རྗེའི་རྣམ་ཐར་ཆེན་མོ་ལས་དབང་ལུང་ཁྲིད་གསུམ་གྱིས་གདུལ་བྱ་བསྐྱང་བའི་སྐབས་བདུན་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-08-31 07:58:22     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        སྟོན་དེའི་མཇུག་ནས་དགུན་དང་། དགུང་ལོ་སོ་དྲུག་གི་ཆུ་སྤྲེལ་ལོའི་དཔྱིད་དབྱར་གཉིས་ཞ་ལུར་བཞུགས་ནས། རྡོ་རྗེ་འཛིན་པ་ཁྱུང་བོ་ལྷས་པ་ལས་ཡོ་གའི་དཀྱིལ་འཁོར་ཆེན་པོ་སོགས་རྣལ་འབྱོར་རྒྱུད་དང་། སྤྱོད་རྒྱུད། བྱ་རྒྱུད་ཀྱི་དབང་རྒྱུན་རྣམ་དག་ད་ལྟ་བོད་དུ་མ་ཆད་པར་ཡོད་པ་ཕལ་ཆེར་རྫོགས་པར་གསན། བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་ལཱུ་ཨི་བ་དང་ནག་པོ་པའི་ལུགས་སོགས་བླ་མེད་ཀྱི་དབང་ལུང་ཡང་དཔག་ཏུ་མེད་པ་གསན་ནས། ཁོང་ལ་བཞུགས་པའི་དབང་ལུང་སོགས་ཕལ་ཆེར་བུམ་པ་གང་བྱོའི་ཚུལ་དུ་མནོས། དེའི་ཚེ་འབུལ་བ་ཚོགས་འཁོར་ཞབས་ཏོག་ནར་མ་སོགས་ཀྱིས་རྒྱ་ཆེར་མཆོད་ཅིང་། དད་པའི་ལྕགས་ཀྱུས་ཐུགས་དྲངས་པར་གྱུར་ཏོ། །

        དེ་དུས་རྗེ་བཙུན་ཁྱུང་ལྷས་པས་དབང་རེ་རེ་གནང་བའི་རྗེས་སུ་ཆོས་འདི་ང་ལ་བླ་མ་འདི་ཞེས་བྱ་བས་དགྱེས་བཞིན་དུ་གནང་བ་ཡིན་ཞེས་ངེས་པར་གསུངས་ཤིང་། བཀའ་ཐམས་ཅད་རྫོགས་པའི་མཇུག་ཏུ། ད་ནི་ཆོས་ཐམས་ཅད་བསྟན་པའི་བདག་པོ་ལ་འཕྲོད་པས་འགྱོད་པ་མེད་དོ་ཞེས་དགྱེས་པ་ཆེན་པོས་གསུངས། ཡང་སྔར་བུ་སྟོན་དང་ཁྱུང་ལྷས་པ་གཉིས་ཀྱིས་ཀུན་མཁྱེན་འཕགས་འོད་པའི་དྲུང་དུ་དཔལ་གསང་འདུས་དང་ཡོ་ག་སོགས་ཀྱི་དཀྱིལ་འཁོར་ཀྱི་དབང་གསན་པའི་ཚོགས་འཁོར་ཅིག་གི་གྲལ་དུ། ཀུན་མཁྱེན་པས། སྔོན་མར་པ་ལོ་ཙཱས་མི་ལར་རྨི་ལམ་འཆད་པ་ན། ཤར་དུ་ཀ་ཆེན་བཙུགས་པ་དེ། །དོལ་གྱི་ཚུར་སྟོན་དབང་དེ་ཡིན། །ཞེས་མགུར་མཛད་པ་གསུངས་ནས། ད་ནི་དེའི་ཚིག་སྤོས་ནས། ཤར་དུ་ཀ་ཆེན་བཙུགས་པ་དེ། །ཁྱུང་སྟོན་ཁྱོད་ལ་མི་ཟེར་རམ། །ཞེས་པའི་ལོ་རྒྱུས་གསུངས་ཤིང་། ད་ཡང་དེ་བཞིན་དུ། སྒོས་ལྷུན་སྡུག་གངས་རི་མཐོན་པོ་དེའི། །ཤར་དུ་ཀ་ཆེན་བཙུགས་པ་དེ། །བློ་བཟང་གྲགས་པའི་དཔལ་ཁྱོད་ཡིན། །ཀ་ཐོག་ཏུ་སེང་གེ་འགྱིང་བ་དེ། །ཁོ་མི་གཞི་སེང་དང་འདྲ་བ་ཡིན། །སེང་གཡུ་རལ་མཐའ་ནས་རྒྱས་པ་དེ། །སྙན་རྒྱུད་ཀྱི་གདམས་ངག་ཐེབས་པ་ཡིན། །སྡེར་བཞི་གངས་ལ་བགྲད་པ་དེ། །ཚད་མེད་བཞི་དང་ལྡན་པ་ཡིན། །སྤྱན་མིག་གྱེན་དུ་གཟིགས་པ་དེ། །འཁོར་བ་ལ་ཕྱི་ཕྱག་འཚལ་བ་ཡིན། །སེང་གངས་དཀར་ལྟོངས་སུ་འཕྱོ་བ་དེ། །ཐར་བའི་གླིང་དུ་གཤེགས་པ་ཡིན། །ཞེས་གསུངས།

        དེ་ནི་ཁྱུང་ལྷས་པས་འཕགས་འོད་དང་བུ་སྟོན་གཉིས་ལས་སྔགས་ཀྱི་གདམས་པ་རྒྱ་མཚོ་ལྟ་བུ་མནོས་པའི་བྱིན་རླབས་ཀྱི་བཅུད་མ་ཉམས་པར་ཉམས་སུ་བཞེས་ཤིང་། རྗེ་རིན་པོ་ཆེ་འདི་ལ་རྫོགས་པར་འཕྲོད་པས་ཀ་བས་གདུང་འདེགས་པ་ལྟར། རྗེ་རིན་པོ་ཆེས་རྒྱལ་བའི་བསྟན་པ་ཆེས་ཆེར་གསལ་བར་མཛད་ནས་སྐྱེ་དགུ་ཐམས་ཅད་ཀྱི་ཕན་བདེའི་རྩ་ལག་ཏུ་གྱུར་པ་འདི་ལ་དགོངས་ནས་གསུང་བར་ངེས་སོ། །རྗེ་རིན་པོ་ཆེ་འདི་པའི་ཞལ་ནས། སྔགས་ཀྱི་དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་གཙོ་བོར་བླ་མ་མཉེས་པར་བྱས་པ་འབའ་ཞིག་ལ་རག་ལས་འདུག་པས། དབང་གནང་བའི་དུས་ཐམས་ཅད་དུ་བླ་མས་མཉེས་བཞིན་དུ་རྗེས་སུ་གནང་བ་ཡིན་ནོ། །ཞེས་གསུང་བ་དེ་ལ་དཔྱད་རྒྱུ་ཆེན་པོ་ཅིག་འདུག་གོ་ཞེས་གསུང་ངོ་། ། དེ་ལྟར་རྗེ་བཙུན་དམ་པ་ཁྱུང་པོ་ལྷས་པ་ལས་གསན་དགོས་རྣམས་ཀྱི་ཐུགས་ཐག་ལེགས་པར་ཆོད་ནས། བན་གནམ་གྱི་ཕག་པ་རིན་བླ་མ་སྡེ་ཆེན་པ་ཆོས་ཀྱི་དཔལ་བ་གདན་དྲངས་ནས་བཞུགས་འདུག་པའི་སྤྱན་སྔར་བྱོན།

        སླར་ཡང་རྡོ་རྗེ་སྙིང་འགྲེལ། ཕྱག་རྡོར་བསྟོད་འགྲེལ། ནཱ་རོ་འགྲེལ་ཆེན་ལ་སོགས་པ་དུས་འཁོར་གྱི་ཆ་ལག་མང་པོ་ཞིག་གསན་ཅིང་། དཔལ་གསང་བ་འདུས་པ་ལུགས་གཉིས་ལ། བུ་སྟོན་རིན་པོ་ཆེ་པས་ཡིག་ཆ་མཛད་པ་ཅི་ཡོད་ཀྱི་བཤད་ལུང་ལ་སོགས་པ་ཆོས་བཀའ་མང་དུ་གསན། དེ་ནས་ཁོང་པ་སྡེ་ཆེན་དུ་ཐེགས། རྗེ་འདི་པས་ཕག་པ་རིར། ཞ་ལུ་བའི་ཡོ་ག་ལ་མཁས་པ་སྡེ་སྣོད་འཛིན་པ་ཆེན་པོ་རྒྱལ་མཚན་གྲགས་པ་སྤྱན་དྲངས་ནས། ཡོ་གའི་གར་དབྱངས་སོགས་ཕྱག་ལེན་རྣམས་ཀྱི་དག་ཐེར་ཡང་མཛད། བཀའ་ཡང་ཅི་རིགས་པར་གསན། ཁྱད་པར་རིན་པོ་ཆེ་བུ་སྟོན་གྱིས་མཛད་པའི་རྡོ་རྗེ་འབྱུང་བའི་རྣམ་བཤད་ཆེན་མོ་གསན་ཅིང་། ཡོ་གའི་རྩ་རྒྱུད་དེ་ཉིད་བསྡུས་པ། བཤད་རྒྱུད་རྡོ་རྗེ་རྩེ་མོ། དཔལ་མཆོག ངན་སོང་སྦྱོང་བའི་རྒྱུད་ལ་སོགས་པ་དང་། དེ་ཉིད་སྣང་བ། ཀོ་ས་ལའི་རྒྱན། དཔལ་མཆོག་འགྲེལ་ཆེན་ལ་སོགས་པ། རྒྱུད་དང་འགྲེལ་བ་རྒྱ་གཞུང་གི་རིགས་དཔག་ཏུ་མེད་པའི་ལུང་ཡང་གསན་ནོ། ། 

                                                 རྩོམ་སྒྲིག་པ། མང་ར་བ།
       གསལ་འདེབས། 
            རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
            དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།