རྗེའི་རྣམ་ཐར་ཆེན་མོ་ལས་རྗེ་བཙུན་གྱིས་དབེན་པར་འགྲིམ་པར་ལུང་བསྟན་པའི་སྐབས་དང་བོ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-08-31 11:19:19     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        ཤེས་བྱ་ཀུན་ལ་ཐོགས་མེད་འཇམ་པའི་དབྱངས། །མཐའ་ཡས་འགྲོ་བའི་མར་གྱུར་སྤྱན་རས་གཟིགས། །མ་ལུས་བདུད་དཔུང་འཇོམས་མཛད་གསང་བའི་བདག །རིགས་གསུམ་ཀུན་འདུས་བླ་མར་ཕྱག་འཚལ་ལོ། །ལྔ་པ་དབེན་པར་བྱོན་ནས་སྒོམ་སྒྲུབ་གཙོ་བོར་མཛད་པ་དང་། ལྷ་དང་བླ་མ་མང་པོའི་ཞལ་གཟིགས་པ་དང་། ཕུལ་བྱུང་རྟོགས་པའི་ཡོན་ཏན་བརྙེས་པ་སོགས་ཀྱི་རིམ་པ་བརྗོད་པ་ནི། བླ་མ་དབུ་མ་པ་དང་རྗེ་འདི་གཉིས་མཚམས་གྲོལ་ནས། དབུ་མ་པ་ཁམས་སུ་འབྱོན་པའི་ཚེ། རྗེ་འདི་ལྷ་སའི་བར་སྐྱེལ་མ་ལ་བྱོན། ད་དཔོན་སློབ་གཉིས་རེ་ཞིག་མི་མཇལ་བས་བྱིན་རླབས་ཅན་གྱི་གནས་འདིར་རྗེ་བཙུན་ལ་གསོལ་བ་བཏབ་སྟེ་ཆོས་བྱེད་པའི་གནད་ཀྱི་གདམས་པ་ཞིག་ཞུས་ན་ལེགས་ཞེས་བཀའ་བགྲོས་ནས། ལྷ་སའི་ཐོག་སྟེང་མ་རང་གི་ལྷོ་ངོས་ཀྱི་གསེར་ཕུབ་ཀྱི་བྱ་འདབ་འོག་ཏུ་མཆོད་པ་བཤམས་ནས་གསོལ་བ་དྲག་ཏུ་བཏབ་པས། རྗེ་བཙུན་གྱིས་ཉམས་ལེན་གྱི་གནད་བསྡུས་པའི་ཚིགས་བཅད་འགའ་ཞིག་གསུངས། རྗེ་འདིས་དུས་དེ་ཀའི་ཚེ་གསུང་རིམ་བཞིན་ཡི་གེར་བཀོད།

        ཡང་ལྷ་སའི་སྒོ་ཁང་སྟེང་གི་གཙུག་ལག་ཁང་དུ་དབུ་མ་པས་རྗེ་འདི་ལ་གསང་འདུས་མི་བསྐྱོད་རྡོ་རྗེའི་དབང་བཞི་རྫོགས་པར་བླངས་ནས། དབུ་མ་པ་མདོ་ཁམས་སུ་བྱོན་ནོ། ། རྗེ་བཙུན་གྱིས་གསུངས་པའི་ཉམས་ལེན་མདོར་བསྡུས་གྱི་ཚིགས་བཅད་ནི། །གང་ལ་གནས་པ་མེད་པར་ནི། །སེམས་ཉིད་ནམ་མཁའ་ལྟ་བུར་བསྒོམ། །དེ་ཡི་གྲོགས་རྣམས་ཀུན་ལ་འབད། །བསེ་རུ་ལྟ་བུར་གནས་པར་བྱ། །འདུ་འཛི་དག་ཀྱང་སྤང་བར་བྱ། །ནང་དུ་མཉམ་པར་གཞག་པར་བྱ། །བྱང་ཆུབ་ཆེན་པོ་མཉེས་པར་བྱ། །ལས་ཀྱི་རྣམ་པར་སྨིན་པ་གདོན་མི་ཟ། །ངེས་པར་འབྱུང་དང་བྱང་ཆུབ་སེམས་བསྒོམ་སྟེ། །དྲན་པའི་མེ་ཆེན་རྒྱུན་ཆད་མེད་པར་སྦར། །ཡུལ་དྲུག་བུད་ཤིང་ངེས་པར་འཚིག་པར་འགྱུར། །འཁོར་དང་མྱ་ངན་འདས་པའི་ཆོས་རྣམས་ཀུན། །སྔོན་ཆད་གང་གིས་མ་དམིགས་མི་དམིགས་ཕྱིར། །ནམ་མཁའ་བཞིན་དུ་འདི་ཡི་མཐའ་དང་བྲལ། །ཡུལ་གྱི་སྣང་བ་ནམ་མཁའི་པད་མོ་བཞིན། །སེམས་ཀྱི་འཛིན་པ་བདེ་གཤེགས་སུ་ཡིས་རྙེད། །དབྱིངས་རིག་གཅིག་པ་མོ་གཤམ་བུ་ཡིས་བསྒྲུབས། །དེ་འདྲ་གང་ཡིན་དེ་དག་རྒྱལ་བའི་ལམ། །ཞེས་པ་སྟེ་ཤོ་ལོ་ཀ་བཞི་དང་རྐང་པ་གཉིས་ཡོད་དོ། །

        དེ་དག་གི་དོན་ནི། ཆོས་བྱེད་པའི་གནད་བསྡུས་ཏེ་བསྟན་པ་དང་། ཅུང་ཟད་རྒྱས་པར་བཤད་པ་གཉིས་སུ་འདུའོ། །དེ་ལས་དང་པོ་བསྡུས་ཏེ་བཤད་པ་ལ། ཟབ་མོ་ལྟ་བ་དང་། རྒྱ་ཆེན་སྤྱོད་པ་དང་། དེ་གཉིས་བསྒྲུབ་ཚུལ་དང་། བསྒྲུབས་པའི་འབྲས་བུ་སྟེ་བཞི་ལས། དང་པོ་ནི། གང་ལ་གནས་པ་མེད་པར་ནི། །སེམས་ཉིད་ནམ་མཁའ་ལྟ་བུར་བསྒོམ། །ཞེས་པ་སྟེ། །འདི་ལ་ཟབ་མོ་ལྟ་བ་དང་ཤེས་རབ་ཀྱི་ཆ་དང་ལྷག་མཐོང་ཡང་ཞེས་པ་སྟོང་ཉིད་བསྒོམ་པ་ཡིན་ནོ། །གཉིས་པ་ནི། དེ་ཡི་གྲོགས་རྣམས་ཀུན་ལ་འབད། །ཅེས་པ་སྟེ། འདི་ལ་རྒྱ་ཆེན་སྤྱོད་པ་དང་ཐབས་ཀྱི་ཆ་ཞེས་པ་བཤེས་གཉེན་བསྟེན་ཚུལ་ནས་ཞི་གནས་ཀྱི་བར་བསྒོམ་པ་ཡིན་ནོ། །གསུམ་པ་ལ། བསེ་རུ་ལྟ་བུར་གནས་པར་བྱ། །ཞེས་པ་ནི་ལུས་དབེན་པར་སྡོད་ཅེས་པའི་དོན་ནོ། །འདུ་འཛི་དག་ཀྱང་སྤང་བར་བྱ། །ཞེས་པ་ནི་གཏམ་མང་པོ་སྨྲ་བ་སོགས་སྤོངས་ཞེས་པའི་དོན་ནོ། །ནང་དུ་མཉམ་པར་གཞག་པར་བྱ། །ཞེས་པ་ནི་སེམས་མ་གཡེངས་པར་ཆོས་ཀྱི་དོན་སོམས་ཞེས་པའི་དོན་ནོ། །བཞི་པ་ནི། བྱང་ཆུབ་ཆེན་པོ་མཉེས་པར་བྱ། །ཞེས་པ་སྟེ། དབེན་པར་བསྡད་ནས་རྣམ་གཡེང་འདུ་འཛི་མེད་པར་ཐབས་ཤེས་བསྒོམས་ན་བྱང་ཆུབ་ཐོབ་ཅེས་པའི་དོན་ནོ། ། 

                                                              རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས། 
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
             དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།