རྗེའི་རྣམ་ཐར་ཆེན་མོ་ལས་རྗེ་བཙུན་དང་དྲི་བ་དྲི་ལན་མཛད་པའི་སྐབས་གསུམ་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-08-31 10:39:30     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        ཡང་མདོ་སྔགས་གཉིས་ཀའི་སྒོ་ནས་བསྟན་པ་ལ་བྱ་བ་གྱིས། དབང་མང་དུ་བསྐུར་ན་ཚེ་ཐུང་བ་དང་དངོས་གྲུབ་རིང་བ་དང་བསྟན་པ་ལ་ཕན་ཆུང་བས་དབང་མ་བྱེད་ཅེས་གསུངས་པས། རྗེ་རིན་པོ་ཆེས་དབང་མང་པོ་མ་གནང་བའི་རྒྱུ་མཚན་དེ་ཡིན་འདུག་གོ བླ་མ་དབུ་མ་པས་རྗེ་བཙུན་འཇམ་པའི་དབྱངས་ལ། རྗེ་རིན་པོ་ཆེ་འདིའི་སྐུ་སྐྱེ་སྔ་ཕྱི་སོགས་ཀྱི་ཞུ་བ་མཛད་པས། སྔོན་སངས་རྒྱས་འཇིག་རྟེན་ན་བཞུགས་པའི་དུས་སུ་བླ་མ་འདི་རྒྱ་གར་དུ་བྲམ་ཟེའི་ཁྱེའུ་ཞིག་ཏུ་འཁྲུངས། དེའི་ཚེ་དགེ་སློང་གི་ཆ་ལུགས་འཛིན་པའི་བྱང་ཆུབ་སེམས་དཔའ་མོས་པའི་བློ་གྲོས་ཞེས་བྱ་བ་དང་མཇལ་ནས། དེ་ཉིད་མཉེས་པར་བྱས་ཤིང་ཞབས་འབྲིང་དུ་འབྲངས། ཆོས་མང་དུ་གསན། དེས་ཁྲིད་དེ་སྟོན་པ་ཤཱཀྱ་ཐུབ་པའི་ཞབས་དྲུང་དུ་མཇལ་ཞིང་སེམས་བསྐྱེད། དེའི་ཚེ་སྟོན་པ་ལ་ཤེལ་དཀར་པོ་དྲི་མ་མེད་པ་བརྒྱ་རྩའི་ཕྲེང་བ་ཞིག་དད་པས་ཕུལ་ནས་སྨོན་ལམ་བཏབ་པས་སྟོང་པ་ཉིད་ཀྱང་ལྟ་བ་ཕྱིན་ཅི་མ་ལོག་པར་རྟོགས་པའི་ས་བོན་བཞག་པ་ཡིན།

        ད་སྐུ་སྐྱེ་ཕྱི་མ་ལ་དགའ་ལྡན་དུ་རྒྱལ་བ་མ་ཕམ་པའི་ཆོས་ཀྱི་འདུན་སར་ཐེག་པ་ཆེན་པོའི་འབྱོར་བ་དཔག་ཏུ་མེད་པ་ལ་ལོངས་སྤྱོད་པར་འགྱུར་ཞིང་མཚན་ལ་བྱང་ཆུབ་སེམས་དཔའ་འཇམ་དཔལ་སྙིང་པོ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་མཛད་དོ། །དེ་དུས་རྗེ་རང་ཡང་ཅུང་ཟད་འཆད་ཉན་ལ་ཐུགས་བཞེད་ཆེ། བླ་མ་དབུ་མ་པའང་དེ་དང་མཐུན་པས་སྐུའི་ན་ཚོད་ཤིན་ཏུ་གཞོན་ཞིང་མཁྱེན་རབ་དང་ཕན་ཐོགས་ཤིན་ཏུ་ཆེ་བ་འདི་འདྲ་བ་ལ་ད་དུང་བཤད་ཉན་རེས་མཛད་ན་བསྟན་པ་ལ་ཕན་ཐོགས་ཤིན་ཏུ་ཆེ་ཞིང་འཆད་ཉན་འཕེལ་པོ་འདི་འདྲ་བའི་འཕྲོ་ལ་བྱ་བྲལ་ལ་བྱོན་ན་ངེད་ལའང་སྐྱེ་བོ་རྣམས་ཀྱིས་ཁ་ཟེར་དུ་འོང་པས་ན་རེ་ཞིག་འཆད་ཉན་མཛད་པས་ཆོག་པ་ཞིག་འཚལ་ཞེས་ཞུས་པས་རྗེ་བཙུན་གྱི་ཞལ་སྔ་ནས། བསྟན་པ་དང་སེམས་ཅན་ལ་གང་ཕན་ཁྱོད་ཀྱིས་མི་ཤེས། ཁ་ཟེར་བ་ལ་བཟོད་པ་སྒོམས། དབེན་པ་བསྟེན་ནས་ཐུགས་དམ་མ་བྱས་ན་སྐུ་ཚེ་རིང་པོ་མི་འོང་། ཕན་ཐོགས་ཀྱང་ལྟར་སྣང་ཅིག་ལས་མི་འོང་བས་བྱ་བྲལ་ལ་བྱིན་པ་འཐད་ཅེས་གསུངས་སོ། །

        རྗེ་རིན་པོ་ཆེས་དེ་དུས་ཐོག་མར་བླ་མ་དབུ་མ་པ་ལ་རྗེ་བཙུན་གྱིས་གནང་བའི་ཞི་གནས་ཀྱི་དམིགས་པ་གསན་ནས་སྒོམ་གྱིན་ཡོད་པ་ལ། དོ་ཞག་རང་འདི་ལས་རྗེ་བཙུན་ཉིད་ལ་གསོལ་བ་བཏབ་ཅིང་བསྙེན་སྒྲུབ་བྱས་ན་དེ་དོན་ཆེ་བ་འདྲ་དགོངས་ནས། བླ་མ་པ་ལ་དེ་ལྟར་ཞུས་པས། དེ་བཞིན་མཛད་པས་ཁྱབ་ཅེས་གསུངས་ནས། ཉིན་མཚན་དུ་བླ་མ་དང་རྗེ་བཙུན་ཐ་མི་དད་དུ་བྱས་པ་ལ་གསོལ་བ་བཏབ་ཅིང་བསྙེན་སྒྲུབ་མཛད་པས། ཞག་མང་པོ་མ་སོང་བར་ཉིན་གཅིག་དཀྱིལ་འཁོར་གྱི་ལྟེ་བའི་རྒྱ་ཁྱོན་འཚམ་པ་ཞིག་ཁ་དོག་རྒྱ་སྐྱེགས་བཟང་པོས་ལེགས་པར་བྱུགས་པ་འདྲ་བ་ལ་ཤིན་ཏུ་དྭངས་པ་ལྟ་བས་ཆོག་མི་ཤེས་པ་ཞིག་གི་དབྱིབས་ཤིན་ཏུ་ཟླུམ་པོར་འདུག་པའི་མཐའ་ཐམས་ཅད་འོད་ཟེར་ཁ་དོག་སྣ་ལྔ་བ་འཇའ་ཚོན་ལྟ་བུའི་དྲ་བས་འཁྲིགས་པའི་དབུས་ཀྱི་ལྟེ་བ་སྔོན་པོ་དེའི་རྒྱ་ཁྱོན་དང་འཚམ་པར་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་འཇམ་པའི་དབྱངས་ཨ་ར་པ་ཙ་ན་ཀུར་གུམ་གྱི་མདོག་ཅན། ལྟ་བས་ཆོག་མི་ཤེས་པ་ཞིག་གི་སྐུའི་སྣང་བ་དངོས་སུ་གཟིགས། དེ་བླ་མ་པ་ལ་མ་ཞུས་ཀྱང་བླ་མ་པ་ན་རེ་ཁྱོད་རང་ལའང་སྐུའི་སྣང་བ་ཡོད་པ་འདྲ་གསུངས་ནས་ཐིགས་བྱུང་། དེ་འདྲ་བའི་སྐུའི་སྣང་བ་དེ་ནམ་འདོད་རེས་ཀྱིས་གསོལ་བ་བཏབ་པའི་དུས་ཕལ་ཆེ་བར་དངོས་སུ་ནར་མར་འབྱུང་བ་ཞིག་དེ་ནས་བརྩམས་ཏེ་ད་ལྟའི་བར་དུ་རྟག་པར་ཡོད་ཅེས་གསུང་ངོ་། །

        སྐབས་འདིར་རྗེ་འདིས་རྗེ་བཙུན་འཇམ་པའི་དབྱངས་ལས་འཇམ་དབྱངས་ཆོས་སྐོར་ཞེས་གྲགས་པའི་བཀའ་ཆོས་མང་པོ་ཐོབ། དེ་ཡང་འཇམ་དབྱངས་དཔའ་གཅིག་གི་རྗེས་གནང་། འཇམ་དབྱངས་ལུས་དཀྱིལ། ནང་སྒྲུབ་གསང་སྒྲུབ་སོགས་ཀྱི་དབང་རྗེས་གནང་། ཆོས་རྒྱལ་ཕྱི་ནང་གསང་གསུམ་གྱི་རྗེས་གནང་། དབང་བཞི་བྱིན་རླབས་སོགས་ཡིན་ནོ། །འདི་ལ་དབུ་མ་པས་ལོ་ཙཱ་མཛད་ཅིང་འཇམ་པའི་དབྱངས་སྐུ་དངོས་ཀྱིས་དཔའ་གཅིག་གི་རྗེས་གནང་དང་། ནང་སྒྲུབ་སོགས་ཀྱི་ཚེ་ཡབ་ཡུམ་ཞལ་སྦྱོར་གྱི་རྣམ་པ་ཅན་དང་། ཆོས་སྐྱོང་གི་རྗེས་གནང་གི་སྐབས་རྡོ་རྗེ་འཇིགས་བྱེད་དུ་གྱུར་ནས་ཆོས་རྒྱལ་རྣམ་གསུམ་ལ་བཀའ་བསྒོས་ཏེ་རྗེ་འདིའི་འཕྲིན་ལས་གཉེར་དུ་གཏད་པ་སོགས་རྣམ་འཕྲུལ་ངོ་མཚར་བ་བསྟན་པ་ཡོད་པར་འདུག 

རྩོམ་སྒྲིག་པ། མང་ར་བ།
              གསལ་འདེབས། 
                        རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                        དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།