རྗེའི་རྣམ་ཐར་ཆེན་མོ་ལས་རྗེ་བཙུན་དང་དྲི་བ་དྲི་ལན་མཛད་པའི་སྐབས་ལྔ་བ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-08-31 10:54:31     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        དེ་ཡང་དེའི་ཚེ། འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱི་དགོངས་པ་མཐར་ཐུག་པའི་ལྟ་བ་དང་། གསང་བ་འདུས་པའི་ལམ་རིམ་པ་ལྔ། དེའི་ནང་ནས་ཀྱང་སྒྱུ་ལུས་འདི་ཤིན་ཏུ་རྟོགས་དཀའ་བ་དང་། རྟོགས་ན་དོན་ཆེ་ཞིང་། མ་རྟོགས་ན་ནི་ལོག་པར་ལྟུང་བའི་གཡང་སའང་ཤིན་ཏུ་ཆེ་ལ། དེ་ཁོ་ན་ཉིད་བསྒོམ་པ་དང་། སྔགས་བླ་མེད་ཀྱི་ལམ་ལ་བརྟེན་ནས་སངས་རྒྱས་འཚོལ་བ་སོགས་ཚིག་ཙམ་དུ་འགྱུར་བར་དགོངས་ཏེ། འདི་དག་མགོན་པོ་ཀླུ་སྒྲུབ་ཡབ་སྲས་ཀྱི་དགོངས་པ་བཞིན་འཁྲུལ་མེད་དུ་སྟོན་པའི་བཤེས་གཉེན་དམ་པ་རྒྱ་བོད་བལ་གསུམ་དབུས་གཙང་ཁམས་གསུམ་སོགས་གང་ན་ཡོད་ཀྱང་དེའི་ལུངས་ཤིག་རྙེད་ན་ནི། དེ་ཚོལ་བའི་ཕྱིར་དུ་ལུས་སྲོག་ཐེད་ལ་བོར་ནས་དཀའ་བ་ཅི་བྱུང་ཡང་དང་དུ་བླངས་ཏེ་ད་ལྟ་ཉིད་དུའང་འགྲོ་དགོས་དགོངས་པ་སྙིང་ནས་ཤུགས་དྲག་པོ་དེའི་ཚེ་ཡོད་དོ། །ཞེས་རྗེ་ཉིད་གསུང་ངོ་། །

        དེའི་ཕྱིར་ན། དེའི་དུས་སུའང་བླ་མ་དབུ་མ་པ་ལ་ལོཙྪ་བ་བཅོལ་ནས་རྗེ་བཙུན་འཇམ་པའི་དབྱངས་ལ་དབུ་མའི་ལྟ་བ་དང་། སྔགས་མཚན་ཉིད་ཀྱི་ཁྱད་པར། སྔགས་བླ་མེད་ཀྱི་ལམ་གྱི་གནད་ཆེ་ཤོས་རྣམས་དང་། རིམ་པ་ལྔའི་གོ་རིམ། གྲངས་ངེས་སོགས་མཐའ་ཡས་པ་ཞིག་གི་དྲི་བ་དང་། དོགས་པ་ཆོད་པའི་ཆེད་དུ་བརྒལ་ཞིང་བརྟག་པའི་སྒོ་ནས་དྲི་བ་ལ་སོགས་པ་འབའ་ཞིག་གཙོ་བོར་མཛད་དོ། ། དེའི་ཚེ་རྗེ་འདིའི་ཐུགས་ཡུལ་ནའང་ཁས་ལེན་ཅིའང་མེད་ཅིང་། གང་ཡང་རང་ལུགས་ལ་བཞག་ས་མེད་པར་གཞན་ངོ་འབའ་ཞིག་ལ་སྐྱེལ་བའི་དབུ་མའི་ལྟ་བ་དེ་ཅུང་ཐུགས་ལ་བདེ་བར་ཡོད་པས། བདག་གི་དབུ་མའི་ལྟ་བའང་ཐལ་རང་གང་གི་ལྟ་བ་ཡིན་ཞུས་པས། གང་གིའང་མིན་ཞེས་གསུང་ཞིང་། གཞན་ཡང་གསུང་རབ་ཀྱི་གནད་དང་། དཔྱོད་པ་མཛད་པའི་སྒོ་བསྟན་པ་ལ་ཚད་མེད་དོ། །

        དེའི་ཚེ་ཡང་རྗེ་བཙུན་གྱི་ཞལ་ནས། ད་ཕྱིན་ཆད། བླ་མ་དང་ཡི་དམ་ཐ་མི་དད་དུ་བྱས་པ་ལ་གསོལ་བ་འདེབས་པ། སྔར་བསགས་ཀྱི་སྡིག་ལྟུང་སྦྱོང་ཞིང་ཚོགས་རྒྱ་ཆེན་པོ་གོང་ནས་གོང་དུ་སྤེལ་བའི་བསག་སྦྱང་ལ་འབད་པ། ཤིང་རྟ་ཆེན་པོ་རྣམས་ཀྱི་རིགས་པ་ལ་བརྟེན་ནས་མདོ་རྒྱུད་དགོངས་འགྲེལ་དང་བཅས་པའི་དོན་ལ་ཞིབ་ཏུ་དཔྱོད་པ་གསུམ་སུམ་སྒྲིལ་དུ་གྱིས་ལ་རྒྱུན་མ་ཆད་པར་ཉམས་སུ་ལོང་དང་། རིང་པོ་མི་ཐོགས་པར་ལྟ་བའི་གནད་མཐར་ཐུག་པ་དང་། མདོ་རྒྱུད་ཀྱི་དོན་མཐའ་དག་ལ་མི་འཁྲུལ་བའི་ངེས་པ་རྙེད་པར་འགྱུར། ད་ལྟ་ནས་བཤད་པ་བྱས་ཀྱང་ཕན་འདོགས་ལྟར་སྣང་ལས་མི་འོང་བས། རེ་ཤིག་བྱ་བྲལ་བྱས། དབེན་པ་བརྟེན་ནས་སྒྲུབ་པ་སྙིང་བོར་གྱིས་ཤིག ཅེས་བསྐུལ་བར་མཛད་དོ། །དེ་ལྟར་བསྐུལ་བ་དང་། རྗེ་ཉིད་ཀྱིས་ཀྱང་ཚུལ་དེ་ལེགས་པར་དགོངས་ནས་བྱ་བྲལ་མཛད་ཅིང་། དབེན་པ་བརྟེན་ནས་སྒྲུབ་པ་སྙིང་པོར་མཛད་པ་ལ་ཐུགས་ཐག་བཅད་དོ། །ཞེས་གསུངས་སོ། ། 

        ད་ནི་དཀྱུས་ཀྱི་འཕྲོ་བརྗོད་པར་བྱ་སྟེ། དེ་ཡང་རྗེ་བཙུན་གྱིས་སྒྲུབ་པ་གྱིས་ཞེས་ལན་འགའ་བསྐུལ་བ་དང་། རྗེ་རང་ཡང་དེ་ཉིད་ལེགས་པར་དགོངས་ནས་དབེན་པའི་གནས་སུ་འབྱོན་པར་ཐག་བཅད་དོ། །འཁོར་ཇི་ལྟ་བུ་འཁྲིད་པ་རྗེ་བཙུན་ལ་ཞུས་པས། འཁོར་དག་པ་རྣམ་བརྒྱད་དུ་གྲགས་པ་དེ་ཁྲིད་ན་ལེགས་པར་གསུང་། འཁོར་བརྒྱད་ནི། འཇམ་དཀར་བ་ཞེས་གྲགས་པ་དཔལ་ལྡན་བཟང་པོ། རྟོགས་ལྡན་བྱང་ཆུབ་སེང་གེ། གནས་བརྟན་རིན་ཆེན་རྒྱལ་མཚན། གནས་བརྟན་བཟང་སྐྱོང་སྟེ་དབུས་པ་བཞི། རྟོགས་ལྡན་འཇམ་དཔལ་རྒྱ་མཚོ། དགེ་བཤེས་ཤེས་རབ་གྲགས། དགེ་བཤེས་འཇམ་དཔལ་བཀྲ་ཤིས། དགེ་བཤེས་དཔལ་སྐྱོང་སྟེ་མདོ་སྨད་པ་བཞི་བཅས་བརྒྱད་དོ། །འདི་ཡན་གྱིས་སྔགས་ཕྱོགས་ལ་སྦྱངས་ཏེ་མཁས་པར་གྱུར་པའི་སྐབས་བརྗོད་པའོ། ། 
                                                          རྩོམ་སྒྲིག་པ། མང་ར་བ།
       གསལ་འདེབས། 
            རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
            དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།