རྗེའི་རྣམ་ཐར་ཆེན་མོ་ལས་སྙན་དངགས་ཀྱི་ལམ་ནས་དྲངས་པའི་བློ་སྦྱོང་མཛད་པའི་སྐབས་གཉིས་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-08-30 18:39:17     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        བློ་སྦྱོང་འདིའི་དོན་རགས་ཙམ་དུ་ཕྱེ་ན་བརྒྱད་དུ་འགྱུར་ཏེ། །དེ་ཡང་། ན་མོ་གུ་རུ་སོགས་དང་། ཤོ་ལོ་ཀ་དང་པོ་ནི་མཆོད་བརྗོད་རྩོམ་པར་དམ་བཅའོ། །དར་དིར་འགྲོ་བའི་ཚོགས་སོགས་ཀྱི་ཤོ་ལོ་ཀ་ལྔ་ནི་སྐྱེས་བུ་ཆུང་ངུའམ་ལམ་མོ། །དཀར་ནག་ལས་རྣམས་སོགས་ཤོ་ལོ་ཀ་ལྔ་ནི་འབྲིང་གི་ལམ་མོ། །དེ་རྗེས་གཞན་ཕན་སོགས་ཤོ་ལོ་ཀ་བཅུ་དང་རྐང་པ་གསུམ་ནི་ཆེན་པོའི་ལམ་མོ། །སྤྲོ་དགའ་བསྐྱེད་པའི་ཆོས་ལ་སོགས་ཤོ་ལོ་ཀ་གཉིས་ནི་བརྩམས་པའི་དགོས་པའོ། །ཕུལ་བྱུང་གཞུང་ལུགས་སོགས་ཤོ་ལོ་ཀ་གཉིས་ནི་ཆོས་ལ་འབད་པའི་དོན་ནོ། །

        ཕན་སེམས་གློག་ཕྲེང་སོགས་ཤོ་ལོ་ཀ་གཉིས་ནི་སྨོན་ལམ་མོ། །ཅེས་པ་འདི་ནི་ཞེས་སོགས་ནི་མཛད་བྱང་ངོ་། །དེ་ཡང་སྙན་དངགས་ཀྱི་བརྩམ་ཚུལ་མང་པོས་བསྡེབས་པ་ཡན་ཞར། །ཤོ་ལོ་ཀ་དང་པོ་ནི་རྒྱལ་བ་ཞེས་པའི་སྒྲས་མགོ་མཚུངས་མཛད་པའོ། །ཤོ་ལོ་ཀ་གཉིས་པ་ལ་རྐང་པ་རེ་རེའི་མགོར་སྔ་གཉིས་ཟུང་ལྡན་དུ་སྦྱར་བ་སོགས་རྐང་པའི་ཐོག་མཐའ་བར་གསུམ་དུ་ཟུང་ལྡན་མཛད་པ་མང་ངོ་། །དཀར་ནག་ལས་རྣམས་ཞེས་པའི་ཤོ་ལོ་ཀ་གཅིག་ནི་ཨ་ཡིག་གི་དབྱངས་ཀྱིས་བསྡེབས། །དད་པས་གཞན་ལ་ཞེས་པའི་ཤོ་ལོ་ཀ་ནི་རྐང་པས་འཁོར་བ་སྟེ། །རྐང་པ་དང་པོའི་དབུ་ནས་མར་བཏོན་པ་དང་རྐང་པ་གཉིས་པའི་མཇུག་ནས་ཡར་བཏོན་པ་གཉིས་འདྲ་ཞིང་། །གསུམ་པ་བཞི་པ་སང་དེ་དང་འདྲའོ། །དགྲས་ཀྱང་ཞེས་པའི་རྐང་པ་གཉིས་ནི་ཕྱེད་འཁོར་ཏེ། རྐང་པའི་མགོ་མཇུག་གང་ནས་བཏོན་ཀྱང་འདྲའོ། །

        ཕུལ་བྱུང་ཞེས་པའི་རྐང་པ་བཞི་ནི་རིམ་བཞིན་ཨུ་ཨི་ཨེ་ཨོའི་དབྱངས་བཞིས་བསྡེབས། བདག་དང་ཞེས་སོགས་ཤོ་ལོ་ཀ་ཐ་མ་ནི་རྐང་པ་དང་པོའི་དང་པོ་གསུམ་པ་ལྔ་པ་སོགས། རྐང་པ་གསུམ་པའི་གཉིས་པ་བཞི་པ་དྲུག་པ་སོགས་བསྣོལ་བའི་ཚུལ་གྱིས་འདོན་པ་དང་། དེ་བཞིན་དུ་རྐང་པ་གཉིས་པ་བཞི་པ་གཉིས་ཀྱང་ཕན་ཚུན་བསྣོལ་ཏེ་འདོན་པ་དང་། རྐང་པ་སོ་སོར་མཐར་ཆགས་སུ་འདོན་པ་རྣམས་འདྲ་བར་འགྱུར་བའོ། །འདི་དག་ནི་ཟུར་ཙམ་བརྗོད་པ་ཡིན་ལ། རྒྱས་པར་ནི་རྒྱ་ཆེ་བར་ཡོད་པས་བློ་ལྡན་དག་གིས་ཞིབ་ཏུ་དཔྱད་པར་བྱའོ། ། 

                                                        རྩོམ་སྒྲིག་པ། མང་ར་བ།
       གསལ་འདེབས། 
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
             དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།