རྗེའི་རྣམ་ཐར་ཆེན་མོ་ལས་དབང་ལུང་ཁྲིད་གསུམ་གྱིས་གདུལ་བྱ་བསྐྱང་བའི་སྐབས་དང་བོ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-08-30 18:55:45     རྩོམ་པ་པོ།   ཆ་ཧར་དགེ་བཤེས།    ཀློག་ཐེངས།  

4175448ctad53fb6957f6&690.gif

        དེ་ནས་མདོ་སྔགས་ཀྱི་གཞུང་ཆེ་ཆུང་དུ་མ་ལ་མཁས་པར་སྦྱངས་ཤིང་། ཁྱད་པར་དུས་ཀྱི་འཁོར་ལོ་ཆ་ལག་དང་བཅས་པ་ལ་མཁས་པར་གྲགས་པ་བླ་མ་རྟོགས་ལྡན་ཡེ་ཤེས་རྒྱལ་མཚན་པ་ལ་དུས་འཁོར་གསུང་བར་ཞུས། ཁོང་གིས་ཀྱང་གསུང་བར་ཞལ་གྱིས་བཞེས་ནས་དཔོན་སློབ་གཉིས་ཀ་སྐྱོར་མོ་ལུང་དུ་བཞུགས། དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཀྱི་བཤད་པ་ཞིབ་པར་གསན་ཞིང་། རྒྱུ་མཚན་རྩིས་དང་ལག་ལེན་རྩིས་རྣམས་ལའང་མཁས་པར་སྦྱངས། སྐབས་ཤིག་ཏུ། ཟབ་ཡངས་མཁྱེན་པ་མཁའ་ལྟར་ཕ་མཐའ་ཡས། །ཞེས་སོགས་བྱམས་པའི་བསྟོད་པ་མཛད་ཅིང་། མཁས་པ་མང་པོ་ལ་གཞུང་ཆེ་ཆུང་མང་པོ་ཡང་གསུངས་སོ། །

        དགུང་ལོ་སོ་གཅིག་བཞེས་པའི་མེ་ཡོས་ཏེ། །འདི་ནི་རབ་བྱུང་བདུན་པའི་ཐོག་མ་ཡིན། །ལོ་འདིའི་དབྱར་ཆོས་ལ་བདེ་བ་ཅན་དུ་ཕེབས། བློ་གསལ་འདུས་པ་རྒྱ་མཚོ་ལྟ་བུའི་ཚོགས་ལ་སྡེ་སྣོད་ཀྱི་བཤད་པ་མང་དུ་གནང་། །ལོ་འདིའི་ཟླ་བ་ལྔ་པར་གསེར་ཕྲེང་གི་མཇུག་རྫོགས་པར་མཛད་དོ། །དེ་ཡང་གསེར་ཕྲེང་གི་མཇུག་གི་ཚིགས་བཅད་ལས། སྤྱི་དོན་རིགས་པས་ལེགས་པར་མཐའ་བཅད་ཅིང་། །ཚིག་དོན་རྣོ་ཞིང་གསལ་ལ་རབ་ཏུ་འདྲིལ། །དེ་ཡང་ཡིད་ཆེས་གཞུང་དང་མི་འགལ་བར། །བསྒྲུབས་པ་འདི་ནི་འདི་ཡི་ཁྱད་པར་རོ། །ཞེས་དང་། གང་དག་རྣམ་དཔྱོད་ནུས་པ་མི་དམན་ལ། །རྩོལ་བས་ལེ་ལོའི་གོ་སྐབས་བཅོམ་གྱུར་པའི། །སྙིང་ནས་རྒྱལ་ཡུམ་མཁས་པའི་གཞུང་བཞིན་དུ། །ཤེས་འདོད་དེ་ཡིས་རྣམ་བཤད་འདིར་འཇུག་རིགས། །ཞེས་དང་། ལྷ་ཡི་ལམ་ནས་ཉི་ཟླ་འཛིན་མར་མ་ལྷུང་ཞིང་། །རི་ཡི་དབང་པོ་ཆུ་གཏེར་སྨད་གཡོགས་མ་གྲོལ་བ། །དེ་སྲིད་འདི་ན་ཡུམ་དོན་དོན་གཉེར་སྐལ་ལྡན་གྱི། །རེ་བ་སྐོང་བའི་དབང་གི་རྒྱལ་པོ་འདི་གནས་ཤོག །ཅེས་གསུངས་པ་ལྟར་སྤྱིར་སངས་རྒྱས་ཀྱི་ཆོས་ལུགས་དང་། ཁྱད་པར་དུ་རང་གི་གཏན་གྱི་འདུན་མ་བསྒྲུབ་པའི་ཐབས་ཤེས་པར་འདོད་པ་དག་གིས་འགྲེལ་པ་འདི་ལ་བལྟ་བ་ཤིན་ཏུ་གལ་ཆེ་ཞིང་། འདི་ལ་བརྟེན་ན་རེ་སྐོང་ཡིད་བཞིན་གྱི་ནོར་བུ་ལྟར་དོན་ཐམས་ཅད་ལེགས་པར་སྒྲུབ་པར་བྱེད་དོ། །

        དེ་ནས་དགུན་ཆོས་ལ་སྟོད་ལུང་མཚོ་སྨད་དང་། དང་དཀར་ཞེས་པའི་གནས་སུ་བྱོན་ནས་དུས་འཁོར་གྱི་གཞུང་ལ་གཟིགས་རྟོག་སོགས་ཤིན་ཏུ་འགྲུས་པར་མཛད། གནས་དེ་གཉིས་སུ་བཤེས་གཉེན་བློ་གསལ་མང་པོ་ལ་སྡེ་སྣོད་ཀྱང་མང་དུ་གསུངས། དེ་ནས་རྫོང་ཕྱིའི་དཔོན་གྲགས་པ་རིན་ཆེན་གྱིས་སྐབས་འདིའི་གོང་ནས་རྗེ་འདི་ལ་མི་ཕྱེད་པའི་དད་པ་ཡོད་པས་རང་ཡུལ་དུ་བྱོན་པའི་ཞུ་བ་སྔ་ཕྱིར་ལན་མང་དུ་ཞུས་པ་ལ་དགོངས་ནས་ཡར་ལུང་གི་ཕྱོགས་སུ་འབྱོན་པར་བཞེད་དེ། སྲིན་པོ་རི་ཞེས་པའི་གནས་སུ་བྱོན་ཏོ། །

        དེ་དུས་གོང་དཀར་དུ་དཔོན་སྒོམ་པ་ཆོས་རྒྱལ་ཡོང་བ་དེས་རྗེ་འདི་ལ་སྙིང་ནས་དད་པའི་དབང་གིས་ཞུ་བ་ནན་ཆེར་ཕུལ་བའི་རྐྱེན་གྱིས་དགུང་ལོ་སོ་གཉིས་བཞེས་པའི་འབྲུག་ལོའི་དཔྱིད་རིགས་ལྔ་ལྷ་ཁང་དུ་བཞུགས་ནས་དགེ་བཤེས་བདུན་ཅུ་ལྷག་ཙམ་ལ། ཕར་ཚད། མངོན་པ་གོང་འོག འདུལ་བ་མདོ་རྩ། དབུ་མ་འཇུག་པ་སོགས་གསུངས། གོང་དཀར་དབོན་གྱིས་བསྙེན་བཀུར་དང་ཆོས་ཀྱི་རྐྱེན་དུ་མཁོ་བའི་ཞབས་ཏོག་ཚད་མེད་པས་མཆོད་པར་བྱས། དེ་ནས་ཡར་ལུང་ཕྱོགས་སུ་བྱོན་ནས་སྨོན་མཁར་དུ་བཞུགས་ཏེ་སྡེ་སྣོད་མང་དུ་གསུངས། རྫོང་ཕྱིའི་དབོན་གྱིས་ཡོ་བྱད་མཁོ་དགུ་ཐམས་ཅད་ཀྱིས་གུས་པས་མཆོད། དེ་ལྟར་ཡུལ་གྲུ་དུ་མར་སྔ་ཕྱིར་སྡེ་སྣོད་དཔག་ཏུ་མེད་པ་ནར་མར་གསུངས་པའི་བར་སྐབས་རྣམས་སུ་ཡང་སྐལ་ལྡན་གྱི་སློབ་མ་དག་ལ་རྒྱུད་སྡེ་གོང་འོག་གི་དཀྱིལ་འཁོར་ཆེན་པོའི་དབང་བསྐུར་ནས་སྨིན་པར་མཛད་པ་དང་། གཞན་ཡང་ལྷ་མང་པོའི་རྗེས་གནང་དང་། ལུང་དང་། མན་ངག་གནང་བ་སོགས་གང་ལ་གང་འཚམ་གྱི་ཆོས་བསྩལ་བས་གདུལ་བྱ་དཔག་ཏུ་མེད་པ་སྨིན་གྲོལ་གྱི་ལམ་ལ་བཀོད་པར་མཛད། ལྷག་པར་ཡང་དེ་དག་གི་ཚེ་རྗེ་འདི་ཉིད་ལྷ་མོ་དབྱངས་ཅན་མས་རྗེས་སུ་བཟུང་བར་གྲགས་པས། གར་བྱོན་ནའང་དབྱངས་ཅན་མའི་རྗེས་གནང་ཞུ་བ་ཚད་མེད་མང་པོ་འོང་བར་ཡོད་ཅེས་ཟེར་རོ། །

                                                             རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས། 
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
             དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།