རྗེའི་རྣམ་ཐར་ཆེན་མོ་ལས་ཞར་བྱུང་རྗེ་རེད་མདའ་པའི་རྟོགས་པ་མདོ་ཙམ་བཅས་བསྟན་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-08-18 12:55:00     རྩོམ་པ་པོ།   ཆ་ཧར་དགེ་བཤེས།    ཀློག་ཐེངས།  

4175448ctad53fb6957f6&690.gif

        ཡང་ལྷོ་བྲག་ནམ་མཁའ་རྒྱལ་མཚན་པས། རྗེ་བཙུན་འདི་དང་རྗེ་ཙོང་ཁ་པ་གཉིས་སྐུ་ཚེ་སྔོན་མར་ཆོས་འབྲེལ་ཇི་ལྟར་མཛད་ཚུལ་གསུངས་པ་ནི། སྐྱེ་བ་འདིའི་སྔ་མ་ལ་ཁ་ཆེའི་ཡུལ་དུ་རེད་མདའ་པ་ནི་པཎྜིཏ་དོན་ཡོད་རྡོ་རྗེ་ཞེས་བྱ་བར་གྱུར། རྗེ་ཙོང་ཁ་པས་པཎྜི་ཏ་མ་ཏི་བྷ་དྲ་ཞེས་པར་གྱུར་ནས་སྡེ་སྣོད་གསུམ་ལ་སྦྱངས་ཤིང་རྒྱུད་འགའ་ཞིག་དང་དབང་ཡང་ཞུས་སོ། །

        ཡང་སྐྱེ་བ་འདིའི་གོང་གི་བདུན་པར་རེད་མདའ་པ་དྲང་སྲོང་ཅིག་ཏུ་གྱུར་ཅིང་། རྗེ་རིན་པོ་ཆེ་བྲམ་ཟེའི་བུ་མོས་བ་བརྟན་པར་གྱུར་པས་དྲང་སྲོང་ལས་བྱ་སྤྱོད་ཀྱི་ཆོས་སྐོར་ཞུས། དྲང་སྲོང་གིས་ཀྱང་ཡོ་གའི་སྐོར་ཞུས་ནས་ཕན་ཚུན་བླ་སློབ་དུ་གྱུར། ཡང་དེའི་གོང་གི་སྐྱེ་བ་གསུམ་པ་ལ་རྒྱ་གར་གྱི་གངྒ་པཏ་ཞེས་པའི་ཡུལ་དུ་རེད་མདའ་པ་རྒྱལ་རིགས་སུ་སྐྱེས་ནས་གཙུག་ལག་ཁང་གི་བླ་མར་གྱུར། རྗེ་རིན་པོ་ཆེ་ནཱ་ག་དཱ་ཛ་ཞེས་པར་གྱུར་ཅིང་། ཀླུ་སྒྲུབ་ཀྱི་སྤྲུལ་པ་ཡིན་ཞེས་པའི་དགེ་ཚུལ་ཞི་བ་བཟང་པོ་ཞེས་པ་ལས་ཀླུ་སྒྲུབ་ཀྱི་ཆོས་སྐོར་མང་དུ་ཞུས། གཙུག་ལག་ཁང་གི་བླ་མ་དེས་ནཱ་ག་རཱ་ཛ་ལས་ཆོས་དེ་རྣམས་གསན་ཞིང་། ནཱ་ག་རཱ་ཛས་ཀྱང་བླ་མ་དེ་ལས་མངོན་པའི་ཆོས་སྐོར་གསན་ནོ། །ཞེས་གསུང་ངོ་། །

        དེ་ལྟ་བུའི་བླ་མ་དེ་ལས་ཆོས་ཀྱི་བཀའ་དྲིན་མནོས་པའི་སློབ་མ་མང་ཡང་མཆོག་ཏུ་གྱུར་པའི་སློབ་མ་བདུན་ཡིན་པར་རྗེ་བཙུན་པ་རང་ཉིད་གསུང་སྟེ། རེད་མདའ་པ་ཉིད་ཀྱི་ཞལ་ནས། སྦྱངས་པའི་མཆོག་གྱུར་ཀུན་མཁྱེན་ཤེས་འོད་དང་། །སྲས་ཀྱི་མཆོག་གྱུར་བློ་བཟང་གྲགས་པའི་དཔལ། །ཉམས་ལེན་མཆོག་གྱུར་ཀུན་དགའ་དཔལ་བཟང་པོ། །ཤེས་རབ་མཆོག་གྱུར་ཉི་མ་རྒྱལ་མཚན་དང་། །བརྩེ་ལྡན་མཆོག་གྱུར་དཔལ་འབྱོར་ཤེས་རབ་དང་། །འཆད་མཁས་མཆོག་གྱུར་བསོད་ནམས་ཤེས་རབ་དང་། རྩོད་པ་མཆོག་གྱུར་དར་མ་རིན་ཆེན་ཏེ། །གཞུང་ལུགས་རབ་འབྱམས་སྨྲ་བའི་བཤེས་གཉེན་བདུན། །ཞེས་གསུངས་སོ། །འདིའི་གཉིས་པ་ནི་རྗེ་རིན་པོ་ཆེ་དང་། བདུན་པ་ནི་རྒྱལ་ཚབ་རྗེ་ཡིན་ནོ། །

        སྨྲས་པ། སྙིང་སྟོབས་ཟླ་བ་རྫོགས་པ་དེ་ཡི་སྙིང་། །བདེ་གཤེགས་བསྟན་པ་བདུད་རྩིའི་དཔལ་ལ་ཆགས། །ལེགས་བཤད་ལམ་དུ་བློ་གྲོས་གོམ་པ་ནི། །རྟག་ཏུ་ངལ་གསོ་མེད་པར་ཁྱོད་ཀྱིས་བཀོད། །དགེ་ལེགས་རྩ་བ་བཤེས་གཉེན་ཉིན་བྱེད་ཀྱི། །ལེགས་བཤད་འོད་སྟོང་མ་ལུས་འཐུངས་གྱུར་བ། །དམ་ཆོས་སྦྲང་རྩིའི་རྒྱལ་མཚན་དབང་པོ་དེ། །སྐལ་བཟང་བུང་བ་ཀུན་གྱི་ཉེར་འཚོར་གྱུར། །སྲིད་པའི་ཕུན་ཚོགས་གདུག་པའི་སྦྲུལ་གྱི་ལྕེ། །བསྐྱོད་པའི་ཟློས་གར་ལྟ་བུར་གཟིགས་པ་དེ། །ཡུལ་ལ་མངོན་འདོད་སྲེད་པའི་འཆིང་བ་ནི། །མི་གཙང་མངལ་གྱི་རྒྱ་དང་མཉམ་དུ་གྲོལ། །ནུ་མ་མངོན་དགའ་པད་མོའི་བཞིན་རས་ཅན། །ལུས་ཕྲའི་མིག་ཟུར་འཕངས་པས་ཆགས་ལྡན་བཞིན། །ཐུབ་པའི་ལེགས་བཤད་སྦྲང་རྩིའི་དོག་པས་ཀྱང་། །ཁྱོད་ཐུགས་རྐང་དྲུག་ལྡན་པའི་བརྟན་པ་ཕྲོགས། །མི་བཟང་རིགས་པའི་སྡེར་མོ་ཕྱོགས་ཀུན་གྱི། །གོལ་བ་གླང་ཆེན་སྤྱི་བོར་ངལ་གསོ་བ། །ཁྱོད་ཀྱི་རྣམ་དཔྱོད་ཡངས་པའི་ཁྱོད་ཀྱིས་ནི། །མཐའ་དག་ཤེས་བྱའི་ཚད་ཀྱང་ཉུང་ངུར་བྱས། །ཁྱོད་ཀྱི་རབ་དཀར་གྲགས་པའི་དོ་ཤལ་གྱིས། །ཕྱོགས་ཀྱི་མཛེས་མའི་མགྲིན་པ་བསྐལ་བཟང་བྱེད། །མགོན་ཁྱོད་བསྔགས་པས་བྲེལ་བའི་འཇིག་རྟེན་འདི། །བྱ་བ་ཀུན་ལ་ཆགས་བྲལ་བླངས་པ་བཞིན། །མཚུངས་མེད་དམ་པ་རྗེ་བཙུན་ཙོང་ཁ་པས། །རྨད་བྱུང་ཡོན་ཏན་ཕུན་སུམ་ཚོགས་པ་ལྟར། །བདག་སོགས་འགྲོ་ཀུན་ཚེ་རབས་ཐམས་ཅད་དུ། །ཟབ་རྒྱས་ཆོས་ཀྱི་བདུད་རྩིར་ལོངས་སྤྱོད་ཤོག །རྗེ་ཐམས་ཅད་མཁྱེན་པ་ཙོང་ཁ་པ་ཆེན་པོའི་རྣམ་ཐར་གོ་སླ་བར་བརྗོད་པ་བདེ་ལེགས་ཀུན་གྱི་འབྱུང་གནས་ཞེས་བྱ་བ་ལས། ཐུགས་གཉེར་མཛད་ནས་མདོ་ཕྱོགས་གཙོ་བོར་བྱས་པའི་རིག་གནས་ཀུན་ལ་མཁས་པར་གྱུར་པ་དང་། ལྷ་མོ་དབྱངས་ཅན་མའི་ཞལ་གཟིགས་ནས་རྗེས་སུ་བཟུང་བ་དང་། རྗེ་རེད་མདའ་པའི་རྟོགས་པ་མདོ་ཙམ་བཅས་བསྟན་པའི་ལེའུ་སྟེ་གསུམ་པའོ། །

                                                            རྩོམ་སྒྲིག་པ། མང་ར་བ།
         གསལ་འདེབས། 
               རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
               དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།