རྗེའི་རྣམ་ཐར་ཆེན་མོ་ལས་དབང་ལུང་ཁྲིད་གསུམ་གྱིས་གདུལ་བྱ་བསྐྱང་བའི་སྐབས་བཞི་བ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-08-30 19:24:06     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        ཡང་སྐབས་ཤིག་རིན་ཆེན་སྤུངས་པའི་དཔོན་གྱིས་གདན་འདྲེན་ཞུས་པའི་ལན་དུ་གནང་བའི་གསུང་ཡིག་ནི། ཤེས་བྱ་ཀུན་ལ་དྲི་མེད་མངོན་སུམ་སྤྱན། །ལུས་ཅན་ཀུན་ལ་བུ་གཅིག་ལྟ་བུར་བརྩེ། །རབ་འབྱམས་ཞིང་བཞུགས་བདེ་བར་གཤེགས་རྣམས་ཀྱིས། །མི་དབང་ཁྱོད་ལ་རྟག་ཏུ་སྐྱོང་གྱུར་ཅིག །འགྲོ་རྣམས་བྱམས་པའི་ཐུགས་ཀྱིས་ལེགས་སྐྱོང་ཞིང་། །སྐྱབས་གསུམ་གུས་པས་སྤྱི་བོའི་གཙུག་ན་འཁུར། །ཡ་རབས་སྤྱོད་ཚུལ་དགེ་མཚན་དུ་མས་མཛེས། །གངས་རིའི་ཁྲོད་ཀྱི་མགོན་མེད་ཟས་སྦྱིན་གྱིས། །བསྟན་པ་ཉིད་ལ་དགོངས་པའི་ལྷག་བསམ་གྱིས། །ཀུན་ནས་བསླངས་པའི་ཕུན་ཚོགས་མཐུན་རྐྱེན་སྩལ། །ཕྱོགས་འདིར་རེ་ཞིག་སྡོད་པ་སྤྲོ་ནའང་། །དེ་ལ་བདེ་བར་སྡོད་པའི་མི་མཐུན་རྐྱེན། །གངས་ཅན་མཁས་པའི་དབང་པོ་རེད་མདའ་པ། །རྫོང་ཁར་ཕེབས་པའི་ཕོ་ཉ་འདི་རུ་སླེབས། །དེ་ཚེ་འགྲོ་འདོད་ཡིད་ཀྱིས་བསྐྱོད་པ་ཡི། །ལུས་ཀྱི་འཁྲུལ་འཁོར་དེ་རུ་ཕྱོགས་པར་གྱུར། །སླར་ཡང་ལེགས་ཚོགས་ཀུན་གྱི་གཏེར་ཆེན་པོ། །བསྟན་པ་རིང་དུ་གནས་ཕྱིར་བསྟན་འཛིན་ལ། །སྐྱོ་ངལ་མེད་པར་ཡང་འདུད་མཛད་པ་ནི། །ཉིད་ཀྱི་ངང་ཚུལ་ལགས་མོད་བསྐུལ་ཅི་དགོས། །འོན་ཀྱང་མི་དབང་ཆབ་སྲིད་བརྟན་པའི་ཕྱིར། །རྒྱལ་དང་རྒྱས་སྲས་བསྲུང་མའི་ཚོགས་རྣམས་ལ། བསམ་པ་དག་པས་གསོལ་བ་འདེབས་པ་དང་། །དྲི་མ་མེད་པའི་སྨོན་ལམ་བགྱིད་པར་ཞུ། །རྫོང་ཁར་མྱུར་དུ་སླེབ་དགོས་འདུག་པ་དང་། །ཕྱོགས་དེར་ཆུ་ཡི་འཇིགས་པ་མཐོང་བས་ན། །རེ་ཞིག་མཇལ་བར་འདོད་པའི་འདུན་པ་སྐྱུངས། །སླར་ཡང་མྱུར་བ་ཉིད་དུ་མཇལ་བར་སྨོན། ཞེས་ཡི་གེ་གཟིགས་པའི་རྟེན་དུ་ཕྱག་ཕྱིས་གསེར་མདོག་ཁ་གང་འབུལ། ཞེས་པ་འདི་ནི་རྗེ་རིན་པོ་ཆེའི་ཞལ་སྔ་ནས་རིན་སྤུངས་པ། དཔོན་ནམ་མཁའ་རྒྱལ་མཚན་པ་ལ་རོང་ཆོས་ལུང་ནས་གནང་བའོ། །ཞེས་སོ། །

        དེ་ནས་རྗེ་རིན་པོ་ཆེ་སྟག་ཚང་རྫོང་ཁར་བྱོན། དེ་ན་མཁན་ཆེན་ལོཙྪ་བ་གྲགས་པ་རྒྱལ་མཚན། རྗེ་བཙུན་རེད་མདའ་པ། བླ་མ་དོན་བཟང་ལོཙྪ་བ། རྗེ་འདི་བའི་ཞལ་སྔ་ནས་དང་། དེ་དག་གི་ཞབས་འབྲིང་དུ་ལྷགས་པའི་དགེ་བཤེས་དུ་མ་དང་། དེར་གཉུག་མར་གནས་པའི་དགེ་འདུན་དང་བཅས་བསོད་ནམས་ཀྱི་ཞིང་མཆོག་ཏུ་གྱུར་བ་ཐམས་ཅད་ལ་ཉེ་བར་མཁོ་བའི་འཆོག་ཆས། གསོལ་བཞེས། གནས་མལ་སོགས་ཐམས་ཅད་ཆོས་རྗེ་ལོཙྪ་བ་སྐྱབས་མཆོག་དཔལ་བཟང་པོས་ཐུགས་ཁུར་བཞེས་ནས་ཕུན་སུམ་ཚོགས་པར་བསྒྲུབས། ཆོས་རྗེ་ལོཙྪ་བ་འདི་ནི་གཞུང་ལུགས་རབ་འབྱམས་ལ་མཁྱེན་པ་རྒྱས་ཤིང་། གཅིག་ཏུ་བསྟན་པ་རིན་པོ་ཆེ་བཤད་སྒྲུབ་གཉིས་ཀྱི་ཁུར་འདེགས་པ་ལ་མཉམ་པ་མེད་པའི་བརྟུལ་ཞུགས་ཅན། རྒྱལ་སྲས་འདུལ་འཛིན་ཆེན་པོ་ཡིན་ནོ། །

        ལོཙྪ་བ་འདིས་བླ་སློབ་རྣམས་ལ་མཚམས་སྦྱར་མཛད་ནས། དད་པའི་དེད་དཔོན་དག་གིས། མགྲིན་པའི་སྒྲ་དབྱངས་བསྒྲགས་པས། པདྨོའི་མཚོ་ཆེན་སྐལ་བཟང་ཉིད་དུ་བྱེད་པ་ལྟར། མཁས་པ་རྣམས་ཀྱིས་དམ་པའི་ཆོས་ཀྱི་སྤེལ་གཏམ་མཛད་པས་རྒྱལ་བའི་བསྟན་པ་དར་བར་མཛད་དོ། །དེ་ཡང་གྲགས་རྒྱན་པས་ཕར་ཕྱིན་དང་། ཆོས་རྗེ་སྐྱབས་མཆོག་པས་བརྟག་གཉིས་གསུངས། རྗེ་རེད་མདའ་པས་ཁོང་རང་གིས་མཛད་པའི་རྣམ་འགྲེལ་རྒྱན་གྱི་འགྲེལ་བཤད་ཆེན་མོ་དེ་གསུངས་པ་ལ་རྗེ་འདིས་གསན། དཔོན་སློབ་གཉིས་ཀྱིས་དཀའ་གནས་གཏན་ལ་འབེབས་པའི་རིགས་པའི་བརྒལ་བརྟག་ཀྱང་མང་དུ་མཛད། དེ་ནས་རེད་མདའ་པ་དང་རྗེ་འདི་གཉིས་འབའ་འུ་འབའ་གཉེར་དུ་ཆོས་བར་ལ་བྱོན།

        རྗེ་འདིས་རེད་མདའ་པ་ལས་དཔལ་གསང་བ་འདུས་པའི་རྩ་རྒྱུད་ཀྱི་བཤད་པ་ཚར་གཅིག་གསན། དེའི་ཚེ་གོང་གསུམ་སྡེ་ཆེན་པའི་བླ་མ་རིན་པོ་ཆེ་ཆོས་ཀྱི་དཔལ་བའི་དྲུང་དུ་དུས་འཁོར་གསན་དགོས་དགོངས་པ་བྱུང་བའི་ནུབ་གཅིག་གི་མནལ་ལམ་དུ། ཆོས་དཔལ་གྱིས་བུ་སྟོན་རིན་པོ་ཆེ་ལ་དུས་འཁོར་འགྲེལ་ཆེན་ཚར་བཅུ་བདུན་ཉན་པ་ཡིན་ཞེས་པ་རྨིས། ཕྱིས་ཁོང་དང་མཇལ་དུས་བུ་སྟོན་རིན་པོ་ཆེ་ལ་དུས་འཁོར་ཚར་དུ་གསན་ཞུས་པས། བཅུ་བདུན་ཉན་ཞེས་གསུང་ངོ་། ། 

རྩོམ་སྒྲིག་པ། མང་ར་བ།
            གསལ་འདེབས། 
                     རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།