རྗེའི་རྣམ་ཐར་ཆེན་མོ་ལས་མདོ་ཕྱོགས་ལ་གཙོ་བོར་ཐུགས་གཉེར་མཛད་པའི་སྐབས་བརྒྱད་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-08-18 12:34:21     རྩོམ་པ་པོ།   ཆ་ཧར་དགེ་བཤེས།    ཀློག་ཐེངས།  

4175448ctad53fb6957f6&690.gif

        དགུང་ལོ་ཉེར་བཞི་པའི་ལྕགས་སྤྲེལ་ལོའི་དཔྱིད་གུང་ཐང་དུ་བྱོན། ལོ་གསར་ཚེས་བཅུའི་སྐབས་ནས་བརྩམས་ཏེ་གསང་ཕུ་དང་རྩེད་ཐང་སོགས་དབུས་ཀྱི་ཆོས་སྡེ་རྣམས་སུ་ཕར་ཕྱིན་སྔར་ནས་མཛད་ཚར་བས་གཞན་བཞིའི་གྲྭ་སྐོར་མཛད། དེ་ཡང་རྣམ་ཐར་ཆེན་མོ་ལས། དེའི་ཚེ་དབུས་གཙང་གི་གྲྭ་ས་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་སྡེ་སྣོད་འཛིན་པ་རྒྱ་མཚོ་ལྟ་བུ་མཐའ་དག་ཀྱང་། དམ་པ་འདིའི་བློ་གྲོས་ཀྱི་བང་མཛོད་ལས་འོངས་པའི་ལེགས་བཤད་གསར་པའི་དུས་སྟོན་ཉམས་སུ་མྱོང་བས་ནི་ཡིད་ཚིམ། རྣམ་དཔྱོད་འདབ་བཟང་དབང་པོའི་སྤར་ཁྱིམ་ལས་ཐོན་པའི་དངོས་སྟོབས་རིགས་པའི་སྡེར་མོ་མི་བཟད་པས་བསྡིགས་པས་ནི་སྙིང་འདར། མཁྱེན་རབ་གཏིང་མཐའ་ཡངས་པའི་ཆུ་གཏེར་ཆེན་པོར་རྒྱལ་ཁེབས་པའི་རླབས་ཕྲེང་ཞི་བའི་དུལ་བའི་དཔལ་གྱིས་ནི་དད་པའི་སྤུ་ལོང་ཀུན་ནས་གཡོས་ཏེ། འཇིག་རྟེན་མ་ལུས་པ་ངོ་མཚར་བའི་གཏམ་གྱི་དགའ་སྟོན་ལ་རོལ་བར་བྱེད་པས་དུས་འདའ་ཞིང་། ས་གསུམ་ན་སྙན་པའི་བ་དན་བཙུགས་པར་གྱུར་ཏོ། །ཞེས་དང་།

        ཡང་། དེའི་ཚེ་ཆོས་གྲྭ་ཆེན་པོ་རྣམས་སུ་གྲྭ་སྐོར་ལ་བྱོན་པའི་སྐབས་དག་ཏུའང་། དད་པའི་ཤུགས་ཀྱིས་གསོལ་བ་འདེབས་ཤིང་། དམ་པའི་ཆོས་ཀྱི་བཀའ་སྩལ་མཉན་ནས། བདག་ཉིད་ཀྱི་སློབ་མར་ཁས་ལེན་པའི་སྡེ་སྣོད་འཛིན་པའང་དུ་མ་ཞིག་བྱུང་ལ། ལེགས་སུ་འདོད་པ་དག་ནི། འདི་འདྲ་བའི་དམ་པའི་མགོན་ལ་བརྟེན་པ་ལས་འདོད་པའི་གནས་འཐོབ་པར་འགྱུར་གྱི། གཞན་གྱིས་ནི་མ་ཡིན་ནོ་སྙམ་དུ་བསམས་ནས་བདག་ཉིད་ཆེན་པོ་འདིའི་ཞབས་འབྲིང་དུ་ཁས་ལེན་པར་ཡང་བྱེད་དོ། །ཞེས་གསུངས་པ་ལྟར་གྲྭ་སྐོར་དེ་དག་མཛད་པའི་ཚེ་གཞུང་ཆེན་མང་པོའི་དོན་ལེགས་པར་མཁྱེན་པ་དང་། རྒྱ་བོད་ཀྱི་མཁས་པ་མང་པོའི་བཞེད་པ་སོ་སོར་ཕྱེ་བ་དང་། ནོར་བ་དང་བརྗེད་པའི་དྲི་མ་མེད་པ་སོགས་ཆེས་ཕུལ་དུ་བྱུང་བས་བོད་ཡུལ་དུ་སྔོན་ཆད་འདི་ལྟ་བུའི་མཁས་པ་མ་བྱུང་ཞེས་གྲགས་ཤིང་། དགེ་བའི་བཤེས་གཉེན་གཟུར་གནས་མཁས་པ་རྣམས་ཀྱིས་ནི་ཐུགས་ཕྲོགས་ནས་ཤིན་ཏུ་དགའ་ཞིང་དད་པས་བསྟོད་བཀུར་སོགས་མཛད་པ་བྱུང་ལ། ཕྲག་དོག་གིས་འཚེ་བའི་བསམ་པ་ཅན་རྣམས་ནི་རྒོལ་ནུས་པའི་སྤོབས་པ་ཅུང་ཟད་ཀྱང་མེད་པས་ཆེས་ཆེར་ཞུམ་ཞིང་། རྗེ་འདིའི་ཡོན་ཏན་གྱི་ཟིལ་གྱིས་མནན་ནས་ངང་གིས་སྐྲག་ཅིང་འདར་བར་གྱུར་ཏོ། །

        གཞན་ཡང་རྗེ་འདིའི་མཁས་པའི་ཡོན་ཏན་ཕུལ་དུ་བྱུང་བ་དང་། ལོག་སྒྲུབ་བྱེད་པ་དག་ལའང་བྱམས་ཤིང་བརྩེ་བ་མ་གཏོགས་ཐུགས་ལ་སྐྱོན་གྱི་དྲི་མ་ཅུང་ཟད་ཀྱང་མེད་པ་དང་། དམ་ཚིག་སྡོམ་པ་རྣམ་པར་དག་པའི་ངང་ནས་དམ་པའི་ཆོས་ལ་འབད་པ་ལས་རྣམ་གཡེང་ལེ་ལོ་སོགས་སྐྱོན་གྱི་དྲི་མ་ཕྲ་མོས་ཀྱང་མ་གོས་པ་དང་། རྟག་ཏུ་བསྟན་འགྲོའི་དོན་ལ་དགོངས་པ་ལས་རང་ཉིད་འབའ་ཞིག་དོན་མི་མཛད་པ་སོགས་གང་གི་ངོས་ནས་བརྟགས་ནའང་ཆེས་ཕུལ་དུ་བྱུང་བ་ཡིན་པས། དེ་རྣམས་ཤེས་ནས་སེམས་དབང་མེད་དུ་ཕྲོགས་ཏེ་དད་པའི་སྟོབས་ཀྱིས་ཕྱག་དང་བསྙེན་བཀུར་བྱེད་པ་དང་། སློབ་མར་གྱུར་ཏེ་ཆོས་ཞུ་བ་མང་དུ་བྱུང་ཞིང་། སྤྱིར་ཡར་ལ་འགྲོ་བར་འདོད་པ་དག་ནི་འདི་ལྟ་བུའི་བླ་མ་བཟང་པོ་ལ་བསྟེན་ན་འདི་ཕྱིའི་དོན་ཐམས་ཅད་འགྲུབ་པར་འགྱུར་གྱི། གཞན་ལ་བསྟེན་པས་ཕུན་སུམ་ཚོགས་པར་ག་ལ་འགྱུར་སྙམ་ནས་རྒྱུན་དུ་ཞབས་ཕྱིར་འབྲང་བར་གསོལ་བ་བཏབ་སྟེ་འབྲལ་མེད་དུ་བསྟེན་པའང་མང་དུ་བྱུང་ངོ་། །

        ཡང་སྐབས་ཤིག་སྔོན་ཆོས་རྗེ་དོན་རིན་པས་ཡི་དམ་ཆོས་སྐྱོང་མང་པོ་ལ་གཉེར་དུ་གཏད་དེ། འདི་རྣམས་ཀྱི་བསྙེན་སྒྲུབ་མཆོད་གཏོར་རྣམས་མ་ཆག་པ་གྱིས་གསུང་བ་དེ་ཉིད་དང་པོ་ལོ་གཅིག་ཙམ་དེ་ལྟར་བསྒྲུབས་ཀྱང་། གཞུང་དོན་དཔྱོད་པ་སོགས་ལ་ཐུགས་བཞེད་ཆེ་བས་དབུས་གཙང་དུ་འོང་བའི་ལམ་དང་། ཐུགས་གཉེར་མཛད་པའི་སྐབས་རྣམས་སུ་ཕལ་ཆེར་ཆག་པ་ཡིན་ལ། དེ་ཡང་བླ་མའི་བཀའ་བཞིན་མ་གྲུབ་པའི་རྐྱེན་དང་། ཁྱད་པར་དུ་རྣམ་སྲས་ཀྱི་མཆོད་གཏོར་ཆག་པས་མཚན་ཉིད་ལ་ཞུགས་འཕྲལ་ལོངས་སྤྱོད་ཀྱིས་དབུལ་བ་དང་། མགོན་པོ་ཕྱག་དྲུག་པའི་མཆོད་གཏོར་ཆག་པས་གཞན་གྱི་འཚེ་བ་མང་བ་དང་། ཕྱག་རྡོར་གྱི་བསྙེན་སྒྲུབ་ཆག་པས་ནད་མང་བ་བྱུང་འདུག་ཅེས་གསུང་ནས། དེ་ཕྱིན་བསྙེན་སྒྲུབ་སོགས་མ་ཆག་པར་མཛད་དོ། །

        འདི་ཡན་གྱིས་མདོ་ཕྱོགས་ལ་ཐུགས་གཉེར་མཛད་ནས་མཁས་པར་གྱུར་པའི་སྐབས་བརྗོད་པའི། ཆོས་དེ་དག་ཐོབ་པ་ལ་བསྟེན་པའི་བླ་མ་མང་ཡང་ཚད་མའི་རིགས་པ་དང་དབུ་མའི་རིགས་པ་སོགས་གནད་དོན་ཕྲ་ཞིབ་རྣམས་ལ་དཔྱོད་པའི་བློའི་སྒོ་ཕྱེ་བ་ནི་བླ་མ་རེད་མདའ་པ་ལས་བརྙེས་པ་ཡིན་པས་བཀའ་དྲིན་ཆེ་བར་མཛད་དོ། །

                                                                                                       རྩོམ་སྒྲིག་པ། མང་ར་བ།
               གསལ་འདེབས།
                      རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                      དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།