རྗེའི་རྣམ་ཐར་ཆེན་མོ་ལས་དབང་ལུང་ཁྲིད་གསུམ་གྱིས་གདུལ་བྱ་བསྐྱང་བའི་སྐབས་གསུམ་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-08-30 19:15:51     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        གོང་དུ་བརྗོད་པའི་ཆོས་བཅུ་བདུན་ལས་བྱམས་ཆོས་སྡེ་ལྔ་ནི། མངོན་རྟོགས་རྒྱན། མདོ་སྡེའི་རྒྱན། དབུས་མཐའ་རྣམ་འབྱེད། ཆོས་ཉིད་རྣམ་འབྱེད། རྒྱུད་བླ་མ་སྟེ་ལྔ་ཡིན་ལ། བྱང་ཆུབ་སེམས་དཔའི་རྒྱ་ཆེ་བའི་ལམ་གཙོ་བོར་གསུངས་པ་ཕར་ཕྱིན་གྱི་སྐོར་རོ། །དབུ་མ་རིགས་ཚོགས་ལྔ་ནི་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པ་སྟེ། རྩ་བ་ཤེས་རབ། སྟོང་ཉིད་བདུན་བཅུ་པ། རིགས་པ་དྲུག་བཅུ་པ། རྩོད་བཟློག ཞིབ་མོ་རྣམ་འཐག་སྟེ་ལྔའོ། །དབུ་མ་ལ་འཇུག་པ་ནི་དཔལ་ལྡན་ཟླ་གྲགས་ཀྱིས་མཛད། བཞི་བརྒྱ་བ་ནི་འཕགས་པ་ལྷས་མཛད་པ་ཡིན་ལ་སྟོང་ཉིད་གཙོ་བོར་གསུངས་པ་དབུ་མའི་སྐོར་རོ། །སྤྱོད་འཇུག་ནི་ཞི་བ་ལྷས་མཛད་པ་སྟེ་ཟབ་རྒྱས་གཉིས་ཚོགས་གསུངས་པའོ། །མངོན་པ་གོང་མ་ནི་འཕགས་པ་ཐོགས་མེད་ཀྱིས་མཛད་པ་ཀུན་བཏུས་ཞེས་པའོ། །

        མངོན་པ་འོག་མ་ནི་དབྱིག་གཉེན་གྱིས་མཛད་པ་མཛོད་ཅེས་བྱ་བ་སྟེ། འདི་གཉིས་ནི་ཤེས་བྱ་ཐམས་ཅད་ཀྱི་གྲངས་དང་ངོ་བོ་སོགས་གསུངས་པ་མངོན་པའི་སྐོར་རོ། །མདོ་རྩ་ནི་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པ་སྟེ། དགེ་བསྙེན་ནས་དགེ་སློང་གི་བར་གྱི་སྡོམ་པ་ལེན་བསྲུང་སོགས་གསུངས་པའོ། ། རྣམ་འགྲེལ་ནི་དཔལ་ལྡན་ཆོས་གྲགས་ཀྱིས་མཛད་པ་སྟེ། བླང་དོར་གྱི་གནས་མཐའ་དག་རིགས་པ་ཡང་དག་གིས་གཏན་ལ་འབེབས་པ་གཏན་ཚིགས་རིགས་པའམ་ཚད་མའི་བསྟན་བཅོས་ཞེས་ཀྱང་ཟེར་རོ། །

        རྗེ་རིན་པོ་ཆེས་གཞུང་བཅུ་བདུན་པོ་འགྲེལ་པ་རེ་རེ་དང་སྦྱར་ནས་གསུངས་པས་པོ་ཏི་སོ་བཞིར་འགྱུར་ཞིང་། ཁ་ཅིག་འགྲེལ་བ་གཉིས་གསུམ་དང་སྦྱར་ནས་གསུངས་པས་པོ་ཏིའི་གྲངས་ཤིན་ཏུ་མང་པོར་འགྱུར་ལ། དེ་ལྟར་ན་ཤེས་རབ་སེང་གེས་གསུངས་པ་ལས་གསུམ་འགྱུར་དང་བཞི་འགྱུར་ཡོད་པར་ངེས་སོ། །རྗེ་ཡབ་སྲས་ཀྱི་དུས་སུ་གཞུང་མང་པོ་དེ་འདྲ་བ་ལ་འཆད་ཉན་མཛད་པ་ཡོད་འདུག་ཅིང་། དེང་སང་ནི་གཞུང་དེ་དག་གི་དཔེ་ཀློག་ཙམ་བྱས་པ་ཡང་དཀོན་པ་འདྲའོ། །བློ་ལྡན་ཤེས་འདོད་དག་གིས་གཞུང་དེ་དག་ཉན་པ་དང་། དཔེ་ཀློག་པ་དང་། སྨོན་ལམ་འདེབས་པ་སོགས་ཀྱིས་བག་ཆགས་ཅི་འཇོག་བྱེད་ན་ལེགས་ཤིང་། རྗེ་རིན་པོ་ཆེས། དང་པོར་རྒྱ་ཆེན་ཐོས་པ་མང་དུ་བཙལ། །ཞེས་གསུངས་པ་ལྟར་གྱི་ལུང་གི་ཡོན་ཏན་ཡང་དཔག་ཏུ་མེད་པ་ཡིན་པར་སྣང་ངོ་། །

        དགུང་ལོ་སོ་གསུམ་བཞེས་པའི་ས་སྦྲུལ་ལོའི་དབྱར་ཡར་ལུང་ཨོ་ཀར་བྲག་གི་རི་ཁྲོད་དུ་བཞུགས་ནས་མཚམས་དམ་པོ་བཅད་ཅིང་། བཅོམ་ལྡན་འདས་དཔལ་འཁོར་ལོ་བདེ་མཆོག་གི་བསྒོམ་བཟླས་དང་། ཐུན་བཞིའི་རྣལ་འབྱོར། བདག་འཇུག་ཤིན་ཏུ་མང་བར་མཛད། ནི་གུ་ཆོས་དྲུག་གི་དམིགས་སྐོར་རྣམས་ཀྱང་ཉམས་སུ་བཞེས་ཤིང་། ཞག་རེ་ལ་གཏུམ་མོའི་རླུང་སྦྱོར་ཡང་བརྒྱད་བརྒྱ་རེ་མཛད་ཅེས་གསུང་། དེའི་ཚེ་གཏུམ་མོ་སོགས་ཀྱི་རྟོགས་པའི་ཡོན་ཏན་བཟང་པོ་ཐུགས་ལ་འཁྲུངས་སོ། །དེ་ནས་སྟོན་སྐྱིད་ཤོད་དུ་ཕེབས། རྗེ་བཙུན་རེད་མདའ་པའི་ཞལ་སྔ་ནས་ཀྱང་དབུས་སུ་ཆོས་བར་ལ་ཕེབས་པས། དཔོན་སློབ་གཉིས་ཀ་པོ་ཏ་ལར་བཞུགས་ནས་ཆོས་ཀྱི་བགྲོ་བ་མང་དུ་མཛད་ཅིང་། སློབ་མ་རྣམས་ལ་ཆོས་ཀྱང་བསྩལ། རེད་མདའ་པ་སླར་གཙང་ལ་བྱོན། རྗེ་རིན་པོ་ཆེས་དགུན་དེར་སྐྱོར་མོ་ལུང་གི་བྲག་ཏུ་བཞུགས་ནས་མཁས་པ་མང་པོ་ལ་དུས་འཁོར་དང་ཕར་ཚད་མངོན་པ་སོགས་གསུངས་སོ། །

        དགུང་ལོ་སོ་བཞི་བཞེས་པའི་ལྕགས་རྟ་ལོའི་དཔྱིད་རྒྱུད་སྡེ་ཆེན་པོ་རྣམས་ཀྱི་བཤད་པ་དང་དབང་ལག་ལེན་མན་ངག་རྫོགས་པ་ཞིག་རྩད་གཅོད་པར་བཞེད་པ་དང་། རེད་མདའ་པ་དང་རྗེ་འདི་གཉིས་ཆོས་ཀྱི་བགྲོ་བ་མཛད་པའི་དགོས་པ་འགའ་ཞིག་ཀྱང་ཡོད་པས་གཙང་ལ་བྱོན། རོང་གི་སྣུབས་ཆོས་ལུང་དུ་བཞུགས། དེར་མཁན་པོ་གྲགས་པ་བཤེས་གཉེན་ལས་བཀའ་ལུང་ཅི་རིགས་པ་གསན། འཇག་ཆེན་བྱམས་པ་དཔལ་ལས་མགོན་པོ་ཕྱག་དྲུག་པའི་ཆོས་སྐོར་གསན། དེ་དུས་རྗེ་འདི་པའི་ཞབས་འབྲིང་ལ་ཡོད་པའི་སྔོ་ཕྱི་དཔོན་པོ་བསོད་ནམས་གྲགས་དང་། ཨ་མདོ་དགེ་བཤེས་ཤེས་རབ་གྲགས་ཞེས་པ་གཉིས་ཀྱིས་བླ་མ་དབུ་མ་པ་བརྩོན་འགྲུས་སེང་གེ་བདེ་མཆོག་སྟེང་ཞེས་པའི་དབེན་གནས་ཤིག་ན་བཞུགས་པའི་དྲུང་དུ་མཇལ་བ་ལ་ཕྱིན་ནས་ཆོས་འབྲེལ་ཞུས། གསུང་གླེང་བྱུང་བ་ལ་དབུ་མ་པས། ངས་ཁྱེད་ཀྱི་སློབ་དཔོན་ལ་དབྱངས་ཅན་མའི་རྗེས་གནང་ཅིག་ཞུ་བ་ཡིན་གསུང་།

        དེ་ནས་བླ་མ་དབུ་མ་པས་རྗེ་རིན་པོ་ཆེ་ལ་མཇལ་ནས་དབྱངས་ཅན་མའི་རྗེས་གནང་མནོས། དེའི་ཚེ་གང་ཅིའི་གསུང་གླེང་ཞིབ་ཏུ་མཛད་པས། དབུ་མ་བ་ཁོ་རང་ཆུང་དུས་མདོ་ཁམས་སུ་ཕྱུགས་སྐྱོང་བའི་སྐབས་ནས་རྗེ་བཙུན་འཇམ་དབྱངས་ཀྱི་སྐུའི་སྣང་བ་དང་། རྒྱུན་དུ་ཆོས་གསུང་བ་དང་། དེ་ལ་སྔ་ཕྱིར་བརྟག་པ་མང་དུ་བྱས་པ་སོགས་ཞུས་ནས། ད་དུང་ངེད་འདི་ལ་ངེས་པ་གཏིང་ནས་མ་རྙེད་པས་འདི་ཐུགས་ལ་བཞག་ནས་དཔྱད་པ་ཡང་དག་མཛད་པར་ཞུ། ད་ལན་ཡང་ཁྱེད་ལ་རྗེས་གནང་ཞུ་བའི་ཆེད་དུ་སོང་ཞེས་སྣང་བ་དེའི་གསུང་ནས་བྱུང་བས་འོང་བ་ཡིན་ཞེས་ཞུས་པ་ལ། རྗེ་རིན་པོ་ཆེས་དབུ་མའི་ལྟ་བ་སོགས་ཆོས་ཀྱི་ཟབ་གནད་ལ་དྲི་གཏུགས་མཛད་པ་སོགས་ཀྱིས་ཞིབ་ཏུ་དཔྱད་པས་ཡིད་བརྟན་དུ་རུང་བར་འདུག་པས། ད་འདི་ལ་སོམ་ཉི་མི་དགོས། གསོལ་བ་དྲག་ཏུ་ཐོབ། འོན་ཀྱང་རྗེ་བཙུན་གྱི་སྐུ་དང་གསུང་རང་མཚན་པ་ནི་དབང་ཤེས་ལ་སྣང་བ་འདི་མིན། ཡི་དམ་ཀྱི་སྐུ་དངོས་ཀྱི་རྣམ་པ་ཡིད་ཤེས་ལ་དངོས་སུ་སྣང་བ་ཅིག་དགོས། ངེད་ཀྱང་འཇམ་པའི་དབྱངས་ཀྱི་སྒྲུབ་སྐོར་མན་ངག་སོགས་འདི་ཕྱོགས་ལ་ཐོབ་འདོད་ཆེ་བར་ཡོད་པས་ཞུ་དགོས་ནའང་། ད་ལམ་རྗེ་བཙུན་རེད་མདའ་པ་སྟག་ཚང་དུ་འབྱོན་པ་ལ་ངེད་མཇལ་འཕྲད་བྱེད་པའི་དུས་དེས་བྱས་པ་ཡོད་པས་མི་འགྲུབ་འདུག ཕྱིས་སུ་ཅིས་ཀྱང་མཇལ་བའི་ཐབས་བསྒྲིག་པ་ཞུ་ཞེས་གསུང་། 

                                                           རྩོམ་སྒྲིག་པ། མང་ར་བ།
       གསལ་འདེབས། 
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
              དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།