པོ་འགྲོ་ལ་སྩོལ། །ཀ་ཏ་ར་ཡི་གྲོང་ཁྱེར་དུ། །སྐྱེད་མོས་ཚལ་གྱི་མེ་ཏོག་རྒྱས། བུང་བ་མང་པོ་རོ་ལ་རོལ། །བདུད་རྩི་མཆོག་ཀྱང་འཐུང་བར་སྣང་། །ཞེས་པའོ། །

        ཤོ་ལོ་ཀ་འདིའི་དཀའ་གནས་ཅུང་ཟད་ཕྱེ་ན། ཀ་ཏ་ར་ཞེས་པའི་ཀ་ནི་ཀ་ལ་ཞེས་པའི་མིང་ཡིག་དང་པོའོ། །ཏ་ནི་ཙིཏྟའི་མིང་ཡིག་ཐ་མའོ། །ར་ནི་རལ་གྲིའི་མིང་ཡིག་དང་པོའོ། །གྲོང་ཁྱེར་ནི་རྗེའི་སྐུའོ། །མེ་ཏོག་ནི་བདེ་བ་ཆེན་པོའི་ཡེ་ཤེས་སོ། །གཞན་ནི་གོ་སླ་ཞིང་། རྐང་པ་དང་པོ་གཉིས་ཀྱི་དོན་བསྡུ་ན། ཐུགས་ཀ་ནས་བྱུང་བའི་རལ་གྲིའི་བདུད་རྩིས་སྐུ་ལ་བདེ་བ་ཆེན་པོ་རྒྱས་ཞེས་པའི་དོན་ནོ། །དེ་ཡང་རྗེའི་སྐུ་བདུད་རྩིས་གང་། །བདེ་བ་ཆེན་པོ་མྱངས་པ་ནི་རྗེ་བཙུན་གྱིས་རང་གི་ཐུགས་ལ་མངའ་བའི་ལུང་རྟོགས་ཀྱི་ཡོན་ཏན་མཐའ་དག་འབྱོ་བ་དང་འདྲ་བའི་བྱིན་གྱིས་བརླབ་ཚུལ་ཁྱད་པར་ཅན་ཡིན་ནོ། །དེས་ན་རྗེའི་གྲུབ་མཐའ་ནི་རྗེ་བཙུན་གྱི་གྲུབ་མཐའ་ཡིན་ཞིང་། བརྩམས་པའི་ཆོས་ཀུན་ཀྱང་རྗེ་བཙུན་གྱི་ཆོས་ཡིན་ནོ། །

        རྟོགས་བརྗོད་ལས། ཚུལ་འདི་བསམས་ཤིང་འདུན་མ་ལེགས་ནས་གདའ། །བཀའ་དྲིན་ཆེའོ་རྗེ་བཙུན་མཁྱེན་པའི་གཏེར། །ཞེས་ཡང་ཡང་གསུངས་པ་ཡང་འདི་འདྲ་བ་ལ་དགོངས་པ་ཡིན་ནོ། །གོང་གི་འཁོར་དུ་གྱུར་པ་དག་ལས་བདུད་རྩི་ཚིམ་པར་ཐོབ་པ་ནི་རྗེའི་བསྟན་པ་འདི་ལ་ཞུགས་ནས་མདོ་སྔགས་ཟུང་འབྲེལ་གྱི་ལམ་ཚུལ་བཞིན་དུ་བསྒྲུབས་ཏེ་ཚེ་གཅིག་ལ་འཚང་རྒྱ་བའི་སྐལ་ལྡན་རྣམས་ཀྱིས་ལྟས་སོ། །བདུད་རྩི་གང་འཚམ་ཐོབ་པ་ནི་བསྟན་པ་འདི་ལ་ཞུགས་ནས་ཆོས་བྱས་པས་རང་རང་གི་སྐལ་བ་དང་འཚམ་པའི་རྟོགས་པའི་ཡོན་ཏན་འཐོབ་པ་རྣམས་ཀྱི་ལྟས་སོ། །བདུད་རྩི་མ་ཐོབ་ཀྱང་དེར་ཆུད་པ་ནི། རྗེའི་སྐུ་བརྙན་མཆོད་པ་དང་། བརྩམས་པའི་བཀའ་ཆོས་ཐོས་པ་དང་། རྣམ་ཐར་ལ་བལྟ་བ་ཙམ་ཡན་ཆད་ཀྱིས་ས་བོན་བཞག་ནས་མ་འོངས་པ་ན་དགའ་ལྡན་དང་རྨད་བྱུང་བཀོད་པ་སོགས་ཀྱི་ཞིང་ཁམས་ཅིག་ཏུ་རྗེའི་སྤྲུལ་པ་ཅིག་དང་མཇལ་ནས་འཁོར་བ་ལས་འགྲོལ་བར་འགྱུར་བ་རྣམས་ཀྱི་ལྟས་སོ། །

        འདི་ལ་བརྟགས་ན་རྗེའི་བསྟན་པ་ལ་རབ་བྱུང་གི་མིང་ཙམ་ཐོབ་པ་དང་། རྗེའི་སྐུ་བརྙན་མཆོད་པ་དང་། དམིགས་བརྩེ་མ་བཟླ་བ་སོགས་བྱས་པ་ཐམས་ཅད་ཀྱང་ཕྱིས་རྗེ་རིན་པོ་ཆེ་དང་མཇལ་ནས་མཆོག་འཐོབ་པར་ངེས་པས། བློ་ལྡན་དག་གིས་འདི་ལྟ་བུ་ལ་བསམ་ནས་གསོལ་བ་གདབ་པར་རིགས་སོ། །གོང་གི་ཉམས་ལེན་མདོར་བསྡུས་ཀྱི་ཚིགས་བཅད་ནི་འདིར་གསུངས་པར་བཞད་པའང་ཡོད་དོ། །མདོར་ན་གནས་འདིར་གཟིགས་སྣང་ངོ་མཚར་བ་མང་པོ་དང་། རྟོགས་པའི་ཡོན་ཏན་དཔག་ཏུ་མེད་པ་ཐོབ་པ་ཡིན་ནོ། །སྐབས་འདིར་སློབ་མ་འགའ་ཞིག་བྱུང་བས་དཔོན་སློབ་བཅུ་གཉིས་སུ་གྱུར་པར་གསུངས་སོ། །                                                      རྩོམ་སྒྲིག་པ། མང་ར་བ།
       གསལ་འདེབས། 
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
             དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།