རྗེའི་རྣམ་ཐར་ཆེན་མོ་ལས་མདོ་ཕྱོགས་ལ་གཙོ་བོར་ཐུགས་གཉེར་མཛད་པའི་སྐབས་བདུན་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-08-18 12:28:01     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        དགུང་ལོ་ཉེར་གསུམ་པའི་ས་ལུག་ལོའི་དཔྱིད་ཆོས་སྔོན་མ་ལ། གྲྭ་སྐོར་མཛད་བཞེད་པས་པོ་ཏི་འགའ་ཡར་གྱི་གཟིགས་རྟོག་མཛད་ནས། གཙང་ཕྱོགས་སུ་བྱོན་ཏེ་སྣར་ཐང་དུ་ཕེབས། བླ་མ་ལོཙྪ་བ་དོན་བཟང་པས་ཚད་མའི་ཊིཀྐ་ཅིག་བརྩམས་འདུག་པ་དེ་བསྟན་ནས་འདི་ཚར་གཅིག་ཉོན་ཞེས་པ་ལ། རྗེ་འདིས་རྣམ་འགྲེལ་གྱི་རྣམ་བཤད་ལ་ཞིབ་ཏུ་དཔྱོད་པ་སོགས་ཀྱིས་ལེགས་པར་མཁྱེན་པས་གསན་དགོས་པ་མེད་ཀྱང་། བླ་མའི་བཀའ་བཞིན་ཚར་གཅིག་གསན། དབྱར་ཆོས་དེར་སྣར་ཐང་དུ་རྣམ་འགྲེལ། མངོན་པ་གོང་འོག་གཉིས། འདུལ་བ་མདོ་རྩ་བཅས་དཀའ་ཆེན་བཞིའི་གྲྭ་སྐོར་མཛད།

        སྣར་ཐང་དུ་སྔོན་ཆད་གཞུང་མང་པོའི་འཆད་ཉན་བྱེད་པ་མེད་ཅིང་། འདི་ནས་བཟུང་སྟེ་གཞུང་དེ་དག་གི་འཆད་ཉན་བྱེད་པའི་སྲོལ་ཆགས་སོ། ། སྟོན་ཀ་བླ་མ་རེད་མདའ་པ་བོ་དོང་དུ་ཆོས་བར་ལ་ཕེབས་པ་གསན་ནས་ཨེར་བྱོན། ལོཙྪ་བ་ནམ་མཁའ་བཟང་པོ་ལ་སྙན་དངགས་མེ་ལོང་དང་། ཙནྡྲ་པ་དང་། ཀ་ལ་པ་སོགས་སྒྲ་རིག་པའི་བཤད་པ་ཅུང་ཟད་གསན་པས་ཤིན་ཏུ་མཁས་པར་གྱུར། དེར་བཞུགས་སྐབས་གཙོ་བོར་བླ་མ་རེད་མདའ་པ་ལ་དབུ་མ་ཚད་མ་མངོན་པ་སོགས་གཞུང་ཆེན་མང་པོ་གསན་ཅིང་། ཕར་ཕྱིན་དང་འདུལ་བ་གཉིས་བླ་མ་གཞན་ལས་ཐོས་པ་ཡིན་ཀྱང་། བླ་མ་ཉིད་ལ་ཉན་ན་བྱིན་རླབས་ཆེ་བ་དང་། བསྟན་འགྲོར་ཕན་པའི་རྟེན་འབྲེལ་ཁྱད་པར་ཅན་འོང་བར་བསམ་པས་གསུང་བར་ཞུ་ཞེས་ཞུས་ནས་ཚར་རེ་གསན། དེ་ཡང་རེད་མདའ་པ་བླ་མ་ལ་དབུ་མ་འཇུག་པ་གསན་པ་མ་གཏོགས་རྩ་བ་ཤེས་རབ་སོགས་རིགས་ཚོགས་གཞན་གསན་པ་མེད་ཅིང་། དབུ་མ་རིགས་ཚོགས་ཐམས་ཅད་ཀྱི་ལུང་ནི་སྣར་ཐང་མཁན་པོ་ཀུན་དགའ་རྒྱལ་མཚན་ལས་བླངས། མཁན་པོ་དེ་ཉིད་དང་ཡུལ་གྱི་ཟུར་ཆེན་གྱི་བླ་མ་ཁྲི་པ་གཅིག་ལས་དེ་དག་གི་ལུང་ཐོབ་པ་ཡིན་ལ།

        ཟུར་ཆེན་གྱི་གདན་ས་དེ་ནི་སྔོན་དུས་དབུ་མ་ལ་མཁས་པའི་བླ་མ་ཅིག་གི་གོ་སར་འདུག་པས་ལུང་རྒྱུན་ཡང་དེ་ནས་བརྒྱུད་པ་ཡིན་འདུག་གསུང་། ཡང་བདེ་བ་ཅན་པའི་བླ་མ་འཇམ་རིན་པ་ལའང་ལུང་གསན། ཁོང་གིས་ཆོས་རྗེ་བླ་མ་ལ་གསན་འདུག

        རེད་མདའ་པས་དབུ་མ་རིགས་ཚོགས་རྣམས་ཀྱི་ལུང་ནི་བྲང་མོ་ཆེའི་གདན་ས་བ་བླ་མ་ཆོས་ཀྱི་བཤེས་གཉེན་པ་ལ་བླངས། བླ་མ་དེ་སྣར་ཐང་བ་ཤེས་རབ་སེང་གེ་ལས་ལུང་གསན་པར་འདུག མདོར་ན་དེ་དུས་རྗེ་རེད་མདའ་པ་དང་རྗེ་འདི་གཉིས་ལ་དབུ་མའི་ཆོས་བཤད་པ་ལྟ་ཞོག ལུང་ལེན་པའི་ཡུལ་ཡང་རྙེད་དཀའ་བ་བྱུང་ཞིང་། དེ་དག་གི་ལུང་ཐོབ་པའི་བླ་མ་གཅིག་གཉིས་ལས་མང་པོ་མེད་ཅིང་། བླ་མ་བརྒྱུད་རིམ་ཡང་རེ་རེ་ཙམ་བྱུང་འདུག་གོ ། དེ་ལྟར་ཟབ་མོ་སྟོང་པ་ཉིད་ཀྱི་ཆོས་སྐོར་འདི་ནི་འཁོར་བ་ལས་གྲོལ་བའི་ལམ་གྱི་གཙོ་བོ་ཡིན་ཞིང་། སངས་རྒྱས་བཅོམ་ལྡན་འདས་ཀྱིས་མདོ་དུ་མར་གཙོ་བོར་གསུངས་པའི་བཀའ་ཡིན་ཀྱང་། བོད་དུ་རྗེ་འདི་མ་བྱོན་གོང་དུ་འཆད་ཉན་ཙམ་ཡང་མེད་པར་གྱུར་ཅིང་། རྗེ་རིན་པོ་ཆེས་ཆེས་ཆེར་དར་བར་མཛད་པས་སྟོང་ཉིད་བསྟན་པའི་དབུ་མའི་སྐོར་ལ་གཞུང་ཐམས་ཅད་ཀྱི་གཙོ་བོར་ཤེས་ནས་བཤད་སྒྲུབ་བྱེད་པའི་ཚུལ་དེང་སང་གི་བར་དུ་དར་བ་འདི་ཡིན་ནོ། །

        ཡང་སྐབས་ཤིག་ལྷ་མོ་དབྱངས་ཅན་མའི་བསྙེན་སྒྲུབ་མཛད། དེའི་ཚེ་མཛད་པའི་དབྱངས་ཅན་མའི་བསྟོད་པ་ནི། ཨོཾ་བདེ་ལེགས་སུ་གྱུར་ཅིག ཆུ་འཛིན་དཀར་པོའི་གློག་འཕྲེང་དྲ་བ་ཅན། །མཁའ་ཡི་མཛེས་བྱེད་འདྲ་བའི་ཡིད་འཕྲོག་མ། །དྲི་ཟའི་ན་ཆུང་དབུས་ན་འཇོ་སྒེག་མཁན། །རིང་ནས་བརྩེ་བའི་ལྷ་མོ་ད་ཚུར་བྱོན། །པདྨའི་བཞིན་ལ་གཡོ་ལྡན་བུང་བའི་མིག །མཐོན་མཐིང་རལ་བའི་རྩེ་ན་འོད་དཀར་ཅན། །རོལ་སྒེག་གར་གྱིས་འགྱིང་བའི་དབྱངས་ཅན་མ། །ད་དུང་བདག་ལ་ངག་གི་དབང་ཕྱུག་སྩོལ། །རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག །མིག་གིས་ལྟ་བས་མི་ངོམས་ཡིད་འཕྲོག་མ། །མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག །ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད། །སྟོན་ཟླ་རྒྱས་པའི་དཔལ་ལས་ལྷག་པར་མཛེས། །ཚངས་དབྱངས་སྙན་པའི་གདངས་ཀྱང་ཟིལ་གྱིས་གནོན། །ཟབ་ཡངས་རྒྱ་མཚོའི་འཇིང་ལྟར་དཔག་དཀའ་བ། །དབྱངས་ཅན་ལྷ་མོའི་སྐུ་གསུང་ཐུགས་ལ་འདུད། ཅེས་སྒྲ་དབྱངས་ལྷ་མོ་སྤྱན་དྲངས་ནས་བསྟོད་ཅིང་གསོལ་བ་གདབ་པ་ཡུལ་བྱང་ཕྱོགས་ཀྱི་སྙན་དངགས་མཁན་བློ་བཟང་གྲགས་པའི་དཔལ་གྱིས་སྤྱར་བའོ། །ཞེས་པའོ། །

        གསུང་འདི་ནི་སྡེབ་སྦྱོར་ལེགས་ཤིང་མངོན་བརྗོད་ཀྱིས་བཅིངས་པ་མེད་པས་བལྟས་ན་གོ་སླ་བ་ལྟ་བུ་ཡིན་པ་ལ། ཞིབ་ཏུ་དཔྱད་ན་དོན་ཤིན་ཏུ་ཟབ་པ་སོགས་ངོ་མཚར་བ་འདུག་པས་མཁས་པ་རྣམས་ཀྱིས་མཐོང་ནས་ཚིག་འདོན་ན་ཚིག་སྙན། དོན་ལ་དཔྱད་ན་དོན་བཟང་བས་ཚིག་དོན་གྱི་རྒྱན་གྱི་ཉམས་རྫོགས་ཞེས་བསྔགས་པར་མཛད་དོ། །བསྟོད་པ་འདི་རྒྱུན་དུ་བཏོན་ན་ཤེས་རབ་འཕེལ་བའི་བྱིན་རླབས་ཆེ་བ་ཡིན་ནོ། །

        དེ་ནས་ཡབ་སྲས་གཉིས་ཐབས་གཅིག་ཏུ་ས་སྐྱར་ཕེབས། རྗེ་རིན་པོ་ཆེས་ས་སྐྱར་རྣམ་འགྲེལ། མངོན་པ་གོང་འོག མདོ་རྩ་བཞིའི་གྲྭ་སྐོར་མཛད། དེ་དུས་རྗེ་རིན་པོ་ཆེ་འདིས་དཀའ་ཆེན་འདི་བཞི་དང་ཕར་ཕྱིན་བཅས་ལྔ་ལས་གཞན་གཞུང་ཆེན་བཅུ་ལྷག་གི་གྲྭ་སྐོར་མཛད་ཆོག་པ་ཡོད་ཀྱང་། གྲྭ་ས་དེ་རྣམས་སུ་གཞུང་དེ་དག་གི་འཆད་ཉན་བྱེད་སྲོལ་མ་དར་བས་མ་བྱས་གསུང་ངོ་། །དེ་འཕྲལ་དབུས་སུ་བྱོན། གསང་ཕུར་དབྱངས་ཅན་མའི་བསྙེན་པ་མཛད་ནས་སྙིང་པོ་བྱེ་བ་ལྔ་སོང་སྐབས་དབྱངས་ཅན་མའི་ཞལ་གཟིགས། འདི་ནས་བཟུང་སྟེ་འབྲལ་མེད་རྗེས་སུ་བཟུང་ཞིང་བྱིན་གྱིས་རླབས་པས་འཆད་རྩོད་རྩོམ་པ་སོགས་བསྟན་འགྲོའི་དོན་གོང་ནས་གོང་དུ་འཕེལ་བར་གྱུར་ཏོ། །

                                                         རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས། 
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
             དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།