རྗེའི་རྣམ་ཐར་ཆེན་མོ་ལས་དབང་ལུང་ཁྲིད་གསུམ་གྱིས་གདུལ་བྱ་བསྐྱང་བའི་སྐབས་གཉིས་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-08-30 19:03:02     རྩོམ་པ་པོ།   ཆ་ཧར་དགེ་བཤེས།    ཀློག་ཐེངས།  

4175448ctad53fb6957f6&690.gif

        དེའི་དགུན་སྨོན་མཁར་བཀྲ་ཤིས་གདོང་གི་ལྷ་ཁང་དུ་བཞུགས། དེ་དུས་ནུབ་གཅིག་བསྲོ་ཁང་གི་མེ་ལ་བཞུགས་ནས་བོད་ཀྱི་མཁས་གྲུབ་མང་པོའི་རྣམ་ཐར་ཅི་རིགས་གསང་བའི་སྐབས་སུ་དཀའ་བཞི་པ་ཤེས་རབ་སེང་གེས་ཆོས་ཐོག་གཅིག་ལ་པོ་ཏི་བཅུ་གཅིག་གསུངས་འདུག དེ་འདྲའི་པོ་ཏི་མང་པོ་བློ་ཐོག་ནས་གསུངས་པའི་བླ་མ་གཞན་མ་བྱུང་བས། འོད་ཡུལ་དུ་དུས་ཕྱིས་ཆོས་ཐོག་གཅིག་ལ་བློ་ཐོག་ནས་ཆོས་གསུངས་པ་དེ་མང་ཤོས་སུ་འོང་བ་འདྲ་གསུང་། དེ་ལ་དགེ་བཤེས་ཤ་སྟོན་སོགས་རྗེའི་དྲུང་དུ་འཁོར་བའི་མཁས་པ་འགའ་ཞིག་གིས། རྗེ་ཉིད་མང་པོ་ལ་ཆོས་གསུང་དུས་པོ་ཏི་བཅུ་སྐོར་ཐུགས་ཐོག་ནས་གསུངས་པར་མཛད་གདའ་བས། ཤེས་རབ་སེང་གེས་གསུངས་པ་ལས་མང་རབ་གསུང་ནའང་ཐུབ་ངེས་པར་འདུག

        དེ་ལྟར་གསུངས་ན་ཤེས་འདོད་ཀྱི་སློབ་མ་རྣམས་ལ་བློ་སྐྱེད་ཆེན་པོ་འབྱུང་བ་དང་། བསྟན་པ་འཛིན་པའི་མཁས་པ་རྣམས་ཆོས་ལ་བརྩོན་པའི་རྒྱན་དུ་འགྱུར་བ་སོགས་བསྟན་འགྲོའི་དོན་རྒྱ་ཆེན་པོ་འབྱུང་བ་དང་། རང་ཅག་རྣམས་ཀྱང་རྙེད་པར་དཀའ་བའི་ཆོས་ཀྱི་བདུད་རྩི་མང་པོ་འཐོབ་པར་འགྱུར་བས། ཐུགས་རྗེས་གཟིགས་ནས་གསུང་བར་ཞུ་ཞེས་ཞུས་པ་ལ། རྗེ་རིན་པོ་ཆེས། རྩོལ་བ་བྱས་ན་དེ་ཙམ་ཞིག་འཆད་ཐུབ་པའང་འདྲ་གསུངས་པར། དགེ་བཤེས་རྣམས་ཀྱིས་ནན་ཏན་ཆེན་པོས་ཕྱག་བྱས་ཏེ་གསོལ་བ་བཏབ་པས་གསུང་བར་ཞལ་གྱིས་བཞེས་ཏེ། ཟླ་བ་དེའི་ཚེས་བཅུ་ནས་གནམ་གང་གིས་བར་ཞག་ཉི་ཤུ་སྐུ་མཚམས་བཅད་ནས་ཕྱག་དཔེ་ལ་གཟིགས་རྟོག་མཛད། གནམ་གང་གི་ཉིན་ཕྱག་དཔེ་ཐམས་ཅད་ལ་ན་བཟའ་གསོལ་ནས་སྐ་རགས་ཀྱིས་དཀྲིས། ཚེས་གཅིག་ནས་མགོ་འཛུགས་པར་བཞེད་པ་ལ་གསང་ཕུ་སོགས་ནས་དགེ་བཤེས་མང་པོས་གསུང་ཆོས་ལ་སྡོད་པའི་ཞུ་བ་ཕུལ་བ་སྒུག་པའི་ཆེད་དུ་ཞག་འགའི་བར་འདུས་པ་རྣམས་ལ་མར་བ་མི་ལ་སོགས་ཀྱི་གསུང་རྒྱུན་ཐོར་བུ་འགའ་གསུངས། ཚེས་ལྔ་ནས་བརྩམས་ཏེ་ཟླ་བ་གསུམ་གྱི་བར་ཐུགས་ཐོག་ནས་ཆོས་གསུངས་སོ། །

        དེ་ཡང་ཚེས་ལྔ་ལ་གཞུང་བཅོ་ལྔའི་དབུ་རྒྱ་གར་སྐད་ཞེས་པ་ནས་མགོ་བརྩམས། ཉིན་རེ་བཞིན་ཐོ་རངས་ནས་སྲོད་ཀྱི་བར་ཆོས་ཐུན། བཅོ་ལྔར་བགོས་ཏེ་གསུང་བཤད་མཛད་པ་ལ་པོ་ཏི་ཆུང་བ་གཉིས་གསུངས་ཚར་བའི་ཚེ། ཡང་ཆུང་བ་གཞན་གཉིས་བསྣན་ནས་པོ་ཏི་བཅུ་བདུན་ལ་གསུང་བཤད་མཛད་དོ། །དེ་ཡང་ཆོས་བཅུ་བདུན་ནི། བྱམས་ཆོས་སྡེ་ལྔ། དབུ་མ་རིགས་ཚོགས་ལྔ། དབུ་མ་ལ་འཇུག་པ། བཞི་བརྒྱ་པ། སྤྱོད་འཇུག མངོན་པ་གོང་འོག་གཉིས། འདུལ་བ་མདོ་རྩ། ཚད་མ་རྣམ་འགྲེལ་ཏེ་བཅུ་བདུན་ནོ། །གཞུང་འདི་དག་ལས་རང་འགྲེལ་ཡོད་པ་རྣམས་འགྲེལ་པ་དེ་ཉིད་དང་སྦྱར་ཏེ་བཤད། གཞན་རྣམས་ལ་རྒྱ་བོད་ཀྱི་མཁས་པས་མཛད་པའི་འགྲེལ་ཆེན་རེ་གཞིར་བཞག་ནས། བླ་མ་གཞན་རྣམས་ཀྱི་འཆད་ཚུལ་དུ་མ་དང་སྦྱར་ཏེ་ཞིབ་ཏུ་དཔྱད་ཅིང་། མི་འཐད་པ་རྣམས་དགག་པ་དང་། འཐད་པའི་དོན་གཏན་ལ་འབེབས་པ་སོགས་བསྟན་བཅོས་དེ་རྣམས་ཀྱི་ཚིག་དོན་མ་ལུས་པ་དཔྱིས་ཕྱིན་པར་བརྡ་སྤྲོད་པའི་སྒོ་ནས་ཞིབ་ཏུ་བཤད་དེ། ཟླ་བ་གསུམ་ལ་རྫོགས་པར་མཛད་དོ། །

        དེའི་སྐབས་སུ་གསུང་ཆོས་གྲོལ་ནས་རྡོ་རྗེ་འཇིགས་བྱེད་ཀྱི་བསྐྱེད་རྫོགས་བསྒོམ་པ་དང་། དཀྱིལ་འཁོར་དུ་བདག་ཉིད་འཇུག་ཅིང་དབང་བླང་བ་རྣམས་མ་ཆག་པར་མཛད་དོ། །དེ་ལ་ཆོས་ཉན་པའི་སྐལ་ལྡན་གྱི་སློབ་མ་ཕལ་ཆེར་ནི་སངས་རྒྱས་དངོས་སུ་ཡིད་ཆེས་པའི་དད་པ་ཐོབ། སྐྱེ་བོ་ཀུན་ཀྱང་འདི་ནི་ལྷག་པའི་ལྷས་དངོས་སུ་བྱིན་གྱིས་བརླབས་པའི་གྲུབ་ཆེན་ནམ། མི་བརྗེད་པའི་གཟུངས་ཐོབ་པའི་སེམས་དཔའ་ཆེན་པོའམ། ཇི་ལྟར་ནའང་སྐྱེས་བུ་ཆེན་པོ་ཞིག་ཡིན་པར་ངེས་ཀྱི། སྐྱེ་བོ་ཕལ་བ་བློ་ནུས་ཇི་ཙམ་ཆེ་ཡང་འདི་ལྟ་བུ་འབྱུང་བ་མི་སྲིད་ཅེས་གླེང་བར་གྱུར་ཏོ། །དེའི་ཚེ་དགེ་བཤེས་རྣམས་ཀྱིས། གསང་སྔགས་རྒྱུད་སྡེ་འཆད་ན་རྡོ་རྗེ་འཆང་། །མདོ་ཕྱོགས་གསུངས་ན་འདྲེན་མཆོག་ཤཱཀྱའི་རྒྱལ། །མདོ་སྔགས་ཀུན་མཁྱེན་ཆོས་རྒྱལ་ཙོང་ཁ་པ། སུས་ཀྱང་བསྒྲུན་དུ་མེད་པ་མཁས་པའི་མཆོག །ཅེས་བསྟོད་པར་མཛད་དོ། །

                                                                                                  རྩོམ་སྒྲིག་པ། མང་ར་བ།
            གསལ་འདེབས། 
                    རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།