རྗེའི་རྣམ་ཐར་ཆེན་མོ་ལས་བསྙེན་པར་རྫོགས་པའི་སྐབས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-08-22 14:10:27     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        མཁྱེན་པས་སྲིད་པའི་འཆིང་བ་མཐར་མཛད་ཅིང་། །ཐུགས་རྗེས་ཞི་ལ་དགའ་བ་རིང་དུ་དོར། །སྲིད་ཞིའི་མཐའ་ལ་མི་གནས་སྲིད་ཞིའི་མགོན། །རྡོ་རྗེ་འཆང་དབང་རྗེ་ལ་ཕྱག་འཚལ་ལོ། །བཞི་པ་བསྙེན་རྫོགས་གྱི་སྡོམ་པ་བཞེས་པ་དང་། སྔགས་ཕྱོགས་ལ་སྦྱངས་ཏེ་མཁས་པར་གྱུར་པ་དང་། རྗེ་བཙུན་འཇམ་པའི་དབྱངས་ཀྱིས་འབྲལ་མེད་དུ་རྗེས་སུ་བཟུང་ནས་མན་ངག་མནོས་པ་སོགས་ནི། གོང་དུ་བརྗོད་པ་ལྟར་རྗེ་རིན་པོ་ཆེས་རྩེད་ཐང་སོགས་ཀྱི་གྲྭ་སྐོར་མཛད་ཚར་ནས། ཡར་ལུང་རྣམ་རྒྱལ་གྱི་ཇོ་གདན་དགོན་པར་བྱོན། དེ་ན་མ་བྱོན་སངས་རྒྱས་གསུམ་པ་ཁ་ཆེའི་པཎྜི་ཏ་བསོད་སྙོམས་པ་ཆེན་པོ་ཤཱཀྱ་ཤྲི་བྷ་དྲའི་མཁན་བརྒྱུད། ཇོ་གདན་ཚོགས་ཆེན་གྱི་མཁན་པོ་དཀའ་བཞི་པ་ཚུལ་ཁྲིམས་རིན་ཆེན་པས་བསྙེན་རྫོགས་ཀྱི་མཁན་པོ་མཛད། བྱེ་རྫིང་ཚོགས་པའི་མཁན་པོ་གནས་བརྟན་འདུལ་བ་འཛིན་པ་ཤེས་རབ་མགོན་པོས་ལས་སློབ་དང་། བྱེ་རྫིང་པའི་དབུ་མཛད་སྡོམ་བརྩོན་བསོད་ནམས་རྡོ་རྗེས་གསང་སྟོན་མཛད་ཅིང་། ཚོགས་པ་དེ་གཉིས་ལས་ཁ་སྐོང་དུ་ངེས་པའི་དགེ་སློང་ཉི་ཤུས་དད་པའི་དགེ་འདུན་མཛད་ནས་བསྙེན་པར་རྫོགས་པའི་སྡོམ་པ་ཡང་དག་པར་བཞེས་ཏེ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་ཡོངས་སུ་རྫོགས་པའི་ལྷའི་ཆུ་བོ་ཐུགས་རྒྱུད་ཀྱི་བུམ་བཟང་ཉེ་བར་གཏམས་ཤིང་། ལྷ་དང་བཅས་པའི་འཇིག་རྟེན་གྱི་ཡོན་གནས་གཅིག་པུར་གྱུར་ཏོ། །

        དེ་ནས་འདུལ་བའི་བསླབ་ཁྲིམས་ཤིན་ཏུ་ཕྲ་མོ་རྣམས་ཀྱང་རྣམ་པར་དག་པ་བསྲུང་བར་མཛད་དོ། །དེ་རྗེས་གདན་ས་ཐེལ་དུ་བྱོན། སྤྱན་སྔ་རིན་པོ་ཆེ་གྲགས་པ་བྱང་ཆུབ་པའི་དྲུང་དུ་མཇལ། ཆོས་ཀྱི་བཀའ་མཆིད་མཛད་པ་ལ་རྗེ་རིན་པོ་ཆེས་ཟབ་ཅིང་ཕྲ་བའི་དོན་དང་ཉམས་སུ་ལེན་པའི་ལམ་གནད་སོགས་ལས་བསྡུས་ཏེ་གནད་འགག་ལེགས་པར་ཞུས་པས། བླ་མ་དེས་རྗེ་འདིའི་ལུང་དང་རྟོགས་པའི་ཡོན་ཏན་ཕུལ་དུ་བྱུང་བ་ཤེས་ནས་ཐུགས་ཕྲོགས་ཏེ། དད་གུས་ཀྱིས་སྤྱན་ཆབ་འབྱུང་བར་འགྱུར། ཕྱིས་ཀྱང་དྲུང་འཁོར་དག་དང་ཕེབས་མཆིད་གླེང་བ་ན། རྗེ་འདིའི་ཡོན་ཏན་ལ་བསྔགས་ནས་གཞོན་ནུའི་དུས་ནས་དེ་ལྟ་བུའི་ཕུལ་དུ་བྱུང་བ་ཕུན་སུམ་ཚོགས་པའི་བླ་མ་བྱོན་པའི་ཚེ། ང་རྒས་ནས་ན་ཚོད་ཡོལ་བ་ནི་སྐལ་བ་ཞན་པར་འདུག་ཅེས་ཐུགས་བྱུང་བའི་གསུང་ཡང་ཡང་འབྱོན་པར་གྲག་གོ །

        དེའི་ཚེ་སྤྱན་སྔ་རིན་པོ་ཆེ་དེ་ཉིད་ལ་ལམ་འབྲས་ཀྱི་མན་ངག་ཡོངས་རྫོགས་དང་། ནཱ་རོ་ཆོས་དྲུག་དང་། ཕག་མོ་གྲུ་པའི་གསུང་འབུམ་དང་། ཆོས་རྗེ་འཇིག་རྟེན་མགོན་པོའི་གསུང་འབུམ་སོགས་དྭགས་པོ་རིན་པོ་ཆེ་ནས་བརྒྱུད་པའི་བཀའ་རྒྱུད་ཀྱི་ཆོས་སྐོར་མང་པོ་མནོས། རྗེས་བསྒོམས་པས་དེ་བའི་ལུགས་ཀྱི་ཉམས་རྟོགས་མཐར་ཕྱིན་པ་འཁྲུངས་སོ། ། དེ་དུས་ལོཙྪ་བ་ནམ་མཁའ་བཟང་པོ་བ་སྤྱན་སྔ་པས་གདན་དྲངས་ནས་ཕེབས་འདུག་པས། ཁོང་པ་ལས་སྒྲ་རིག་པའི་ས་རིས་སོགས་ཡོངས་སུ་རྫོགས་པ་ཅིག་གསན་པར་བཞེད་པའི་ཐུགས་འདུན་ཆེ་ཡང་འགལ་རྐྱེན་ཅུང་ཞིག་བྱུང་བས་རྫོགས་པར་གསན་རྒྱུ་མ་བྱུང་། འོན་ཀྱང་རྗེ་འདི་རང་གི་མཁྱེན་དཔྱོད་ཀྱིས་སྙན་དངགས་མངོན་བརྗོད་སྡེབ་སྦྱོར་སོགས་སྒྲ་རིག་པའི་སྐོར་མཁས་པར་མཁྱེན་པའོ། །དེ་ནས་འོན་གྱི་ལྷ་ཁང་ཀ་རུད་ཆོས་བར་ལ་བྱོན། ཚ་ཁོ་དབོན་པོ་སོགས་སྡེ་སྣོད་འཛིན་པ་མང་པོ་ལ་ཕར་ཚད་དབུ་མ་སོགས་ཀྱི་ཆོས་མང་དུ་གསུངས།

        འདིར་བཞུགས་པའི་སྐབས་ཤིག་བསླབ་ཚིག་རྣམ་གཉིས་མཛད་པ་ལས། ཨེ་ཡིག་གི་དབྱངས་ཀྱིས་བསྡེབས་པའི་བྱ་དཀའི་མཛེས་རྒྱན་ཞེས་པའི་བསླབ་ཚིག་ནི། ཀེ་རུ་ཞེས་གྲགས་གནས་འདིར་འཁོར་བ་རྣམས། ཁེ་དང་རྙེད་བཀུར་དོར་ཏེ་ཆོས་ལ་གཞོལ། །གེ་སར་ཉི་ཤར་འོད་ཀྱིས་མཛེས་པ་བཞིན། །ངེ་རང་རྣམས་ཀྱང་གསུང་རབ་སྣང་བས་རྩེན། །ཅེ་སྤྱང་བཞིན་དུ་ཕྱོགས་བཅུར་མི་འགྲོ་ཞིང་། །ཆེ་ཆོས་དོར་ནས་མཁས་པ་བསྟེན་བྱས་ན། །ཇེ་མཐོ་ཇེ་མཐོར་སོང་ཞིང་འགྲོ་བ་ཀུན། །ཉེ་རིང་མེད་པར་ངང་གིས་འདུ་བར་འགྱུར། །ཏེ་ལོ་བ་སོགས་མཁས་གྲུབ་ཀུན་གྱིས་ཀྱང་། །ཐེ་ཚོམ་སྤངས་ཏེ་བླ་མ་གུས་པས་བསྟེན། །དེ་བཞིན་བདག་ཅག་མཁས་ལ་གུས་བཏུད་དེ། །ནེའུ་སིང་མཛེས་ལྟར་ཡིད་རབ་དད་པར་བྱ། པོ་ཏོ་བ་ཡི་སྤྱོད་ཚུལ་ལྷུར་བླངས་ཏེ། །ཕ་གུའི་རྩིག་པས་བསྐོར་བའི་ཁང་བཟངས་སུ། །བེའུས་མ་ལ་གདུང་འདྲའི་འདུན་པ་ཡིས། །མེ་ཤོར་གསོད་ལ་བརྩོན་བཞིན་འགྲུས་པར་རིགས། །ཅོ་རེ་འདུག་ནས་གསུང་རབ་དོན་བསམས་ན། །ཚེ་རབས་ཀུན་ཏུ་བདེ་ནས་བདེ་བར་འགྲོ། །ཛེ་རེག་ཕྲག་དོག་བྱམས་པའི་གཉེན་པོ་ཡིས། །ཝེ་རན་ཏ་ཡིས་ནད་རྣམས་སེལ་བཞིན་གསལ། །ཞེ་སས་འདུད་པའི་དག་སྣང་རབ་སྦྱངས་ཏེ། །ཟེ་སློང་སྦྱོར་བ་ཐམས་ཅད་རབ་སྤངས་ནས། །འེ་ཏ་ཀ་ཡིས་བསྟེན་པའི་བསྡི་གནས་སུ། །ཡེ་ནས་སྤྲོས་བྲལ་དོན་ལ་འདྲིས་པར་བྱ། །རེ་བ་མ་ཆེ་འདོད་པ་ཆུང་བར་གྱིས། །ལེ་ལོ་མ་ཆེ་ཆོས་ལ་བརྩོན་པར་བྱ། །ཤེ་མོང་སྟོབས་ཀྱིས་མ་དྲེགས་དབེན་པའི་གནས། །སེ་བས་དཀྲིགས་པའི་ཕྱོགས་སུ་དགེ་ལ་འབད། །ཧེ་ཧེ་མཁས་པ་དགྱེས་པའི་ཚིགས་བཅད་འདི། །ཨེ་ཡིག་དབྱངས་ངེས་བྱ་དགའི་ཚུལ་དག་ཏུ། །ལེགས་པར་བསྡེབས་འདི་མང་ཐོས་ཙོང་ཁ་པ། །བློ་བཟང་གྲགས་པས་ཆོས་བར་བྱེད་ཚེ་སྦྱར། །ཞེས་པའོ། །

        ཡང་ཨོ་ཡིག་གི་དབྱངས་ཀྱིས་བསྡེབས་པའི་བསླབ་ཚིག་ནི། ཨོཾ་བདེ་ལེགས་སུ་གྱུར་ཅིག ཀོ་ཀ་ལི་ཀའི་མགྲིན་པའི་སྤུ་བཞིན་དུ། །ཁོ་ར་ཁོར་ཡུག་ཚོན་གྱིས་བཀྲ་བ་འདིར། །གོ་ཆ་བགོས་པའི་སྙིང་སྟོབས་ཆེན་པོ་ཡིས། །ངོ་མཚར་ཐུབ་པའི་གསུང་ལ་སྦྱངས་ན་ལེགས། །ཅོ་ནས་འདྲེན་པའི་དམ་པས་གདམས་པ་ལྟར། །ཆོ་རིགས་བཟང་པོའི་སྤྱོད་ཚུལ་ལྷུར་བླངས་ཏེ། །ཇོ་བོའི་དྲུང་དུ་སོས་བསྐོར་འཚོགས་ཀྱི་བར། །ཉོ་ཚོང་དོར་ཏེ་ཆོས་བར་འཕེལ་ན་ལེགས། །ཏོ་ཀེར་བཞིན་དུ་གཙུག་ཏུ་འཁུར་བ་ལ། །ཐོ་ཚེ་སྤངས་པའི་སྤྱོད་པ་དུལ་བར་དགོས། །དོ་ཟླ་མེད་པའི་མཁས་པ་བྱེད་འདོད་ན། །ནོ་བསམ་ཐམས་ཅད་ཆོས་ལ་བཏང་ན་ལེགས། །པོ་ཏ་ལ་ན་འཇིག་རྟེན་དབང་ཕྱུག་ལྟར། །ཕོ་བྲང་འདིར་ཡང་སྙིང་རྗེས་རང་རྒྱུད་འདུལ། །པོ་ལོར་བཟང་ལྟར་རྒྱུད་ནི་མཉེན་བྱས་ཏེ། །མོ་གཤམ་བུ་ལྟར་ཁྲོ་བ་བྲལ་ན་ལེགས། །ཙོ་རའི་འཇིགས་པས་དབེན་པར་གྱུར་པ་འདིར། ཆོ་ཚོའི་ཁྲོད་ནས་བསམ་པ་རྒྱ་བསྐྱེད་དེ། །ཛོ་གི་དུལ་བའི་སྦྱོར་བ་སྒྲུབ་པ་ལ། །ཝོ་བརྒྱལ་བྱུང་ཡང་བརྩོན་པ་བསྟེན་ན་ལེགས། །ཞོ་དང་ཀུ་མུད་མདངས་ལྟར་རབ་དཀར་ཞིང་། །ཟོ་མདོག་མཐོང་ན་གཞན་ཡིད་འཕྲོག་པ་ཁྱོད། །འོ་ཅག་རྣམས་ཀྱིས་གུས་པས་བསྒྲུབ་བྱ་སྟེ། །ཡོ་ལང་འདུ་འཛིའི་བྱ་བ་དོར་ན་ལེགས། །རོ་ལ་ཕྲེང་བ་ཆུང་བར་བྱས་ནས་ནི། །ལོ་མང་དུས་ནས་བསྒྲུབས་པའི་ནན་ཏན་འཕྲོ། །ཤོ་སོགས་རྣམ་གཡེང་དབང་དུ་མ་བཏང་བར། །སོ་ཀ་འདི་ལ་མཐའ་ཐོན་བྱས་ན་ལེགས། །ཧོ་ཡིག་བར་དུ་ཐོག་མ་ཐམས་ཅད་ནི། །ཨོ་ཡིག་དབྱངས་ངེས་བྱ་དཀའི་ཚུལ་དག་ཏུ། ལེགས་པར་བསྡེབས་འདི་མང་ཐོས་ཙོང་ཁ་པ། །བློ་བཟང་གྲགས་པས་ཆོས་བར་བྱེད་ཚེ་སྦྱར། །ཞེས་པའོ། །

                                                             རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས། 
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
              དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།