རྗེའི་རྣམ་ཐར་ཆེན་མོ་ལས་ལེགས་བཤད་གསེར་ཕྲེང་བརྩམ་པའི་སྐབས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-08-30 18:46:50     རྩོམ་པ་པོ།   ཆ་ཧར་དགེ་བཤེས།    ཀློག་ཐེངས།  

4175448ctad53fb6957f6&690.gif

        ད་ནི་དཀྱུས་ཀྱི་འཕྲོ་བརྗོད་པར་བྱ་སྟེ། རྗེ་རིན་པོ་ཆེ་ཚལ་དུ་བཞུགས་པའི་སྐབས་སུ་དཔེ་འཛིན་བཟང་བར་གྲགས་པ་གླིང་མཚུངས་མེད་དང་། །མདོ་སྨད་པ་འཇམ་དཔལ་བཀྲ་ཤིས་དང་། །ཤཱཀྱ་གྲུབ་ཅེས་པ་གསུམ་གྱིས་རྗེ་འདི་ལ་ངེད་ཅག་དཔེ་འཛིན་པའི་ཁྱད་པར་ཆེ་ཆུང་ཇི་ལྟར་ཡོད་པ་སད་པར་བྱ་ཞེས་སྨྲས་པས། ནམ་ལངས་ནས་ཡི་གེ་མཐོང་རུང་བའི་ཚེ་མགོ་བརྩམས་ཏེ། །ཚལ་དབུས་གླིང་གི་ཏོག་གི་རྩེ་ལ་ཉི་འོད་ཕོག་པའི་བར་དུ་སྔོན་གཟིགས་མ་མྱོང་བའི་དཔེ་ལ་བཞི་ཀ་མཉམ་དུ་འཛིན་བྱས་པས། རྗེ་འདིས་ཤོ་གུ་མདའ་ཚད་ཡིག་ཕྲེང་དགུ་མའི་ཤོག་ལྷེ་བཞི་ཐོགས་མེད་དུ་འདོན་ནུས་པར་བཟུང་། གླིང་མཚུངས་མེད་ཀྱིས་བར་བར་དུ་ཐོད་བརྒལ་ཅུང་ཟད་བཅས་ཤོག་གུ་ཕྱེད་དང་གསུམ་བཟུང་། །གཞན་གཉིས་ཀྱིས་རེ་རེ་ཙམ་བཟུང་བར་འདུག་ཟེར་རོ། །

        རྗེ་འདིས་ཐུགས་ལ་བཟུང་བའི་དཔེ་དེའི་ཡིག་ཕྲེང་རེ་ལ་ཤོ་ལོ་ཀ་ཡོད་པའི་དབང་དུ་བྱས་ན་ཤོག་གུ་རེ་ལ་ཤོ་ལོ་ཀ་ཉི་ཤུ་དང་། ཤོག་གུ་བཞི་བསྡོམས་ན་ཤོ་ལོ་ཀ་བརྒྱད་ཅུ་ཡོད་པར་ངེས་པས། འདིས་དཔག་ན་ཉིན་ཞག་གཅིག་ལ་ཤོ་ལོ་ཀ་སྟོང་ཕྲག་གཉིས་གསུམ་ཡང་ཐུགས་སུ་ཆུད་ནུས་པའི་ཚད་ཡིན་པར་འདུག འདི་ནི་རྗེའི་མཁྱེན་རབ་ཀྱི་ཆ་ཤས་ཕྲན་བུ་ཚིག་བློ་ལ་འཛིན་པའི་ཤེས་རབ་ཡིན་པས། ཐོས་བསམ་བསྒོམས་པའི་ཤེས་རབ་དང་། འཆད་རྩོད་རྩོམ་པའི་ཤེས་རབ་དང་། ཟབ་གསལ་མྱུར་ཆེའི་ཤེས་རབ་སོགས་དཔག་མེད་མངའ་བ་ལ་བསམ་ནས་རང་ཅག་གིས་ནམ་ཞིག་ན་དེ་ལྟ་བུ་ཞིག་ཏུ་འགྱུར་སྙམ་དུ་མོས་གུས་ཀྱིས་བསྟེན་པ་དང་སྨོན་ལམ་འདེབས་དགོས་པར་སྣང་ངོ་། །

        ཡང་སྐབས་ཤིག་ཚ་ཁོ་དཔོན་པོ་མཁན་ཆེན་ངག་དབང་གྲགས་པ་ཕྱག་ཕྱི་ལ་ཁྲིད་ནས་ལྷ་སར་བྱོན། ཐུགས་རྗེ་ཆེན་པོ་རང་བྱོན་ལྔ་ལྡན་གྱི་དྲུང་དུ་རྨྱུང་གནས་མང་དུ་མཛད། དེ་དུས་ནུབ་ཅིག་དཔོན་སློབ་གཉིས་ཀས་གསོལ་བ་དྲག་ཏུ་བཏབ་ནས་མནལ་ལམ་གྱི་ལྟས་བརྟགས་པས། ཚ་ཁོ་བ་ལ་དུང་དཀར་ཆེན་པོ་གཉིས་ནམ་མཁའ་ལས་བབས་ཏེ་ཁོང་རང་གི་པང་དུ་ལྷུང་བ་གཅིག་ཏུ་གྱུར་འདུག་པ་བླངས་ནས་བུས་པས་དཔག་ཏུ་མེད་པའི་སྒྲ་ཆེན་པོ་གྲག་པ་རྨིས། །དེ་ཡང་ཚ་ཁོ་པ་འདི་དུས་ཕྱིས་རྒྱལ་མོ་རོང་ཞེས་པའི་སའི་སྨད་ཀྱི་ཆར་འཕྲིན་ལས་རྒྱ་ཆེན་པོ་བྱུང་སྟེ་དགོན་སྡེ་བཙུགས་ནས་བསྟན་པ་རྒྱས་པར་མཛད་པས་དེའི་རྟགས་ཡིན་པར་གསུངས། རྗེ་རིན་པོ་ཆེའི་མནལ་ལམ་དུ་སྙེ་ཐང་གི་ཡར་འཕྲད་ནས་ཡར་ལ་ཐོན་པའི་བྲག་མདའ་སྒྲོ་ཟེར་བ་བྲག་རི་གཟར་པོ་མདའ་སྒྲོའི་དབྱིབས་ཅན་ཞིག་ལ་འཛེག་སྟེ་བྱོན་པས། རྡོ་ལེབ་དཀར་པོ་ཤིན་ཏུ་འཇམ་པ་ཞིག་གི་སྟེང་ན་ཨུད་པལ་སྔོན་པོ་ཁ་དོག་གསལ་བ། འདབ་མ་ཆེས་ཆེར་རྒྱས་ཤིང་མ་རྙིངས་པ་ཡུ་བ་དང་བཅས་པ་ཞིག་འདུག དེ་ཕྱག་ཏུ་བླངས་ནས་འདི་ནི་རྗེ་བཙུན་སྒྲོལ་མའི་ཕྱག་མཚན་ཡིན་པས་སྒྲོལ་མས་རྗེས་སུ་འཛིན་པའི་རྟགས་ཡིན་ནམ་སྙམ་དུ་དགོངས་པ་ན་སྒྲ་ཞིག་བྱུང་སྟེ། ད་ལམ་དེ་མིན། ཚེ་རིང་བའི་རྟགས་ཡིན་ཞེས་པ་ཅིག་བྱུང་གསུང་།

        དེ་ནས་སླར་ཡང་ཚལ་དུ་བྱོན་ནས་བཞུགས་པ་ལས་དགུང་ལོ་ཉེར་དགུའི་དགུན་ཆོས་ལ་བདེ་བ་ཅན་དུ་བྱོན་ནས་མཁས་པ་རྣམས་ལ་སྡེ་སྣོད་མང་དུ་གསུངས། ཡང་སྐབས་ཤིག་རྡོ་རྗེ་རྣལ་འབྱོར་མ་དངོས་སུ་བྱོན་ནས། ད་ཕྱིན་ཆད་པཎ་ཞྭ་གསེར་མདོག་གྱོན་ནས་བསྟན་པ་དྲི་མ་མེད་པར་འགྱུར་བ་སོགས་ཀྱི་དགོས་པ་ཡོད་ཅེས་ལུང་བསྟན་པས། རྗེ་རིན་པོ་ཆེས་སྐབས་འདི་ནས་བཟུང་སྟེ་དབུ་ཞྭ་སེར་པོ་བཞེས་པར་མཛད་དོ། །

        དགུང་ལོ་སུམ་ཅུ་བཞེས་པའི་མེ་སྟག་ལོའི་དཔྱིད་ཆོས་ལ་དབུ་སྟོང་བྱ་ཡུལ་དུ་ཕེབས། དགེ་བའི་བཤེས་གཉེན་བདུན་ཅུ་ཙམ་ལ། ཕར་ཚད། དབུ་མ་འཇུག་པ། མངོན་པ་ཀུན་བཏུས་རྣམས་གསུངས། །སྐབས་ཤིག་ལྷ་མོ་དབྱངས་ཅན་མའི་བསྟོད་པ་ཞིག་མཛད། དེ་ནས་ཚལ་དུ་བྱོན། ལེགས་བཤད་གསེར་ཕྲེང་གི་འཕྲོ་ཕལ་ཆེར་བརྩམས་སོ། །སྤྱིར་ཕར་ཕྱིན་ཞེས་པ་ནི་སྟོན་པ་བཅོམ་ལྡན་འདས་ཀྱིས་ཡུམ་རྒྱས་འབྲིང་བསྡུས་གསུམ་དུ་གསུངས་པའི་རྒྱ་ཆེ་བའི་ལམ་གྱི་རིམ་པ་ཡིན་ལ། དེ་ཡང་ཉན་རང་བྱང་སེམས་རྣམས་ཐོག་མར་རང་རང་གི་ལམ་དུ་འཇུག་པ་དང་། བར་དུ་ལས་ཉོན་སོགས་སྦྱང་བ་དང་། ལམ་གྱི་རྟོགས་པ་སྐྱེ་བ་དང་། མཐར་འཁོར་བ་ལས་གྲོལ་ནས་བྱང་ཆུབ་ཐོབ་པ་དང་། ཁྱད་པར་དུ་བྱང་ཆུབ་སེམས་དཔའི་ལམ་ལྔ་ས་བཅུ་སངས་རྒྱས་ཀྱི་སྐུ་བཞི་སོགས་མདོར་ན་དང་པོར་བསྟན་པ་ལ་འཇུག་པའི་སྒོ་ནས་མཐར་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་བར་རྫོགས་པར་བསྟན་པ་ཡིན་ནོ། །

        རྗེ་འདིས་མཛད་པའི་ཕར་ཕྱིན་གྱི་འགྲེལ་ཆེན་ལེགས་བཤད་གསེར་ཕྲེང་ཞེས་པ་འདི་ནི་དེང་སང་གི་བར་ཕར་ཕྱིན་གྱི་འཆད་ཉན་བྱེད་པ་ཀུན་ལ་སྒྲོན་མེ་གཅིག་བུ་ལྟ་བུ་ཡིན་ཞིང་། །ཕར་ཕྱིན་གྱི་དོན་གོ་བ་ལ་འདི་ལྟ་བུའི་འགྲེལ་པ་སྔོན་ཆད་ཡེ་མ་བྱུང་བ་ཕུལ་དུ་བྱུང་བ་ཡིན་ནོ། །

                                                                                         རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས། 
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།             དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།