རྗེའི་རྣམ་ཐར་ཆེན་མོ་ལས་རྗེ་བཙུན་དང་དྲི་བ་དྲི་ལན་མཛད་པའི་སྐབས་གཉིས་པ།།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-08-31 10:29:24     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        གཞན་ཡང་ཆོས་ཀྱི་གནད་དང་གཞུང་གང་ལ་བརྟེན་ནས་འཚོལ་བ་སོགས་གསུངས་པ་ལ་ཚད་མེད། རྒྱ་གར་གྱི་པཎྜི་ཏ་མཁས་པ་རྣམས་ལའང་འགའ་ཞིག་གི་གཞུང་ལ་འཁྲུལ་མེད་རང་འབའ་ཞིག་ཏུ་གཟུང་མི་ཉན་པའི་དམིགས་བསལ་རེ་ཙམ་ཡང་བྱུང་བས། འོ་ན་འཕགས་པ་ཀླུ་སྒྲུབ་ཀྱི་དགོངས་པ་འགྲེལ་བ་ལ་སློབ་དཔོན་ཟླ་བ་གྲགས་པ་འཁྲུལ་མེད་འབའ་ཞིག་ཏུ་བཟུང་བས་ཨེ་ཆོག་ཞུས་པས། ཟླ་བ་གྲགས་པ་ནི་སྟེང་ཕྱོགས་ཀྱི་འཇིག་རྟེན་ཁམས་ཀྱི་ཞིང་གཅིག་གི་དེ་བཞིན་གཤེགས་པ་ཞིག་གི་ཞབས་དྲུང་ནས་བྱང་ཆུབ་སེམས་དཔའ་རྣམ་དཔྱོད་སྙིང་སྟོབས་མཆོག་ཏུ་གྱུར་བ་ཞིག་ཞིང་འདིར་འཕགས་པ་ཀླུ་སྒྲུབ་ཀྱི་ལུགས་བསྟན་པའི་སྙིང་པོ་གསལ་བར་བྱ་བའི་སླད་དུ་བསམས་བཞིན་དུ་སྐྱེ་བ་བཟུང་བ་ཡིན་པས་འདི་འཕགས་པ་ཀླུ་སྒྲུབ་ཀྱི་དགོངས་པ་འགྲེལ་པ་ལ་སྔགས་མཚན་ཉིད་གང་གི་སྐབས་སུའང་འཁྲུལ་པ་ཕྲ་མོ་ཙམ་ཡང་མེད་པས་འདི་ལ་རྣམ་པ་ཐམས་ཅད་དུ་ཡིད་ཆེས་ཀྱི་གནས་འབའ་ཞིག་ཏུ་ངེས་པར་གཟུང་དགོས་པ་ཡིན་ནོ་ཞེས་གསུང་ངོ་། །

        ཡང་བདག་གིས་སྤྱིར་ཇི་ལྟར་བགྱིས་ན་འཐད། མཚན་ཉིད་ཀྱི་བཤད་ཉན་ཁོ་ན་དང་། སྔགས་ཀྱི་དབང་ལུང་སོགས་སྤེལ་བ་དང་། དབེན་པར་སྒོམ་སྒྲུབ་འབའ་ཞིག་བྱེད་པ་རྣམས་ལས་གང་བྱས་ན་བསྟན་པའི་རྒྱུན་ལ་ཕན། ཞིང་འདིར་ཇི་ཙམ་འཚོ། ཕྱི་མ་གང་དུ་སྐྱེ། ཁྱད་པར་བདེ་བ་ཅན་དང་དགའ་ལྡན་གཉིས་ཀྱི་གང་དུ་འབྲེལ་བ་ཆེ་ཞེས་སོགས་འདི་ཕྱིའི་དོན་ཐམས་ཅད་ཞུས། དེ་ལ་རྗེ་བཙུན་གྱིས། ཁྱོད་ཀྱི་ཚེ་ཚད་རྫོགས་པ་ནི་ང་ལྟའོ་ཞེས་གསུངས་པས། རྗེ་འདིས་བསྟན་པ་ལ་ཕན་པའི་གནས་ཤིག་ཏུ་སྐྱེ་དགོས་དགོངས་མ་ཐག མགོན་པོ་ཚེ་དཔག་མེད་ཀྱིས་ཞལ་བསྟན་ནས་སྐུ་ཚེ་བསྲིང་བའི་རྟེན་འབྲེལ་བསྒྲིགས་སོ། །

        དེའི་ཚེ་རྗེ་བཙུན་གྱིས། ད་ལྟ་ཚེ་འཕེལ་བས་ཕྱིས་ཆོས་ལུང་དུ་འདུག་པའི་སྐབས་ཤིག་ཁྱོད་ཀྱི་ཚེམས་གཅིག་འབུད་པ་འོང་། དེ་མཁས་གྲུབ་དགེ་ལེགས་དཔལ་བཟང་ལ་བྱིན། དེ་ལས་འཕེལ་བའི་རིང་བསྲེལ་རྣམས་ཀུན་ལ་ཁྱབ་ཏུ་ཆུག མཇུག་ཏུ་ཕག་ལོའི་ཟླ་བ་བཅུ་པ་ལ་སྐུ་འདི་བརྗེས་ནས་ཞིང་གཞན་དུ་གཤེགས་པར་འགྱུར། དེ་དུས་ཁྱོད་ཀྱིས་སྐུ་འདི་རིལ་བོར་ཞོག དེ་ནས་ལོ་སུམ་བརྒྱ་འདས་པའི་རྗེས་སུ་ཡི་དམ་གྱི་ལྷས་ལུང་བསྟན་པའི་པཎྜི་ཏ་རིན་ཆེན་ཆོས་རྒྱལ་ཞེས་བྱ་བས་སྐུ་གདུང་དེ་མ་ག་ངྷ་དང་རྡོ་རྗེ་གདན་དུ་གདན་འདྲེན་བྱེད། དེའི་ཕྱིར་ཚེམས་ལས་བྱུང་བའི་རིང་བསྲེལ་གྱིས་ཁྱབ་པའི་དོན་དེ་ཡིན་ནོ། །ཞེས་གསུངས། 

                                                             རྩོམ་སྒྲིག་པ། མང་ར་བ།
       གསལ་འདེབས། 
            རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
            དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།