རྗེའི་རྣམ་ཐར་ཆེན་མོ་ལས་དབང་ལུང་ཁྲིད་གསུམ་གྱིས་གདུལ་བྱ་བསྐྱང་བའི་སྐབས་ལྔ་བ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-08-31 07:45:40     རྩོམ་པ་པོ།   ཆ་ཧར་དགེ་བཤེས།    ཀློག་ཐེངས།  

4175448ctad53fb6957f6&690.gif

        འདིར་རྣམ་ཐར་ཆེན་མོ་ལས། དེ་དུས་རྗེ་བཙུན་པའི་ཞལ་ནས། སྔགས་ཀྱི་རྩད་གཅོད་དེ་ཙམ་མཛད་པ་ལ་ཡུན་རིང་འགྱངས། ད་ལྟ་སྡེ་སྣོད་ཀྱི་བཤད་པས་ཕན་འདོགས་རྒྱ་ཆེན་པོ་འོང་གིན་འདུག་པས་རེ་ཞིག་བཤད་པ་མཛད་པ་མི་འཐད་དམ་ཞེས་གསུངས་པ་ལ། བདག་སྔགས་ཀྱི་ཕྱོགས་ལ་འདུན་པ་དྲག་པོ་བདོག་པས་སྔོན་ལ་སྔགས་ཕྱོགས་ཀྱི་རྩད་གཅོད་བགྱིད་པ་ལགས་ཞེས་ཞུས་གསུང་། དེ་ཡང་ད་ལྟའི་དུས་ཀྱི་ཐོས་པ་ཚོལ་བ་རྣམས་ནི་ཕལ་ཆེར་མཚན་ཉིད་ཐེག་པའི་ཕྱོགས་ཀྱི་གཞུང་ལ་ཅུང་ཟད་བློ་ཁ་ཕྱོགས་ན་སྔགས་ཀྱི་གཞུང་ལ་རང་ཉིད་ཀྱང་འཇུག་པར་མི་འདོད་ཅིང་། རང་གི་ཚིག་ཉན་པ་དག་འཇུག་པའང་ཐབས་དུ་མ་ཞིག་གིས་ཕྱིར་ཕྱོགས་པར་བྱེད་ལ། ཁ་ཅིག་ནི་སྔགས་ཕྱོགས་ལ་མོས་པ་ལྟར་སྣང་ཅིག་སྐྱེས་ན་དེ་ཉིད་རྒྱུ་མཚན་དུ་བྱས་ནས། ཕ་རོལ་ཏུ་ཕྱིན་པའི་སྡེ་སྣོད་ལ་དགོས་པ་ཆུང་ཞིང་དམན་པར་སེམས་པས་རང་གཞན་ཕྱོགས་དེ་ཉིད་ལས་ཕྱིར་ཕྱོགས་པར་བྱེད་དེ། ཆོས་སྤོང་པའི་ལས་ཀྱི་སྒྲིབ་པ་ཤིན་ཏུ་མི་བཟད་ཅིང་རྣམ་པར་སྨིན་པ་རབ་ཏུ་ཚ་བ་དག་བློ་སྔོན་དུ་བཏང་ནས་ལེན་པར་བྱེད་ལ། རང་བཞིན་བཟང་བའི་ངང་ཚུལ་ཅན་དུ་ཁས་ལེན་པ་དག་ཀྱང་ཅིག་ཤོས་ཀྱི་ཕྱོགས་ལ་འཇུག་པར་སྤྲོ་བ་ཡང་དང་དུ་མི་ལེན་ལ་དངོས་སུ་སྨོད་པར་ཡང་མི་བྱེད་པ་ཙམ་ཞིག་དེའི་སྙིང་པོར་ཟད་དེ། རྒྱལ་བའི་བསྟན་པ་ལ་སྒོ་ཐམས་ཅད་ནས་འཛིན་པར་འདོད་པའི་ལས་བཟང་པོ་ཡོངས་སུ་བསགས་པ་དེ་ལྟ་བུ་ནི་འགའ་ཙམ་ཡང་མཐོང་བར་བྱ་དཀའ་བ་ཉིད་དུ་གྱུར་ལ། སྔོན་དུས་ཁ་བ་ཅན་གྱི་བཤེས་གཉེན་ཆེན་པོ་དག་ལ་ཡང་ཕྱོགས་རེར་མ་ཆད་པའི་ཆོས་ཀྱི་སྤྱན་མངའ་བ་ནི་ཤིན་ཏུ་དཀོན་པར་བྱུང་སྣང་ངོ་། །

        དེ་ལྟ་མོད་ཀྱི་བདག་ཉིད་ཆེན་པོ་འདི་ནི། གཞོན་ནུའི་དུས་ཉིད་ནས་ཀྱང་བསྟན་པ་ཡོངས་སུ་རྫོགས་པའི་ཁུར་འཁྱེར་བར་རིངས་པར་ཆས་པ་ཞིག་སྟེ། རྗེའི་ཞལ་ནས། ང་ལ་སྔགས་ཀྱི་ཕྱོགས་ལ་གཞན་གྱིས་བསྐུལ་དགོས་པ་མེད། ཆུང་ངུ་ནས་འདི་ལ་ཤེས་འདོད་དྲག་པོ་ཡོད་ཅིང་། དེ་ཡང་རྒྱུད་སྡེ་མཐའ་དག་ཡོངས་སུ་རྗོགས་པར་བསླབ་དགོས་སྙམ་པ་ཞིག་དང་པོ་ནས་ཡོད་ཅེས་གསུང་ངོ་། །ཞེས་གསུངས་སོ། །

        དེ་ནས་རྗེ་བཙུན་རེད་མདའ་པ་ས་སྐྱར་བྱོན། རྗེ་འདི་བ་རོང་ཆོས་ལུང་དུ་བྱོན། བླ་མ་དབུ་མ་པ་དང་མཇལ་ནས་ཆོས་ཀྱི་གསུང་གླེང་མང་དུ་མཛད། ཡང་རྗེ་རིན་པོ་ཆེས་བླ་མ་དབུ་མ་པ་བརྒྱུད་ནས་འཇམ་པའི་དབྱངས་ལ་ཆོས་ཀྱི་དྲི་བ་མང་དུ་མཛད། ཁྱད་པར་དབུ་མའི་ལྟ་བ་འདི་མ་བཙལ་ན་ལམ་གྱི་སྲོག་མི་རྙེད། བཙལ་ཀྱང་ཤིན་ཏུ་རྙེད་དཀའ་ཞིང་ཕྱིན་ཅི་ལོག་ཏུ་བཟུང་ན་གོལ་ས་དང་ཉེས་དམིགས་གཞན་ལས་ཀྱང་ཆེ་བར་འཕགས་པ་ཡབ་སྲས་ཀྱིས་གསུངས་འདུག་པས། འདི་ཉིད་འབའ་ཞིག་ཡིད་ལ་གཅགས་པའི་ཐུགས་ཀྱི་བཞེད་པ་རྟག་ཏུ་རྒྱུན་ཆགས་པས་དེ་ཁོ་ན་ཉིད་ཚོལ་བ་ལ་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་དང་འདྲ་བར་ཡོད་པས། དེའི་ཚེའང་རྗེ་བཙུན་ལ་ལྟ་བའི་དྲི་བ་རང་ཤས་ཆེར་མཛད་དོ། །

        སྔར་རྗེ་རེད་མདའ་པས་སློབ་མ་རྣམས་ལ་ཆོས་འཆད་པར་བསྐུལ་པས་དགུང་ལོ་ཉེར་དགུ་ནས་འདིའི་བར་ལོ་བདུན་གྱི་རིང་གཞུང་ལུགས་མང་པོའི་གསུང་བཤད་མཛད་པ་ཡིན་ལ། ད་ནི་སྔགས་ཕྱོགས་ཀྱི་གསན་དགོས་རྣམས་རྫོགས་ནས་དབེན་པར་བསྙེན་སྒྲུབ་མཛད་པར་ཐུགས་ཐག་བཅད་དོ། །དེ་ནས་ཉང་སྟོད་དུ་བླ་མ་ཆོས་ཀྱི་དཔལ་བའི་དྲུང་དུ་འབྱོན་པར་བཞེད་པ་ལ། ཕག་མོ་གྲུ་པའི་དམག་ཆེན་ལ་སྟོད་ཀྱི་ཕྱོགས་སུ་སོང་བ་དེ་ལོག་འོང་གིན་འདུག་ཟེར་བ་གསན་ནས། དམག་དེ་ཐག་མ་ཆོད་ཀྱི་བར་གྱི་སྟོན་དེར་རོང་གི་རིང་ལུང་ཕུག་ཏུ་བཞུགས། སྟོན་གྱི་མཇུག་ཏུ་གོང་གསུམ་སྡེ་ཆེན་དུ་བླ་མ་ཆོས་ཀྱི་དཔལ་བའི་དྲུང་དུ་ཕེབས། བླ་མ་འདི་ནི་བུ་སྟོན་རིན་པོ་ཆེའི་བུ་ཆེན་རྣམས་ཀྱི་ནང་ནས་དུས་འཁོར་ལ་ཤིན་ཏུ་མཁས་ཤིང་། སྔགས་ཀྱི་གཞུང་ལག་ལེན་མན་ངག་སོགས་ལ་མངའ་བརྙེས་པའི་མཁས་པ་ཡིན་ནོ། །

        བླ་མ་དེ་ལ་ཐོག་མར་མཇལ་བའི་དགོངས་མོ་ཕྱག་ཕྱིས་དར་སེར་ཞིག་ཕུལ། སང་ཉིན་གསོལ་ཇ་དྲངས་ནས་ནེ་ཙོའི་ཁ་དོག་ལྟ་བུའི་གོས་ལྗང་ཡུག་གཅིག་ཕུལ་ནས་དུས་འཁོར་འགྲེལ་ཆེན་ཆ་ལག་དང་བཅས་པ་ཡོངས་རྫོགས་གསུང་བར་ཞུས་པ་ལ། བླ་མ་དེས། མདང་གི་དར་སེར་དེ་ས་ཁམས་ཀྱི་མདོག་ཅན་སྡུད་རིམ་དང་མཐུན་པས་རྫོགས་རིམ་གྱི་རྟོགས་པ་རྫོགས་པར་འོང་། ད་ནང་གི་གོས་ལྗང་ནམ་མཁའི་ཁམས་ཀྱི་མདོག་ཅན་བསྐྱེད་རིམ་དང་མཐུན་པས་བསྐྱེད་རིམ་གྱི་རྟོགས་པ་རྫོགས་པར་འོང་བ་འདུག ཁོ་བོས་སློབ་མ་རྣམས་ལ་འགྲེལ་ཆེན་བཤད་ནས་ལེའུ་དང་པོ་རྫོགས་ཏེ། ལེའུ་གཉིས་པའི་མགོ གང་ཞིག་ཆེན་པོའི་མི་རྣམས་སྨིན་པར་བྱ་བའི་དོན་དུ། ཞེས་པའི་ཚིག་ལ་སླེབས་བྱུང་བས་རྟེན་འབྲེལ་ཤིན་ཏུ་ལེགས། ཆོས་ཐམས་ཅད་རྫོགས་པར་བྱ་ཞེས་དགྱེས་བཞིན་དུ་གསུང་། །ལེའུ་གཉིས་པ་དེ་ཉིད་ནས་མཇུག་རྫོགས་པའི་བར་གསུངས་ཤིང་། སླར་ཡང་ལེའུ་དང་པོའི་མགོ་ནས་བརྩམས་ཏེ་རྫོགས་པར་གསུངས། 

                                           རྩོམ་སྒྲིག་པ། མང་ར་བ།
         གསལ་འདེབས། 
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
              དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།