རྗེ་གསང་བའི་རྣམ་ཐར།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-08-22 20:50:54     རྩོམ་པ་པོ།   བཀྲ་ཤིས་དཔལ་ལྡན།    ཀློག་ཐེངས།  

97598974.jpg

                      ༄༅། །ཆོས་ཀྱི་རྒྱལ་པོ་ཙོང་ཁ་བ་ཕྱག་འཚལ་ལོ། །གང་གི་མཁྱེན་པ་རབ་ཡངས་ནམ་མཁའ་ལ། །ཇི་ལྟ་ཇི་སྙེད་མཁྱེན་པའི་འོད་ཟེར་ཅན། །རྒྱལ་སྲས་ཉི་མ་རྗེ་བཙུན་ཆོས་ཀྱི་རྗེ། ། དཔལ་ལྡན་བླ་མའི་ཞབས་རྡུལ་སྤྱི་བོས་བསྟེན། །ཁྱོད་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་རྣམས། །ཕྱོགས་བཅུར་བཞུགས་པའི་རྒྱལ་བ་སྲས་བཅས་ཀྱིས། །མ་ལུས་བརྗོད་པར་མི་ནུས་འོན་ཀྱང་ནི། །དད་པས་སྤེལ་ལ་ཅུང་ཟད་མཉན་པར་གྱིས། །ཡོན་ཏན་རྒྱ་མཚོའི་བསྟོད་ཚིག་མེ་ཏོག་གི །འཕྲེང་བ་སྤེལ་ལེགས་བློ་གསལ་མགྲིན་པའི་རྒྱན། །དད་པའི་བསོད་ནམས་སྤེལ་བའི་རིན་ཆེན་ནི། ། བདག་གིས་བསྒྲུབས་ལ་མཁས་རྣམས་དགྱེས་པར་མཛོད། །ཁྱོད་ཀྱི་ལེགས་པར་སྤྱད་པའི་བསོད་ནམས་སྤྲིན། །གདུལ་བྱའི་དགེ་ལེགས་སྤེལ་བའི་ཆར་རྒྱུན་ཅན། །ཟབ་དང་རྒྱ་ཆེའི་སྙན་པའི་འབྲུག་སྒྲ་སྒྲོག །དཔལ་ལྡན་བླ་མ་ཆུ་འཛིན་དབང་པོ་བཞིན། །ཏིང་འཛིན་བྱེ་བ་མང་ལ་དབང་བསྒྱུར་ཞིང་། །ལེགས་བཤད་རྩོམ་དང་སྒྲུབ་ལ་མངོན་བརྩོན་པ། ། རྣལ་འབྱོར་དབང་ཕྱུག་སྔགས་རིག་ཀུན་གྱི་གཙོ། །དཔལ་ལྡན་བླ་མ་ལུས་ཅན་གཙུག་ན་རྒྱལ། ། སྔོན་ཚེ་རྡོ་རྗེ་གདན་དུ་རྒྱལ་བ་ལ། ། རིན་ཆེན་ཤེལ་གྱི་ཕྲེང་བ་བརྒྱ་རྩ་གཅིག ། ལེགས་པར་ཕུལ་ཏེ་བྱང་ཆུབ་སེམས་བསྐྱེད་ནས། ། ཡང་དག་ལྟ་བ་རྟོགས་པའི་སྐལ་ལྡན་གྱུར། ། དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། ། དགུང་ལོ་བདུན་ནས་རྗེ་བཙུན་གསང་བདག་དང་། །ཤིང་རྟ་ཆེན་པོ་དཔལ་ལྡན་མར་མེ་མཛད། །མངོན་སུམ་གཟིགས་ཤིང་རྒྱུན་དུ་རྗེས་བཟུང་བས། །སྔགས་དང་ཕ་རོལ་ཕྱིན་གཞུང་གདམས་པར་ཤར། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། ། ཨིནྡྲ་ནཱི་ལའི་མདོག་ལྟར་རབ་སྔོ་བའི། ། རབ་མཛེས་འོད་ཟེར་ལྔ་ཡི་དྲ་བ་ཅན། ། ཤིན་ཏུ་ཟླུམ་པའི་དབུས་སུ་འཇམ་པའི་དབྱངས། ། མངོན་སུམ་གཟིགས་པ་རྗེ་བཙུན་ཆོས་ཀྱི་རྗེ། ། དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། ། དེ་ནས་བརྩམས་ཏེ་རྗེ་བཙུན་མཁྱེན་པའི་གཏེར། ། ནམ་འདོད་གཟིགས་ཤིང་དཔལ་ལྡན་འདུས་པ་དང། ། ཤེས་རབ་ཕ་རོལ་ཕྱིན་གཞུང་ཟབ་མོའི་དོན། ། རྒྱུན་དུ་གསན་པ་རྒྱལ་སྲས་ཆོས་ཀྱི་རྗེ། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། ། ཡན་ལག་བདུན་པའི་ཆོ་ག་མཛད་པའི་ཚེ། ། སངས་རྒྱས་སུམ་ཅུ་སོ་ལྔ་མངོན་སུམ་དུ། ། རང་རང་སྐུ་ཡི་དབྱིབས་དང་ཕྱག་མཚན་སོགས། ། ཇི་བཞིན་རྒྱུན་དུ་གཟིགས་པ་ཆོས་ཀྱི་རྗེ། ། དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། ། གཡས་གཡོན་ཕྱག་གི་ཆོས་འཆད་ཕྱག་རྒྱ་ཅན། ། བཟང་བོའི་བཞུགས་སྟངས་མཛད་པའི་བྱམས་མགོན་གྱིས། ། སླར་ཡང་སྟོབས་བཅུ་མངའ་བ་གཤེགས་པ་བཞིན། ། རྒྱལ་བའི་མཛད་པ་སྒྲུབ་པར་ལུང་བསྟན་པ། ། དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། ། ལྷ་མིའི་སྟོན་པ་ཤཱཀྱའི་རྒྱལ་པོ་དང་། ། སྨན་གྱི་བླ་དང་འདྲེན་པ་འོད་དཔག་མེད། ། འཁོར་ཚོགས་རྒྱ་མཚོའི་དབུས་ན་ལྷམ་མེ་བ། ། མངོན་སུམ་གཟིགས་པ་རྒྱལ་སྲས་ཆོས་ཀྱི་རྗེ། ། དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། ། དངོས་གྲུབ་འབྱུང་གནས་རྗེ་བཙུན་སྒྲོལ་མ་དང་། །གཙུག་ཏོར་རྣམ་རྒྱལ་འཕགས་མ་འོད་ཟེར་ཅན། ། བར་ཆད་ཀུན་སེལ་གཙུག་ཏོར་གདུགས་དཀར་སོགས། ། ལྷག་པའི་ལྷ་རྣམས་ཡང་ཡང་གསལ་བར་གཟིགས། ། དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། ། རྒྱལ་སྲས་ཀླུ་སྒྲུབ་རྗེ་བཙུན་སངས་རྒྱས་བསྐྱངས། ། འཕགས་པ་ལྷ་དང་དཔལ་ལྡན་ཟླ་བའི་ཞབས། ། རྣལ་འབྱོར་དབང་ཕྱུག་ཀླུ་ཡི་བྱང་ཆུབ་རྣམས། ། མངོན་སུམ་བྱོན་ནས་རྒྱུན་དུ་རྗེས་བཟུང་བ། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །ས་གསུམ་བརྙེས་པ་འཕགས་པ་ཐོགས་མེད་དང་། ། ཀུན་མཁྱེན་གཉིས་པ་རྒྱལ་སྲས་དབྱིག་གི་གཉེན། ། འཕགས་པས་རྗེས་བཟུང་ཕྱོགས་ཀྱི་གླང་པོ་རྣམས། ། མངོན་སུམ་བྱོན་ནས་རྒྱུན་དུ་རྗེས་བཟུང་བ། ། དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། ། སྨྲ་བའི་ཟླ་བ་ཆོས་ཀྱི་གྲགས་པ་དང་། ། ཡོན་ཏན་འོད་དང་རྒྱལ་སྲས་ཤཱཀྱ་འོད། །ཞི་བ་ལྷ་དང་དཔལ་ལྡན་ཨ་བྷ་ཡ། །མངོན་སུམ་བྱོན་ནས་རྒྱུན་དུ་རྗེས་བཟུང་བ། ། དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། ། ཨིནྡྲ་བྷཱུ་ཏི་དཔལ་ལྡན་ས་ར་ཧ། ། ལཱུ་ཨི་བ་དང་རྗེ་བཙུན་དྲིལ་བུའི་ཞབས། ། ནག་པོ་སྤྱོད་པ་པདྨའི་ངང་ཚུལ་སོགས། ། མངོན་སུམ་བྱོན་ནས་རྒྱུན་ཏུ་རྗེས་བཟུང་བ། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། ། འདི་དག་གཞུང་ལ་བརྟེན་ནས་རང་གཞན་ལ། ། ཕན་པ་རྒྱ་ཆེན་འགྲུབ་པའི་རྟེན་འབྲེལ་ཞེས། ། འཇམ་པའི་དབྱངས་ཀྱིས་གསལ་བར་ལུང་བསྟན་ཅིང་། །གཞན་དོན་ལྷུན་གྱིས་འགྲུབ་པའི་སེམས་དཔའ་ཆེ། ། དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཞི་ལྷག་ཟུང་དུ་འབྲེལ་བའི་རྣལ་འབྱོར་གྱི། ། ཏིང་འཛིན་ཡར་ངོའི་ཟླ་ལྟར་འཕེལ་བ་ན། ། བཅོམ་ལྡན་རྡོ་རྗེ་འཇིགས་བྱེད་རབ་བརྗིད་པའི། ། ཞལ་ཕྱག་ཡོངས་སུ་རྫོགས་པའི་སྐུ་མཆོག་གཟིགས། ། དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། ། འཇམ་པའི་དབྱངས་དང་རྗེ་བཙུན་བླ་མ་ཡི། ། ཐུགས་ཀར་ཤེས་རབ་རལ་གྲིའི་འབྲེལ་བ་ལས། ། ཟག་མེད་བདུད་རྩིའི་ཆུ་རྒྱུན་ཐུགས་ཀར་ཞུགས། ། ལྷན་སྐྱེས་བདེ་བའི་ཏིང་འཛིན་བཟང་པོ་འཁྲུངས། ། དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། ། བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་དང་། ། མི་ཕམ་མགོན་གྱི་ཡང་དག་དོན་བསྟོད་པ། ། དོན་གྱི་ངོ་བོ་གོ་རིམ་འཇམ་དབྱངས་ཀྱིས། ། གསལ་བར་གསུངས་ནས་ཚིག་སྦྱོར་ལེགས་སྦྱར་བ། ། དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། ། སྐུ་གསུང་ཐུགས་རྟེན་རབ་གནས་མཛད་པའི་ཚེ། ། དམ་ཚིག་པ་ལ་ཡེ་ཤེས་མངོན་སུམ་ཞུགས། ། གང་གིས་བྱིན་གྱིས་བརླབས་པའི་ལྷ་ཚོགས་རྣམས། ། སྐྱེ་རྒུའི་བསོད་ནམས་ཞིང་དུ་ལེགས་གྲུབ་པ། ། དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། ། རྒྱལ་སྲས་ཀླུ་སྒྲུབ་ཡབ་སྲས་གཙོ་འཁོར་ལྔ། ། ཟབ་མོ་རྟེན་འབྱུང་གཏམ་གྱི་བགྲོ་བ་མཛད། ། དེ་ཡི་ནང་ནས་དཔལ་ལྡན་སངས་རྒྱས་བསྐྱངས། ། རྒྱ་དཔེས་བྱིན་བརླབས་འཕགས་པའི་དགོངས་པ་འཁྲུངས། ། དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། ། རྒྱུད་ཀྱི་མཐར་ཐུག་དཔལ་ལྡན་དུས་འཁོར་ལོའི། ། ཡན་ལག་དྲུག་གི་གནད་རྣམས་དགོངས་པ་ན། ། བཅོམ་ལྡན་འདས་ཀྱི་འཁོར་ལོ་མངོན་སུམ་གཟིགས། ། ཟླ་བ་བཟང་པོ་འདྲ་བར་ལུང་བསྟན་པ། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། ། ཆོས་འཁོར་ལྷ་སར་ཆོ་འཕྲུལ་ཆེན་པོའི་དུས། ། ངོ་མཚར་བཀྲ་ཤིས་སྣ་ཚོགས་བརྒྱ་བཀོད་པའི། ། མཆོད་པ་བདེ་བ་ཆེན་པོར་བྱིན་བརླབས་ནས། ། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་མཉེས་པར་མཛད། ། དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། ། ཐ་མལ་སྣོད་བཅུད་སྣང་སྟོང་སྒྱུ་མ་དང་། ། ཟབ་གསལ་གཉིས་སུ་མེད་པའི་རྣལ་འབྱོར་གྱིས། ། བདེ་ཆེན་ལྷ་ཡི་རྣམ་པར་ཤར་བའི་ཚེ། ། སྐུ་ཡི་རྡོ་རྗེའི་རྣལ་འབྱོར་ཆོས་ཀྱི་རྗེ། ། དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། ། སྙིང་གའི་པདྨར་སྐུ་གསུམ་རྡོ་རྗེ་ཡི། ། འབྱུང་འཇུག་སྔགས་ཀྱི་གདངས་སུ་བཟླས་པ་ན། ། ཞུགས་གནས་ཐིམ་པའི་འོད་གསལ་ཕྱག་རྒྱ་ཆེ། ། གསུང་གི་རྡོ་རྗེའི་རྣལ་འབྱོར་ཆོས་ཀྱི་རྗེ། ། དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། ། ལྟེ་བའི་འཁོར་ལོའི་གཏུམ་མོ་ཙཎྡ་ལིས། ། སྤྱི་བོའི་ཧཱུཾ་ཡིག་དབུ་མར་བཞུ་བ་ལས། ། ལྷན་སྐྱེས་བདེ་ཆེན་དཔལ་ལ་རྣམ་རོལ་བ། ། ཐུགས་ཀྱི་རྡོ་རྗེའི་རྣལ་འབྱོར་ཆོས་ཀྱི་རྗེ། ། དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། ། ཕྱོགས་བཅུར་བཞུགས་པའི་རྒྱལ་བ་སྲས་བཅས་རྣམས། ། རྣམ་དག་སྨོན་པའི་དབང་པོར་སྤྱན་དྲངས་ཚེ། ། རང་རང་ཕྱོགས་ཀྱི་དེ་བཞིན་གཤེགས་པ་ཡི། ། སྐུ་ཡི་བཀོད་པས་མཆོད་པ་བདག་གིར་མཛད། ། དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། ། འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་གཙོ་བོ་ཡིས། ། འཇམ་པའི་དབྱངས་དང་རྗེ་བཙུན་བྱམས་པ་གཉིས། ། ཆོས་ཀྱི་བགྲོ་བ་མཛད་པའི་ཆུས་བཀང་པའི། ། རིན་ཆེན་བུམ་བཟང་སྟེར་བ་གསལ་བར་རྨིས། ། དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། ། རིན་ཆེན་དུ་མས་སྤྲས་པའི་ཁྲི་སྟེང་ན། ། ཐམས་ཅད་མཁྱེན་པ་བུ་སྟོན་རིན་ཆེན་གྲུབ། ། འདུས་པ་རྩ་བའི་རྒྱུད་ཀྱི་གླེགས་བམ་ནི། ། གནང་ནས་འདི་ཡི་བདག་པོ་གྱིས་ཞེས་གསུང་། ། དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། ། གླེགས་བམ་གཏད་དེ་སྔགས་དང་ཕྱག་རྒྱ་ཡིས། ། ལན་གསུམ་དབུ་ཡི་སྟེང་དུ་བྱིན་བརླབས་པས། ། ལྷོ་བྲག་མར་པའི་དགོངས་པ་བསྲེ་འཕོའི་གནད། ། རྒྱུད་དང་འཕགས་པའི་མན་ངག་ཡིན་པར་ངེས། ། དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། ། བདེ་མཆོག་འཁོར་ལོའི་སྒྲུབ་པ་མཛད་པའི་ཚེ། ། དཀྱིལ་འཁོར་བ་རྣམས་མངོན་སུམ་གསལ་བར་གཟིགས། ། ཕྱི་ནང་གནས་གསུམ་མཁའ་འགྲོའི་ཚོགས་རྣམས་ཀྱིས། ། རྡོ་རྗེ་གླུ་ཡི་མཆོད་པས་དགྱེས་པར་མཛད། ། དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། ། བདུད་དཔུང་གཞིལ་བའི་ཐུགས་དམ་མཛད་པའི་ཚེ། ། གསེར་སྦྱངས་བཙོ་མའི་མདངས་ལྟར་རབ་གསལ་ཞིང་། ། ཉི་མ་བྱེ་བའི་འོད་ཀྱི་ཁོར་ཡུག་ཅན། ། བདུད་འདུལ་ཆེན་པོའི་ཐུབ་པ་དངོས་སུ་གཟིགས། ། དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། ། རྗེ་ཡི་སྐུ་དང་རྒྱལ་བའི་སྐུ་གསུང་ཐུགས། ། དབྱེར་མེད་མཛད་ནས་བདུད་སྡེ་ཟིལ་མནན་པས།། བསྟན་སྲུང་རྣམས་ཀྱིས་བདུད་རིགས་ཚར་བཅད་ཚེ། ། བདུད་ཀྱི་དམག་དཔུང་ཕམ་པའི་སྒྲ་ཆེན་གྲགས། ། དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། ། བསྟན་སྲུང་རྒྱ་མཚོའི་ཚོགས་གྱིས་མངོན་སུམ་དུ། ། སྔོན་ཚེ་རྡོ་རྗེ་འཆང་གིས་བཀའ་སྩལ་བཞིན། ། ཁྱོད་ཀྱི་བསྟན་པ་འཛིན་དང་སྤེལ་བ་ལ། ། ལྷག་པར་གུས་པའི་ཡིད་ཀྱིས་ཚུལ་བཞིན་སྒྲུབ། ། དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། ། དགའ་ལྡན་གནས་སུ་མི་ཕམ་ཆོས་རྗེའི་དྲུང་། ། རྒྱལ་བའི་སྲས་པོ་འཇམ་དཔལ་སྙིང་པོ་ཞེས། ། འཇམ་པའི་དབྱངས་དང་གསང་བའི་བདག་པོ་ཡིས། ། གསལ་བར་ལུང་བསྟན་རྗེ་བཙུན་ཆོས་ཀྱི་རྗེ། ། དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། ། དེ་ལྟར་དང་བའི་ཡིད་ཀྱིས་གསོལ་བཏབ་པས། ། མཁའ་མཉམ་འགྲོ་བའི་སྡུག་བསྔལ་སེལ་བྱེད་ཅིང་། ། སྐྱེ་དང་སྐྱེ་བར་རྗེ་བཙུན་བླ་མ་ཡིས། ། རྗེས་བཟུང་དམ་ཆོས་འཛིན་པར་བྱིན་གྱིས་རློབས། །བདེ་ཆེན་ལྷན་སྐྱེས་ཡེ་ཤེས་འཆར་དུ་གསོལ། ། དངོས་འཛིན་འཁྲུལ་བའི་དྲི་མ་བསལ་དུ་གསོལ། །སེམས་ཉིད་ཐེ་ཚོམ་དྲ་བ་བཅད་དུ་གསོལ། ། མྱུར་དུ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། ། ཐོས་བསམ་སྒོམ་པའི་ཤེས་རབ་འཕེལ་དུ་གསོལ། ། མཆོག་དང་ཐུན་མོང་དངོས་གྲུབ་སྩལ་ཏུ་གསོལ། ། མྱུར་དུ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས།། ཀུན་བཟང་མཆོད་སྤྲིན་ནམ་མཁའ་མཉམ་པར་འབུལ། ། ཐོག་མེད་བསགས་པའི་སྡིག་ལྟུང་སོ་སོར་བཤགས། ། རྒྱལ་སྲས་ཀུན་གྱི་དགེ་ལ་ཡི་རང་ཞིང་། ། མྱ་ངན་མི་འདའ་ཆོས་འཁོར་བསྐོར་བར་བསྐུལ། ། དེ་ལྟར་བགྱིས་པའི་བསོད་ནམས་རྒྱ་མཚོ་དེས། ། འགྲོ་ཀུན་ཏིང་འཛིན་དཔལ་ལ་རྣམ་རོལ་ཞིང་། ། ལེགས་ཚོགས་ཡར་ངོའི་ཟླ་ལྟར་འཕེལ་བ་དང་། ། ཀུན་མཁྱེན་རྒྱལ་བའི་བསྟན་པ་རྒྱས་པར་ཤོག

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།


གསལ་འདེབས།                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།                    དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།