རྗེའི་རྣམ་ཐར་ཆེན་མོ་དབེན་པ་བསྟེན་སྟེ་བསག་སྦྱང་མཛད་པའི་སྐབས་གཉིས་པ།།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-08-31 11:42:45     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        དེའི་ཚེ་རྗེ་རིན་པོ་ཆེ་ལ་རྗེ་བཙུན་བྱམས་མགོན་ལོངས་སྐུའི་རྣམ་པ་ཅན་སྐུ་ཤིན་ཏུ་ཆེ་བ་གསེར་གྱི་མདོག་ཅན། རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཆོས་འཆད་ཀྱི་ཕྱག་རྒྱས་མེ་ཏོག་གི་སྡོང་བུ་བསྣམས་པ། རིན་པོ་ཆེའི་ཁྲི་ལ་སྐྱིལ་ཀྲུང་གིས་བཞུགས་པ་དང་། བྱམས་མགོན་སྤྲུལ་སྐུ་བཟང་པོའི་འདུག་སྟངས་ཀྱིས་བཞུགས་པ་རབ་བྱུང་གི་ཆ་བྱད་ཅན། སྣམ་སྦྱར་གསོལ་བ། །རིལ་བས་མཚན་པའི་ཀླུ་ཤིང་གི་སྡོང་བུ་ཕྱག་ན་བསྣམས་པ་དང་། སངས་རྒྱས་སྨན་བླ་བླ་གོས་སེར་པོ་བཞེས་པ་དང་། རྒྱལ་བ་ཚེ་དཔག་མེད་རྣམས་རྒྱ་མཚོ་ལྟ་བུའི་འཁོར་མང་པོ་དང་བཅས་ཏེ་དངོས་སུ་གཟིགས་པ་མང་དུ་བྱུང་།

        རྗེའི་ཐུགས་དགོངས་ལ་འདི་རྣམས་ནི་ཉམས་སྣང་ཙམ་ཡིན་པས་ངེས་པ་ཆེར་མེད་སྙམ་དུ་དགོངས་ཀྱང་། རྟོགས་ལྡན་པ་ལ་འཇམ་པའི་དབྱངས་ཀྱིས། རྗེ་ལ་གཟིགས་སྣང་བྱུང་བ་དེ་རྣམས་ཉམས་སྣང་རང་ག་པ་ཙམ་མིན། ཕྱིས་བསྟན་འགྲོའི་ཕན་བདེ་རྒྱས་པ་དང་། ཚེ་རིང་བ་སོགས་ཀྱི་རྟེན་འབྲེལ་ཁྱད་པར་ཅན་ཡོད་པ་ཡིན་པས་གསོལ་བ་དྲག་ཏུ་བཏབ་ན་ལེགས་ཞེས་གསུང་། དེ་ལ་རྗེ་རིན་པོ་ཆེས་རྟོགས་ལྡན་པ་ལ་འཇམ་དབྱངས་ཀྱི་སྐུ་དང་གསུང་གི་སྣང་བ་བྱུང་བ་ཀུན་འཁྲུལ་མེད་དུ་ཡོད་པས་དེ་བདེན་ཞེས་ཐུགས་ངེས་མཛད་དོ། །

        དེ་དག་གི་སྐབས་སུ་སངས་རྒྱས་ཕལ་པོ་ཆེའི་མདོ་སོགས་བྱང་སེམས་སྤྱོད་པ་སྟོན་པའི་གཞུང་རྣམས་ལ་ཞིབ་ཏུ་གཟིགས། དུས་གསུམ་གྱི་རྒྱལ་སྲས་རྣམས་ཀྱི་བསླབ་སྦྱོང་མཐའ་ཡས་པ་ལ་ཞུམ་པ་མེད་པའི་སྙིང་སྟོབས་སྐྱེས་ནས། ཐེག་ཆེན་གྱི་ཆོས་ལ་སྤྱོད་པའི་རིགས་ཀྱི་ནུས་པ་རྒྱས་པའི་ཆེད་དུ་མདོ་ནས་གསུངས་པའི་བྱང་སེམས་ཀྱི་སྙིང་སྟོབས་དང་སྦྱོར་བ་རླབས་པོ་ཆེ་རྣམས་ལ་རེ་རེ་ནས་དམིགས་ཀྱིས་བཀར་བའི་ཐུགས་སྦྱོང་ཡུན་རིང་མཛད་པས། དང་པོར་དཀའ་སེ་བ་ཞིག་བྱུང་ཡང་རིམ་གྱིས་སྦྱངས་པས་ལེགས་པར་བྱང་སྟེ་འབད་རྩོལ་མེད་པར་འཇུག་ནུས་པའི་སྤྲོ་ཤུགས་བྱུང་ཞེས་གསུང་ངོ་། །འདི་ནི་ཆོས་བྱེད་པ་དག་ལ་ཤིན་ཏུ་ཕན་པའི་གདམས་པ་སྟེ། སྤྱིར་ཅི་འདྲའི་དཀའ་བའི་ཆོས་རྣམས་ཀྱང་བསག་སྦྱང་ལ་འབད་པ་དང་། ལུང་རིགས་ཀྱིས་དམིགས་རྣམ་སྐྱོང་བ་ལ་ཡུན་རིང་དུ་འབད་ན། རིམ་གྱིས་ནུས་པ་བརྟས་ཏེ་ཆོས་ཀྱི་བྱ་བ་ཀུན་བྱེད་ནུས་པར་འགྱུར་རོ། །

        འདིར་དམིགས་རྣམ་སྐྱོང་བ་ཞེས་པ་ནི་ཐོས་བསམ་བསྒོམ་པའི་ནང་ནས་བསམ་པའི་དོན་ཡིན་ལ། ཉམས་སུ་བླང་བྱ་འགའ་ཞིག་དང་པོར་ཐོས་པའི་དུས་ནས་བསམ་བསྒོམ་གྱིས་རྒྱུད་ལ་བསྐྲུན་པ་དང་། འགའ་ཞིག་དབེན་པར་བྱོན་ནས་བསམ་པས་གདམས་པར་ཤར་བ་ཡང་ཡོད་པས་རྣམ་ཐར་རྣམས་སུ་བསམ་པའི་མཛད་པ་ནི་གསན་པ་དང་བསྒོམ་པའི་ནང་དུ་གསུངས་ལ། རྟོགས་བརྗོད་བདུན་ལེགས་མར་གསན་བསམ་བསྒོམ་པའི་མཛད་པ་སོ་སོར་ཕྱེ་སྟེ་གསུངས། རྟོགས་བརྗོད་ཀྱི་འགྲེལ་བར་དབེན་པར་བྱོན་ནས་ལོ་ངོ་བཞི་ག་རིང་ལ་བསམ་པ་མཛད་པར་གསུངས་སོ། །

        དོན་འདི་ལ་རྣམ་ཐར་ཆེན་མོ་ལས། དགེ་བའི་བཤེས་གཉེན་གྲོ་ལུང་པ་ཆེན་པོའི་གསུང་ལས། མདོ་སངས་རྒྱས་ཕལ་པོ་ཆེ་འདི་མ་འགྱུར་ན། བོད་ཀྱི་བྱང་ཆུབ་སེམས་དཔའ་རྣམས་སྤྱོད་པ་ལ་སློབ་ཚུལ་ཇི་ལྟར་བྱེད་དམ། ཞེས་འབྱུང་བ་ལྟར་དུ། སངས་རྒྱས་ཕལ་པོ་ཆེ་ལ་སོགས་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་རྣམས་སྟོན་པའི་མདོ་སྡེ་རྣམས་ལ་གཟིགས་རྟོག་ཞིབ་པར་མཛད་དོ། །ཐེག་པ་ཆེན་པོའི་རིགས་ཀྱི་ནུས་པ་ཡོངས་སུ་རྒྱས་པར་བྱེད་པའི་ཐབས་རྨད་དུ་བྱུང་བ། བྱང་ཆུབ་སེམས་དཔའི་སྙིང་སྟོབས་དཔག་པར་དཀའ་བས། རྒྱལ་སྲས་ཀྱི་སྤྱོད་པ་རླབས་ཤིན་ཏུ་ཆེ་ཞིང་རྣམ་པ་མཐའ་ཡས་པ་རྣམས་ལ་སྔར་གྱི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བསླབས་ཤིང་། ད་ལྟ་དང་མ་འོངས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་སློབ་པ་དང་སློབ་པར་འགྱུར་བའི་ཚུལ་མདོ་སྡེ་ལས་མཐའ་ཡས་པ་གསུངས་པ་དེ་རྣམས་ལ། བདག་ཉིད་ཀྱང་ད་ལྟ་ནས་དེ་ལྟ་བུའི་ཚུལ་ལ་འཇུག་པ་ལ་ཞུམ་པ་གཏན་མི་སྐྱེ་ཞིང་སྤྲོ་དགའ་ཤུགས་དྲག་པོས་འཇུག་པར་བྱ་བའི་ཆེད་དུ། མདོ་སྡེ་ནས་འབྱུང་བའི་རྒྱལ་སྲས་ཀྱི་སྙིང་སྟོབས་དང་སྤྱོད་པ་གང་རླབས་ཆེ་ཆེ་རྣམས་ལ་རེ་རེ་ནས་དམིགས་ཕུག་གིན་ཐུགས་སྦྱོང་བའི་དམིགས་རྣམས་ནར་མར་བརྟེན་པས། དང་པོ་ཅིག་ཅུང་དཀའ་ཙམ་བྱུང་ཡང་། ཕྱིས་ལེགས་པར་གོམས་ནས་འབད་རྩོལ་མི་དགོས་པར་རང་ཤུགས་ཀྱིས་རྒྱལ་སྲས་ཀྱི་སྙིང་སྟོབས་དང་སྤྱོད་པ་རྨད་དུ་བྱུང་བ་ཇི་འདྲའི་དཔག་དཀའ་བ་ཞིག་ལའང་ཞུམ་པ་ནམ་ཡང་མི་སྐྱེ་ཞིང་། སྤྲོ་དགའི་ཤུགས་དྲག་པོ་ངང་གིས་འཇུག་པ་ཅིག་བྱུང་ཞེས་རྗེ་ཉིད་ཀྱི་ཞལ་ལས་ཐོས་ཏེ། གསུང་འདི་ཙམ་ཡང་ཐེག་པ་ཆེན་པོ་ལ་སློབ་པར་འདོད་པའི་གདུལ་བྱ་རྣམས་ལ་རྨད་དུ་བྱུང་བའི་གདམས་ངག་དང་། བློ་ཆེན་དག་གིས་ཀྱང་དཔག་པར་དཀའ་བའི་རྣམ་པར་ཐར་བའོ། །ཞེས་གསུངས་སོ། ། 

                                                      རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས། 
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
              དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།