རྗེའི་རྣམ་ཐར་ཆེན་མོ་ལས་མདོ་ཕྱོགས་ལ་གཙོ་བོར་ཐུགས་གཉེར་མཛད་པའི་སྐབས་དྲུག་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-08-18 12:24:19     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

 

        ད་ནི་གོང་གི་འཕྲོ་བརྗོད་པར་བྱའོ། །དེ་ནས་སྟོན་དེ་མལ་གྲོ་ལྷ་ལུང་གི་བླ་མ་བསོད་ནམས་གྲགས་པ་ལ་ཆོས་ལུང་མང་རབ་གསན། བར་ཞིག་ཏུ་སྐུ་མཚམས་བཅད་ནས་སྒོམ་སྒྲུབ་མཛད། ཐུན་མཚམས་རྣམས་སུ་རྣམ་འགྲེལ་གྱི་རྣམ་བཤད་རིགས་མཛོད་ལ་གཟིགས་རྟོག་མཛད། ཁྱད་པར་དུ་ལེའུ་གཉིས་པའི་ནང་གི་འཁོར་བ་ལས་གྲོལ་ཏེ་རྫོགས་བྱང་འཐོབ་པའི་ལམ་གྱི་རྣམ་གཞག་སྟོན་པའི་སྐབས་ལ་ལེགས་པར་གཟིགས་པས། སྤྱིར་སེམས་ཅན་ཐམས་ཅད་འཁོར་བར་འཁྱམས་ཤིང་དབང་མེད་དུ་སྐྱེ་འཆི་སོགས་སྡུག་བསྔལ་དུ་མས་མནར་བ་ནི་རང་ཉིད་ཀྱིས་བསགས་པའི་ལས་ཀྱི་འབྲས་བུ་ཡིན་ལ། དེ་ལྟར་རང་ལ་གནོད་པའི་ལས་བསོག་པ་ནི་ཆགས་སྡང་སོགས་ཉོན་མོངས་པའི་དབང་དུ་སོང་བས་ཡིན་ཞིང་། ཉོན་མོངས་དེ་དག་འབྱུང་བའི་རྩ་བ་ནི་ངའོ་སྙམ་དུ་འཛིན་པའི་མ་རིག་པ་ལས་འབྱུང་བ་ཡིན་པས། འཁོར་བའི་སྡུག་བསྔལ་ཐམས་ཅད་ཀྱི་རྩ་བ་ནི་མ་རིག་པའོ། །

        དེ་སྦྱོང་བའི་ཐབས་ནི་བདག་མེད་པའི་དོན་བསྒོམ་པ་ཡིན་ལ། དེ་ལྟར་བདག་མེད་བསྒོམ་ཞིང་དགེ་བའི་ལས་ལ་འབད་ན་ངན་པའི་སྐྱོན་རྣམས་རིམ་གྱིས་དག་སྟེ་ལེགས་པའི་ཡོན་ཏན་རིམ་གྱིས་འཕེལ་ནས་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་སོགས་རྒྱུ་མཚན་ཕྲ་ཞིབ་རྣམས་དཔྱིས་ཕྱིན་པར་ངེས་པར་གྱུར། དེ་ལྟར་ངེས་པའི་རྐྱེན་གྱིས་རིགས་པའི་དབང་ཕྱུག་ཆོས་ཀྱི་གྲགས་པས་ལེགས་བཤད་འདི་འདྲ་མ་བརྩམས་ན། ཟབ་གནད་འདི་འདྲ་ག་ལ་རྙེད་ཅེས་དྲིན་དྲན་པའི་དད་པ་དང་། གཞུང་འདི་ནི་སྙིང་ནས་ཐར་པ་འདོད་པ་དག་ལ་མིག་གཅིག་པུ་དང་འདྲ་ཞེས་ཆོས་ལ་དད་པ་དང་། རྒྱུ་མཚན་འདི་རྣམས་མ་རྟོགས་ན་འགྲོ་བ་རྣམས་གང་གི་སྐྱོན་གྱིས་འཁོར་བར་འཁྱམས་པ་དང་། སངས་རྒྱས་བྱང་སེམས་རྣམས་ཐབས་གང་གིས་འཁོར་བ་ལས་གྲོལ་བ་སོགས་གང་ཡང་མི་རྟོགས་པས་དོན་འདི་ཞིབ་ཏུ་ཕྱེ་བའི་རིགས་པའི་ལམ་ཕུལ་དུ་བྱུང་བའོ་སྙམ་དུ་རིགས་པའི་སྲོལ་ལ་དམིགས་པའི་དད་པ་རྣམས་ཤུགས་དྲག་པོ་མནན་པས་མི་གནོན་པ་འཁྲུངས་ཤིང་། སྟོན་དེར་བཞུགས་ཀྱི་རིང་ལ་རྣམ་འགྲེལ་གྱི་གཞུང་ལ་གཟིགས་ཙམ་ནས་དང་བའི་སྟོབས་ཀྱིས་སྤུ་ལོང་གཡོས་ཏེ། སྤྱན་ཆབ་ཀྱི་རྒྱུན་གཅད་པར་མི་ནུས་པ་རྟག་ཏུ་འོང་བ་ཅིག་བྱུང་གསུང་ངོ་། །

        དེའི་དགུན་བདེ་བ་ཅན་དུ་བཞུགས་ནས་གཞུང་མང་པོ་ལ་གཟིགས་རྟོག་མཛད། དོན་གཉེར་ཅན་དུ་མས་ཞུས་པ་ལ། རྒྱུན་ཞུགས་ཕྱིར་འོང་སོགས་ཀྱི་རྣམ་བཞག་བསྟན་པ་བློ་གསལ་བགྲོད་པའི་ཐེམ་སྐས་ཞེས་བྱ་བའི་བསྟན་བཅོས་མཛད། འདིའི་མཇུག་གི་ཚིགས་བཅད་དུ། ཚེ་འདི་ལ་ཞེན་ཅིང་ཆོས་ལ་མི་འབད་པ་རང་ཅག་རྣམས་ལ་བརྩེ་བས་གསུངས་པ་ནི། མི་བརྟན་ཚེ་འདིའི་བདེ་ཙམ་སྒྲུབ་པའི་ཐབས། །ཟང་ཟིང་རྫས་ལའང་ཆོག་ཤེས་མེད་གྱུར་ན། །གཏན་བདེ་སྒྲུབ་བྱེད་ནོར་མཆོག་ཐོས་པའི་ནོར། །དེ་ལ་ཆོག་པར་འཛིན་རྣམས་བདུད་ཀྱིས་ཐེབས། །ཞེས་དང་། བསྙེན་བཀུར་ཕྱིར་དུ་གཞན་ངོར་ཚིག་བརྒྱུད་ཙམ་ཞིག་འཛིན། །འཁོར་ལ་སྲེད་ནས་མྱུར་བར་སློབ་མའི་ཚོགས་མང་སྡུད། །ཡིད་བརྟན་མེད་པར་ཁ་ཚོན་བཅད་དེ་ངན་རྟོགས་འདོམས། །དེ་དག་མཐོང་ཚེ་བློ་བཟང་གྲགས་པ་ཤིན་ཏུ་སྐྱོ། །ཞེས་གསུངས་ཏེ། ངེད་ཅག་གིས་དོན་འདི་ལ་དཔྱད་ནས་སེམས་ལ་འཇོག་དགོས་སོ། ། 

རྩོམ་སྒྲིག་པ། མང་ར་བ།
               གསལ་འདེབས།
                      རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                      དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།