རྗེ་བླ་མའི་རྣམ་ཐར་དད་པའི་ཉིང་བཅུད།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-08-23 13:38:37     རྩོམ་པ་པོ།   ཐུབ་བསྟན་བསམ་འཕེལ།    ཀློག་ཐེངས།  


复件 733af3130ed55b926538db8e.jpg

        

     ༄༅། །རྒྱལ་ཀུན་མཁྱེན་བརྩེའི་རང་གཟུགས། རིགས་གསུམ་གཅིག་བསྡུས་ཀྱི་བླ་མ། ཐུབ་དབང་རྡོ་རྗེ་འཆང་རྗེ་བླ་མ་གངས་ཅན་གྱི་ཤིང་རྟ་པ་ཆེན་པོ། ཤར་རྒྱལ་བ་གཉིས་པ་ཙོང་ཁ་པ་བློ་བཟང་གྲགས་པ་འདི་ཉིད་ཀྱི་རྣམ་ཐར་རྨད་དུ་བྱུང་བ་ཕྱི་ནང་གསང་གསུམ་བསམ་གྱིས་མི་ཁྱབ་ན་ཡང་། ཆ་ཤས་ཙམ་ཞིག་རང་གི་བློས་དཔག་ཚོད་ཀྱིས་རགས་ཙམ་ཞིག་གླེང་བར་བྱའོ། །
      མདོ་རྒྱུད་དུ་མ་ནས་ལུང་བསྟན་པ་བཞིན་རབ་བྱུང་དྲུག་པའི་མེ་མོ་བྱ་ལོ་སྟེ༼སྤྱི་ལོ་༡༣༥༧༽ལོར་མདོ་སྨད་ཙོང་ཁའི་ས་ཆར་ཡབ་ད་ར་ཁ་ཆེ་ཀླུ་འབུམ་དགེ་དང་། ཡུམ་ཤིང་བཟའ་ཨ་ཆོས་གཉིས་ཀྱི་སྲས་སུ་ངོ་མཚར་བའི་རྟགས་དང་མཚན་མ་དུ་མ་དང་བཅས་སྐུ་བལྟམས། དགུང་ལོ་གསུམ་བཞེས་པ་ན་ཀརྨ་པ་རོལ་པའི་རྡོ་རྗེས་ཡོངས་རྫོགས་དགེ་བསྙེན་དུ་བསྒྲུབས་ཏེ་མཚན་ལ་ཀུན་དགའ་སྙིང་པོ་གསོལ། དགུང་ལོ་བདུན་པའི་དུས་སུ་ཆོས་རྗེ་དོན་འགྲུབ་རིན་ཆེན་མཁན་པོ་དང་། ཀོའུ་པ་གཞོན་ནུ་བྱང་ཆུབ་ཀྱིས་སློབ་དཔོན་མཛད་དེ་བར་མ་རབ་བྱུང་གི་ཚུལ་ཁྲིམས་དང་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ་མཚན་ལ་བློ་བཟང་གྲགས་པ་ཞེས་གསོལ་བར་མཛད། བླ་མ་དམ་པ་དེ་ཉིད་ལས་མདོ་སྔགས་ཀྱི་གདམས་པ་མང་དུ་གསན་ཅིང་། དགུང་ལོ་བཅུ་བདུན་པར་དབུས་སུ་ཕེབས་ཏེ་རྗེ་བཙུན་རེད་མདའ་བ་གཞོན་ནུ་བློ་གྲོས་སོགས་དགེ་བའི་བཤེས་གཉེན་དུ་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པར་གསན་བསམ་དཔྱིས་ཕྱིན་པར་མཛད་ཚུལ་སོགས་བསམ་གྱིས་མི་ཁྱབ། དགུང་ལོ་ཉེར་བཞི་པར་ཡར་ལུང་རྣམ་རྒྱལ་དུ་པཎ་ཆེན་ཤཱཀྱ་ཤི་རིའི་མཁན་བརྒྱུད་ཚོགས་ཆེན་པོའི་མཁན་པོ་ཚུལ་ཁྲིམས་རིན་ཆེན་པས་མཁན་པོ་དང་། རྫིང་ཕྱིའི་མཁན་པོ་ཤེས་རབ་མགོན་པོས་ལས་སློབ། སྡོམ་བརྩོན་བསོད་ནམས་རྡོ་རྗེས་གསང་སྟོན་མཛད་ཅིང་། ཁ་སྐོང་དུ་འོས་པའི་གྲངས་ཚང་བའི་དད་པའི་དགེ་འདུན་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཏེ་བསླབ་པ་ཚུལ་ཁྲིམས་གྱི་བསླབ་པ་ཡོངས་རྫོགས་ཀྱིས་ཐུགས་རྒྱུད་གཏམས་པར་མཛད། 
      དགུང་ལོ་སོ་དྲུག་དུས་སུ་རྗེ་བཙུན་འཇམ་དབྱངས་ཀྱིས་ལུང་བསྟན་བཞིན་འཁོར་དག་པ་རྣམ་བརྒྱད་དང་བཅས་པ་དཔོན་སློབ་དགུ་སྐྱོར་མོ་ལུང་ནས་འོལ་ཁར་ཕེབས་ཏེ་བླང་བྱའི་གནད་དོན་གསུམ་གདམས་བཞིན་སྒྲུབ་པ་གཙོ་བོར་མཛད། དེ་ནས་མདོ་རྒྱུད་བསྟན་བཅོས་ཐམས་ཅད་ཀྱི་དོན་རྣམས་རྒྱལ་བའི་དགོངས་དོན་ལྟར་འཆད་པ་དང་། རྩོད་པ་རྩོམ་པ་བཅས་མཛད་པས་གངས་ཅན་མཁས་གྲུབ་ཀུན་གྱི་གཙུག་ཏུ་བཀུར་ཞིང་མཐའ་དབུས་སྐྱེ་འགྲོ་ཐམས་ཅད་ཀྱིས་གུས་ཤིང་བཏུད་ཡོད་ཚུལ་སོགས་རྒྱས་སོ། ། 
      གཞུང་ལུགས་འཆད་རྩོད་རྩོམ་གསུམ་ནང་མདོ་ཕྱོགས་གཙོ་བོར་དབུ་མའི་ལྟ་བའི་གནད་ཡོངས་སུ་འཆད་པས་གངས་ཅན་གྱི་ཤིང་རྟ་པ་ཞེས་མཚན་སྙན་འོད་སྟོང་འབར་བ་ཡོད། སྔགས་ཕྱོགས་ཀྱི་རྒྱུད་སྡེ་ཐམས་ཅད་ནང་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་འཆད་ཉན་གཙོ་བོར་མཛད་པས་གསར་མའི་རྒྱན་གཙོ་བོ་ཞིག་གྱུར་ཡོད། དགུང་ལོ་སོ་བདུན་པར་འོལ་ཁའི་རྫིང་ཕྱིའི་བྱམས་པ་རྟེན་དང་བརྟེན་པར་བཅས་པ་ཞིག་གསོ་མཛད་ཅིང་། 
རབ་གནས་མཛད་པའི་ཚེ་སངས་རྒྱས་རབས་བདུན་དངོས་སུ་བྱོན་ཏེ་བྲིས་སྐུ་ལ་ཐིམ་པ་དང་མར་མེ་འཛིན་པ་སོགས་ལྟས་ངོ་མཚར་བ་དུ་མ་བྱུང་བ་དང་བཅས་པ་དེ་ནི་མཛད་ཆེན་བཞིའི་ནང་གི་གཅིག་ཡིན་ནོ། །
      དགུང་ལོ་སོ་དགུ་པར་གཉལ་གྱི་ལུང་རར་ཆོས་འཁོར་བསྐོར་ཅིང་དེ་ཡང་གསེར་ཕྱེ་འབུམ་པར་མཆོད་པ་ཆེན་པོ་དང་འདུལ་བའི་ཆོས་མང་དུ་གསུངས་པ་དང་། ལྟུང་བྱེད་ཉེས་བྱས་དང་བཅས་པ་བཤགས་ཤིང་སྐྱེ་བོའི་ཚོགས་རྣམས་ཀྱང་བསྙེན་གནས་དང་སྐྱབས་འགྲོའི་སྡོམ་པ་ལ་སྦྱར་བ་དང་། སྐྱ་སེར་ཐམས་ཅད་ཀྱིས་ས་ཚྭ་འདེབས་པ་སོགས་ལུང་ར་ཆེན་མོར་གྲགས་པ་མཛད་ཅིང་འདི་ནི་མཛད་ཆེན་བཞིའི་ནང་གི་གཉིས་པ་ཡིན་ནོ། །
      དགུང་ལོ་ཞེ་དྲུག་པར་བྱུང་ཆུབ་ལམ་རིམ་ཆེན་མོ་དང་། དགུང་ལོ་ཞེ་དགུ་པར་སྔགས་རིམ་ཆེན་མོ་བརྩམས། དགུང་ལོ་ང་གཅིག་པར་གོང་མ་ཡུང་ལོ་རྒྱལ་པོས་གདན་འདྲེན་ལན་གསུམ་ཞུས་ཀྱང་མ་ཕེབས་པར་མི་དབང་བྱམས་ཆེན་ཆོས་རྗེ་སྐུ་ཚབ་ཏུ་བཏང་གནང་མཛད། 
      དགུང་ལོ་ང་གཉིས་པར་ལྷ་སར་ཆོ་འཕྲུལ་ཆེན་པོའི་སྨོན་ལམ་བཙུགས། དེ་ཡང་ལྷ་ལྡན་གཙུག་ལག་ཁང་རྟེན་གསུམ་དང་བཅས་པར་ཞིག་གསོ་ཕུལ་དུ་ཕྱིན་པར་མཛད། 
      ང་གསུམ་པར་ཆོ་འཕྲུལ་དུས་ཆེན་དང་འབྲེལ་ཇོ་ཤཱཀ་རྣམ་གཉིས་སོགས་ལ་དབུ་རྒྱན། ན་བཟའ། མཆོད་རྫས་སོགས་བཟང་ཞིང་ཡིད་དུ་འོང་བ་ཕུལ་གནང་མཛད། ཚེས་གཅིག་ནས་བཅོ་ལྔའི་བར་རྟེན་རྣམས་ལ་མཆོད་པ་རྒྱ་ཆེན་པོ་དང་། དགེ་འདུན་འདུས་པའི་སྡེ་ལ་བསྙེན་བཀུར། སྐྱེ་བོ་ཕོངས་པའི་ཚོགས་ལ་སྦྱིན་གཏོང་སོགས་རྣམ་དཀར་མཆོད་སྦྱིན་རྒྱ་ཆེན་པོ་དང་། མཐའ་དབུས་ཀྱི་འགྲོ་བ་བགྲང་ལས་བརྒལ་བ་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་ལ་བཀོད་པ་སོགས་འཕགས་པའི་ཡུལ་གྱི་བྱུང་བ་དང་མཐུན་པའི་ལྷ་ལྡན་སྨོན་ལམ་ཆེན་མོ་ཞེས་གྲགས་པ་དུས་ད་ལྟའི་བར་དུ་མ་ཉམས་པར་ཡོད་པ་འདི་ཉིད་གསར་དུ་འཛུགས་པར་མཛད་པ་འདི་ནི་མཛད་ཆེན་བཞིའི་ནང་གི་གསུམ་པ་ཡིན། 
      དགུང་ལོ་ང་གསུམ་པར་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ཕྱག་བཏབ་གནང་མཛད། དགུང་ལོ་ང་དགུ་པར་དགའ་ལྡན་དུ་སྟག་རྩེའི་སྒྲུབ་མཆོད་ཆེན་མོ་བཙུགས་གནང་མཛད་ཅིང་། དེ་ཡང་གསང་འདུས། བདེ་མཆོག རྡོར་དབྱིངས་རྣམས་ཀྱི་དཀྱིལ་འཁོར་རིན་པོ་ཆེ་འབའ་ཞིག་ལས་གྲུབ་པའི་བློས་བསླངས་གསར་དུ་བཞེངས་པའི་ཚེ་འཇའ་ཚོན་དང་རང་བྱོན་ལ་སོགས་པའི་རྟེན་ངོ་མཚར་ཅན་དུ་མ་བྱོན་ཞིང་། དཀྱིལ་འཁོར་དེ་དག་དང་འབྲེལ་བའི་སྒྲུབ་མཆོད་ཀྱི་ཆོ་ག་རྒྱུད་སྡེའི་དགོངས་པ་བཞིན་ཕྱག་ལེན་རྣམ་པར་དག་པས་བརྒྱན་པ་དགའ་ལྡན་སྒྲུབ་མཆོད་ཆེན་མོར་གྲགས་པ་འཛུགས་པར་མཛད་པ་འདི་ནི་མཛད་ཆེན་ནང་གི་བཞི་པ་དེ་ཡིན་པ་བཅས་མཛད་ཆེན་བཞི་སོགས་ཀྱིས་ཐུབ་བསྟན་རིན་པོ་ཆེའི་ཉི་འོད་ཕྱོགས་ཀུན་ཏུ་ཁྱབ་བཞིན་མི་ནུབ་པའི་རྒྱལ་མཚན་ཕྱོགས་བཅུར་ཚུགས་པར་མཛད་ཡོད། མདོར་ན་གསུངས་ལས་སྐྱེས་པའི་སློབ་མར་མཁས་གྲུབ་སྐར་ཚོགས་ལྟར་ཕེབས་ཡོད་པར་མ་ཟད་གསུང་འབུམ་ཆོས་ཚན་བརྒྱ་དང་བརྒྱད་ཅུ་ཡོད་པ་རྣམས་པོད་བཅོ་བརྒྱད་ནང་དུ་བསྡུས་ནས་ཡོད་པ་དང་། དེ་བཞིན་རྣམ་ཐར་ཆེན་མོའི་ནང་འདི་ལྟར་གསུངས་ཡོད་དེ། འཕགས་པའི་ཡུལ་དུ་འཕགས་པ་ཀླུ་སྒྲུབ་ཀྱིས་རྒྱལ་བའི་བསྟན་པ་ལ་བྱ་བ་ཆེན་པོ་མཛད་པ་ཇི་ལྟ་བ་དེ་བཞིན་དུ། དུས་ཀྱི་མཐའ་མ་འདི་ལྟ་བུར་གྱུར་པ་ན་རྗེ་བླ་མ་འདི་ཉིད་ཀྱིས་གངས་རིའི་ཁྲོད་འདིར་རྒྱལ་བའི་བསྟན་པའི་སྙིང་པོ་མཐའ་དག་རྒྱལ་བའི་དགོངས་པ་ཇི་ལྟ་བ་བཞིན་དུ་གཞི་ནས་བསླངས་ཏེ་གསལ་བར་མཛད་པ་ཡང་ཚུལ་དེ་དང་ཁྱད་པར་མ་མཆིས་པ་ཡིན་པས། སྐྱེས་བུ་དམ་པའི་ངོ་མཚར་བའི་མཛད་པ་ཕུལ་དུ་བྱུང་བ་དག་མཐོང་ཞིང་ཐོས་པ་ཙམ་ཉིད་ནས་དུག་སྦྲུལ་གྱིས་གླ་རྩིའི་དྲི་ཚོར་བ་བཞིན་དུ་ཡིད་ཚེར་མའི་མལ་དུ་ཉལ་བ་ལྟ་བུར་མ་བྱེད་པར་བདག་ཉིད་ལ་རྗེས་སུ་ལྟ་བར་བྱོས་ཤིག ཅེས་གསུངས་པ་བཞིན་སྐུ་གསུང་ཐུགས་གསུམ་དང་ཕྱི་ནང་གསང་གསུམ་གྱི་མཛད་ཆེན་བསམ་གྱིས་མི་ཁྱབ་པར་མཛད་དོ། །
      དེ་ནས་ཞིང་འདིར་རེ་ཞིག་སྐུ་ཚེ་འདིའི་གདུལ་བྱ་རྫོགས་ནས་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་ཕྱིར་མྱ་ངན་ལས་འདའ་བའི་མཛད་པ་སྟོན་པའི་ཚུལ་ནི། དེ་ལྟར་བསྟན་པ་དང་གདུལ་བྱའི་དོན་རྨད་དུ་བྱུང་བ་རྒྱ་ཆེར་མཛད་པས་གངས་རིའི་ཁྲོད་ཀྱི་སྐལ་ལྡན་གྱི་འགྲོ་བ་སྐུ་དངོས་ཀྱིས་གདུལ་བར་བྱ་བ་ཕལ་མོ་ཆེ་མཐར་ཕྱིན་པ་ལ་ཉེ་བར་གྱུར་པ་ན། ས་མོ་ཕག་གི་ལོའི་སྟོན་གྱི་དུས་སུ་བོད་ཟླ་བཅུ་པའི་ཚེས་ཉེར་ལྔ་ལ་རེ་ཞིག་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་ཅིང་། དེའི་ཚེར་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པར་བྱུང་ཡོད་ཚུལ་སོགས་ཧ་ཅང་རྒྱས་པ་རྣམ་ཐར་གཞན་ལས་ཤེས་པར་བྱ་དགོས་སོ། །
      དུས་དེ་ནས་ད་ལྟའི་བར་རྗེས་འཇུག་རྣམས་ཀྱིས་དགའ་ལྡན་ལྔ་མཆོད་ཆེན་མོ་ཞེས་ཕྱག་མཆོད་འབུལ་བ་སོགས་བཀའ་དྲིན་རྗེས་དྲན་དང་ཚོགས་བསགས་སྒྲིབ་སྦྱོང་ལ་འབད་བཞིན་ཡོད་པ་བཅས་སོ། །
      སེར་སྨད་དགེ་བཤེས་ཐུབ་བསྟན་བསམ་འཕེལ་གྱིས་དད་པས་སྦྱར་བའོ།། །། 

                        རྩོམ་སྒྲིག་པ། ནོར་བཟང་རྒྱ་མཚོ།
གསལ་འདེབས།། 
  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།