རྗེའི་རྣམ་ཐར་ཆེན་མོ་ལས་རྗེ་བཙུན་གྱིས་དབེན་པར་འགྲིམ་པར་ལུང་བསྟན་པའི་སྐབས་གཉིས་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-08-31 11:26:37     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        གཉིས་པ་ཅུང་ཟད་རྒྱས་པར་བཤད་པ་ལ། མདོ་ལུགས་སྐྱེས་བུ་གསུམ་གྱི་ལམ་བསྟན་པ་དང་། སྔགས་ཀྱི་བསྐྱེད་རྫོགས་བསྟན་པ་དང་། སྟོང་ཉིད་སླར་ཕྱེ་སྟེ་བསྟན་པ་དང་གསུམ་ལས། དང་པོ་ལ། ལས་ཀྱི་རྣམ་པར་སྨིན་པ་གདོན་མི་ཟ། །ཞེས་པ་ནི་ལས་འབྲས་བསམས་ནས་ཕྱི་མར་རྟེན་བཟང་འཐོབ་པའི་ཕྱིར་ཆོས་བྱེད་པ་སྐྱེས་བུ་ཆུང་ངུའི་ལམ་བསྒོམ་ཞེས་པའི་དོན་ནོ། །ངེས་པར་འབྱུང་འདྲ། ཞེས་པ་ནི་འཁོར་བ་ལས་ངེས་པར་འབྱུང་བའི་སྐྱེས་བུ་འབྲིང་གི་ལམ་བསྒོམ་ཞེས་པའི་དོན་ནོ། །བྱང་ཆུབ་སེམས་བསྒོམ་སྟེ། ཞེས་པ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་སོགས་སྐྱེས་བུ་ཆེན་པོའི་ལམ་བསྒོམ་ཞེས་པའི་དོན་ནོ། །

        གཉིས་པ་ལ། དྲན་པའི་མེ་ཆེན། ཞེས་པ་ནི་བསྐྱེད་རིམ་རྫོགས་རིམ་སྟེ། རང་གི་གནས་ལུས་སོགས་ལ་ཐ་མལ་གྱི་སྣང་ཞེན་སྤངས་ནས་ལྷའི་སྐུ་དང་ཞིང་སོགས་ཀྱི་ང་རྒྱལ་དང་གསལ་སྣང་བ་སྒོམ་པ་ནི་བསྐྱེད་རིམ་དྲན་པའི་མེའོ། །སེམས་གཡོ་ཞིང་ཉོན་མོངས་སོགས་བསྐྱེད་པའི་རླུང་རྣམས་བསྡུས་ཏེ་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པས་བདེ་ཆེན་ལྷན་སྐྱེས་བསྐྱེད་ཅིང་དེས་སྟོང་ཉིད་རྟོགས་པའི་འོད་གསལ་སྒྱུ་ལུས་བསྒོམ་པ་ནི་རྫོགས་རིམ་དྲན་པའི་མེའོ། །རྒྱུད་སྡེ་འོག་མའི་ཟབ་གསལ་གཉིས་མེད་ཀྱི་ལམ་ཡང་འདིའི་ཤུགས་ལ་བསྟན་ནོ། །རྒྱུན་ཆད་མེད་པར་སྤང་། ཞེས་པ་ནི་སྒོམ་བྱའི་ཆོས་འདི་དག་མ་གཡེངས་པར་འབད་པས་བསྒོམ་ཞེས་པའི་དོན་ནོ། །

        ཡུལ་དྲུག་བུད་ཤིང་ངེས་པར་འཚོག་པར་འབྱུང་། །ཞེས་པ་ནི་མེས་བུད་ཤིང་ཐལ་བར་བྱེད་པ་ལྟར་སྐྱེས་བུ་གསུམ་གྱི་ལམ་དང་བསྐྱེད་རྫོགས་ཀྱི་རིམ་གཉིས་ལེགས་པར་བསྒོམས་ན། ཡུལ་དྲུག་ལ་བདེན་པར་ཞེན་པའི་ཉོན་སྒྲིབ་ཤེས་སྒྲིབ་བག་ཆགས་དང་བཅས་པ་དག་སྟེ། རྡོ་རྗེ་འཆང་གི་གོ་འཕང་ངེས་པར་འཐོབ་པའི་དོན་ནོ། ། ཡུལ་དྲུག་ནི། མིག་གིས་མཐོང་བའི་ཡུལ་གཟུགས་དང་། རྣ་བས་ཐོས་པའི་ཡུལ་སྒྲ་སོགས་དབང་པོ་དྲུག་གི་ཡུལ་ལོ། །གསུམ་པ་སྟོང་ཉིད་ཕྱེ་སྟེ་བསྟན་པ་ལ། །འཁོར་དང་མྱ་ངན་འདས་པའི་ཆོས་རྣམས་ཀུན། །སྔོན་ཆད་གང་གིས་མ་དམིགས་མི་དམིགས་ཕྱིར། །ནམ་མཁའ་བཞིན་དུ་འདི་ཡི་མཐའ་དང་བྲལ། །ཞེས་པ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་བདེན་པར་གྲུབ་པ་ནི་སྔོན་གྱི་མཁས་པ་རྣམས་ཀྱིས་དཔྱད་ནས་མ་རྙེད་ཅིང་། ཕྱིས་ཀྱང་མི་རྙེད་པས་ནམ་མཁའ་སྟོང་སང་བཞིན་དུ་འཛིན་རྒྱུ་མེད་ཅེས་པའི་དོན་ནོ། །ཡུལ་གྱི་སྣང་བ་ནམ་མཁའི་པད་མོ་བཞིན། །ཞེས་པ་ནི་ནམ་མཁའི་སྟོང་བའི་ངང་ལས་སྐྱེས་པའི་པདྨ་མེད་པ་ལྟར། །གཟུགས་སྒྲ་སོགས་ཡུལ་ཐམས་ཅད་རང་བཞིན་གྱིས་སྟོང་པའི་དོན་ནོ། །སེམས་ཀྱི་འཛིན་པ་བདེ་གཤེགས་སུ་ཡིས་རྙེད། །ཅེས་པ་ནི། ནང་གི་སེམས་ཀྱང་བདེན་པར་མེད་དེ། དེའི་བདེན་པར་གྲུབ་པའི་ངོ་བོ་ནི་གཞན་གྱིས་ལྟ་ཞོག་བདེ་གཤེགས་རྣམས་ཀྱིས་བཙལ་ཀྱང་རྙེད་རྒྱུ་མེད་པའི་དོན་ནོ། །

        དབྱིངས་རིག་གཅིག་པ་མོ་གཤམ་བུ་ཡིས་བསྒྲུབས། །ཅེས་པ་ལ་དབྱིངས་ཞེས་པ་ནི་སྟོང་ཉིད་དོ། །དེ་དང་གཅིག་ཏུ་གྱུར་པའི་རིག་པ་ནི་སྟོང་ཉིད་རྟོགས་པའི་ཡེ་ཤེས་སོ། །དེ་གཉིས་ཀྱང་མོ་གཤམ་གྱི་བུ་ལྟར་རང་བཞིན་མེད་པའི་དོན་ནོ། །དེ་འདྲ་གང་ཡིན་དེ་དག་རྒྱལ་བའི་ལམ། །ཞེས་པ་ནི་ཀུན་རྫོབ་ཏུ་རྒྱུ་འབྲས་བསླུ་བ་མེད་ཀྱང་དོན་དམ་དུ་རང་བཞིན་མེད་པའི་དོན་ལེགས་པར་གོ་ན་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་ལམ་རྣམ་དག་ཡིན་ཞེས་པའི་དོན་ནོ། །

        མདོར་ན་སྐྱེས་བུ་གསུམ་གྱི་ལམ་དང་བསྐྱེད་རྫོགས་ཀྱི་རིམ་པ་རྣམས་ལེགས་པར་ཤེས་ནས་འབད་པས་བསྒོམས་ན་སྡུག་བསྔལ་ཀུན་ལས་གྲོལ་ཏེ་སངས་རྒྱས་ཀྱི་གོ་འཕང་ངེས་པར་འཐོབ་ཅེས་པའོ། ། གསུང་འབུམ་ཐོར་བུར་ཚིགས་བཅད་འདིའི་མཇུག་ཏུ། བྱང་ཆུབ་ཏུ་བགྲོད་པར་བྱེད་པའི་ལམ་ལ་ཐབས་དང་ཤེས་རབ་གཉིས། ཐབས་ལ་ཐུན་མོང་བ་དང་ཐུན་མོང་མ་ཡིན་པ་གཉིས་ཀྱི་ཐུན་མོང་མ་ཡིན་པ་ལ་དངོས་དང་། བསྒོམ་པའི་ཚུལ། ཕན་ཡོན་དང་གསུམ། ཤེས་རབ་ལ་མདོར་བསྟན་རྒྱས་བཤད་གཉིས་ཀྱི་རྒྱས་བཤད་ལ། གཟུང་བ་དགག འཛིན་པ་དགག དབྱིངས་རིག་གཅིག་པའི་རང་རིག་དགག ལམ་གྱི་ཆེ་བ་བསྟན་པ་དང་བཞི། དེ་ལྟར་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་གསུངས་པའི་ཉམས་ལེན་མདོར་བསྡུས་ཤོ་ལོ་ཀ་བཞི་དང་། རྐང་པ་གཉིས་ཀྱི་བསྡུས་དོན་འདི་ནི། རྗེ་བཙུན་ཐམས་ཅད་མཁྱེན་པ་ཙོང་ཁ་པ་ཉིད་ཀྱིས་མཛད་པའོ། །ཞེས་གསུངས་པ་ཡོད་དོ། །

        རྗེའི་གསང་བའི་རྣམ་ཐར་དུ་ལྷ་སར་འཇམ་པའི་དབྱངས་ཀྱིས་ཉམས་ལེན་གྱི་གནད་བསྡུས་པའི་ཚིགས་བཅད་འགའ་ཞིག་གསུངས་ཞེས་པ་འདུག་ལ། རྗེ་འཇམ་དབྱངས་བཞད་པས་འཇིགས་བྱེད་ཆོས་འབྱུང་དུ་ཚིགས་བཅད་དེ་ནི། བསེ་རུ་ལྟ་བུར་གནས་པར་བྱ། །ཞེས་སོགས་ཡིན་པར་གསུངས། རྗེའི་གསུང་འབུམ་ཐོར་བུར་གདམས་པ་འདི་རྒྱ་སོག་ཕུད་འཇམ་པའི་དབྱངས་ཀྱིས་གསུངས་པ་ལྟ་བུར་བཤད་འདུག་ལ། རྗེ་བླ་མ་བྱམས་པ་རིན་པོ་ཆེས་གསུང་འདིའི་འགྲེལ་པར་ཡང་རྒྱ་སོག་ཕུར་གསུངས་ཞེས་བཤད་འདུག་པས། ལྷ་ས་དང་རྒྱ་སོག་གང་དུ་གསུངས་པ་དཔྱད་པར་བྱའོ། །

རྩོམ་སྒྲིག་པ། མང་ར་བ།
          གསལ་འདེབས། 
                    རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།