རྗེའི་རྣམ་ཐར་ཆེན་མོ་ལས་དབེན་པ་བསྟེན་སྟེ་བསག་སྦྱང་མཛད་པའི་སྐབས་དང་བོ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-08-31 11:35:15     རྩོམ་པ་པོ།   ཆ་ཧར་དགེ་བཤེས།    ཀློག་ཐེངས།  

4175448ctad53fb6957f6&690.gif

        ད་ནི་དཀྱུས་ལ་འཇུག་པར་བྱ་སྟེ། དེའི་ཚེ་རྗེ་འདི་ལྷ་ས་ནས་སྐྱོར་མོ་ལུང་དུ་ཕེབས། སྟོན་འཇུག་དེར་ཆོས་མང་དུ་གསུངས། དགུང་ལོ་སོ་དྲུག་པའི་ཆུ་སྤྲེལ་ལོ་དེའི་དགུན་གྱི་སྟོད་ཟླ་བ་བཅུ་པ་ལ་རྗེ་རིན་པོ་ཆེ་འཁོར་རྣམ་བརྒྱད་བཅས་དབེན་པར་འབྱོན་པའི་ཆེད་དུ་སྐྱོར་མོ་ལུང་ནས་ཕྱག་བཏེག དབུས་ཀྱི་གཞུང་ཆུ་ལ་ཀོ་གྲུས་བརྒལ་ནས་འོལ་ཁའི་ཕྱོགས་སུ་བྱོན། གཞི་ཁ་སྣེའུའི་དཔོན་གྱིས་འདིའི་སྔོན་ནས་ཡོན་བདག་བྱས་ཏེ་གང་མཁོ་བའི་ཞབས་ཏོག་ལེགས་པར་སྒྲུབ་ཀྱིན་ཡོད་ཅིང་། སྐབས་འདིར་ཡང་དབེན་པར་འབྱོན་པའི་མཁོ་རྒྱུ་རྣམས་ལེགས་པར་ཕུལ། དེ་ནས་དབོན་སློབ་དགུས་འོལ་ཁ་ཆོས་ལུང་གི་རི་ཁྲོད་དུ་ཕེབས།

        སྤྱིར་ཞྭ་སེར་བསྟན་པའི་འདུས་སྡེ་བྱུང་བའི་དབུ་ནི་རྗེ་ཙོང་ཁ་པ་དཔོན་སློབ་དགུ་པོ་འདི་ཡིན་ལ། རྗེ་འདི་མ་བྱོན་གོང་གི་བླ་མ་ཕལ་ཆེར་ཞྭ་དམར་པོ་གྱོན་པ་ལས། རྗེ་འདི་སློབ་མར་བཅས་པ་དབུ་ཞྭ་སེར་པོ་བཞེས་པ་དང་། སྟོད་འགག་རྒྱན་དྲུག་མ་དང་། མཐང་གཤམ་མདུན་རྒྱབ་ལེབ་འཇོག གཡས་གཡོན་ཚོམ་བུར་བྱས་ཏེ་གྱོན་པ་སོགས་ཡོ་བྱད་ཀྱི་རྟགས་དང་། འགྲིག་ལམ་ཁྱད་པར་མ་རྣམས་ཀྱང་སྐབས་འདི་ནས་བྱུང་བ་འདྲའོ། །འོལ་ཁའི་དཔོན་ཡབ་སྲས་རྣམས་ཀྱིས་སྐབས་འདི་ནས་བཟུང་སྟེ་དད་པ་ཆེན་པོས་ཡོན་བདག་བྱས་ཏེ་ཞབས་ཏོག་ཕུན་སུམ་ཚོགས་པ་བསྒྲུབས། འོན་ཀྱང་རྗེ་ཡབ་སྲས་རྣམས་དཀའ་ཐུབ་ལ་ཐུགས་བཞེད་ཆེ་བས། བཟའ་བཏུང་གཞན་མ་བཞེས་པར་ཤུག་འབྲུ་ཅུང་ཟད་ལ་བརྟེན་ནས་སྒོམ་སྒྲུབ་མཛད།

        དེ་ཡང་ཐོག་མར་སྡིག་ལྟུང་སྦྱོང་བ་དང་བསོད་ནམས་བསག་པ་གལ་ཆེ་བར་དགོངས་ནས། དཔོན་སློབ་ཐམས་ཅད་ཀྱིས་ཉིན་རེ་བཞིན་ཐུན་བཞིར་བཅད། ཐུན་མཐའ་དག་ལ་ཡན་ལག་བདུན་པའི་ཆོ་ག་དང་། སྟོབས་བཞི་ཚང་བའི་བཤགས་པ་ལ་འབད་པ་ཆེན་པོ་མཛད། རྗེ་རིན་པོ་ཆེ་རང་གིས་ཀྱང་ཡན་ལག་བདུན་པའི་བཤགས་པའི་སྐབས་སུ་ལྟུང་བཤགས་དང་སྦྲགས་ནས་ཕྱག་བརྒྱ་འཚལ་བ་དང་། ཕྱག་སོར་རྣམས་སེར་ཀར་སོང་གི་བར་དུ་མཎྜལ་འབུལ་བ་སོགས་དཀའ་སྤྱད་དཔག་མེད་མཛད།

        རྗེ་བཞུགས་པའི་ཕུག་དེའི་འོག་གཞི་རྣམས་རྡོ་ཡིན་ཞིང་། རྗེ་ཕྱག་མཛད་པའི་ཚེ་ཞབས་དང་ཕྱག་གིས་མནན་པའི་རྗེས་དང་། དཔྲལ་བས་རེག་པའི་རྡོ་རྣམས་ཟད་ནས་ཤིན་ཏུ་ཟབ་པའི་རྗེས་བྱུང་བ་དང་། མཎྜལ་གྱི་རྡོ་ཕྱག་གིས་ཕྱིས་པས་ཟད་པ་རྣམས་དེང་སང་གི་བར་ཤིན་ཏུ་གསལ་ཞིང་། དེ་ལ་མཆོད་པ་བྱེད་ཀྱིན་ཡོད། རྡོ་ཟད་པ་འདི་ལ་དཔགས་ན་ཕྱག་སོགས་གྲངས་མེད་པ་མཛད་པར་ངེས་ལ། རྗེའི་བསོད་ནམས་ཀྱི་ཚོགས་ལས་གྲུབ་པའི་སྐུའི་ནུས་པའི་ཡོན་ཏན་དེ་ལྟར་ཡོད་ཀྱི། སོ་སྐྱེའི་ལུས་ཀྱིས་དེ་འདྲའི་དཀའ་ཐུབ་ཐེག་པར་མི་ནུས་སོ། །

        དེ་ལྟར་བཤགས་པ་མཛད་རེས་ཀྱིས་སངས་རྒྱས་སོ་ལྔའི་སྐུའི་སྣང་བ་རྒྱུན་དུ་བྱུང་ངོ་། །སྔར་བླ་མ་དབུ་མ་པས་འཇམ་པའི་དབྱངས་ཀྱི་ཆོས་སྐོར་ཐོག་མར་འཇམ་དཔལ་རྒྱ་མཚོ་ལ་བྱིན་ནས་སྒོམ་དུ་ཆུག་ཅེས་གསུངས་པ་ཡོད་པས། སྐབས་འདིར་འཇམ་དབྱངས་དཔའ་གཅིག་གི་རྗེས་གནང་སོགས་གནང་ནས་སྒོམ་དུ་བཅུག་པས་མ་འགྱངས་པར་རྟོགས་ལྡན་ལ་འཇམ་དབྱངས་ཀྱི་སྐུའི་སྣང་བ་དང་ཆོས་གསུངས་པ་སོགས་བྱུང་། རྟོགས་ལྡན་པའི་སྣང་བ་དེ་ལ་རྗེ་རིན་པོ་ཆེས་ཆོས་ཀྱི་ཟབ་གནད་དྲི་བ་སོགས་ཀྱིས་ལན་མང་དུ་དཔྱད་པ་ལ་འཁྲུལ་མེད་འབའ་ཞིག་འོང་བར་འདུག་པས་ཐུགས་ལེགས་པར་ཆེས་སོ། །

        དེ་དུས་འཁོར་བརྒྱད་ཞག་བདུན་བདུན་རེས་མོས་ཀྱིས་རྗེའི་ཞབས་ཏོག་སྒྲུབ་ཀྱིན་ཡོད་པ་ལས། འཇམ་དཔལ་རྒྱལ་མཚོས་ཞབས་ཏོག་སྒྲུབ་པའི་སྐབས་ཤིག་རྟེན་ལ་མཆོད་པ་བཤམས། སློབ་མ་གཞན་རྣམས་ཀྱང་བོས་ནས་བརྒྱད་པོ་ལ་དབུ་མ་པའི་ལུང་བསྟན་ཕྲན་བུ་འགའ་ཞིག་གསུངས་པས་ཀུན་གྱིས་ཐུགས་ཆོས་ལ་གཞོལ་བར་གྱུར་ཏོ། །དེ་དུས་ཡོན་བདག་རྣམས་ཀྱིས་རྗེ་རིན་པོ་ཆེ་ལ་བདག་ཅག་གི་བསོད་ནམས་འཕེལ་བའི་ཆེད་དུ་དཀའ་སྤྱད་མ་མཛད་པར། ངེད་ཀྱིས་ཕུལ་བའི་བཟའ་བཏུང་བཞེས་སུ་གསོལ་ཞེས་ཡང་ཡང་གསོལ་བ་བཏབ་པ་དང་། སློབ་མ་རྣམས་ཀྱིས་ཀྱང་ཞུས་ནས་རྗེ་རིན་པོ་ཆེ་དང་བླ་མ་དཔལ་ལྡན་བཟང་པོ་གཉིས་དཀའ་སྤྱད་མ་མཛད་པར་བསོད་སྙོམས་བཞེས་སོ། །གཞན་རྣམས་ནི་དཀའ་སྤྱད་མཛད། དེ་ཡང་གཞན་དྲུག་ལ་ཉིན་དེར་ཤུག་འབྲུ་བརྒྱད་ཅུའི་ཚོད་དང་། རྟོགས་ལྡན་པ་ལ་ཉིན་རེར་སུམ་ཅུའི་ཚོད་ཀྱིས་ཆོག་པར་གྱུར་ཏོ། འབྲུ་དེ་བཞེས་པ་ལ་ཇ་དང་སིང་བོས་མ་བྱས་པར་ཆུ་འབའ་ཞིག་གིས་རྟ་བྱས་ཏེ་གསོལ་ལོ། ། 

                                                     རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས། 
               རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
               དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།