རྗེའི་རྣམ་ཐར་ཆེན་མོ་ལས་མདོ་ཕྱོགས་ལ་གཙོ་བོར་ཐུགས་གཉེར་མཛད་པའི་སྐབས་ལྔ་བ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-08-17 22:31:22     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

                      བར་འདིར་རྣམ་ཐར་ཆེན་མོ་ལས། སླར་ཡང་བླ་མ་འདི་ཉིད་ཀྱི་སྐྱེ་བས་ཐོབ་པའི་མངོན་པར་རྟོགས་པའི་ཡོན་ཏན་གྱི་ཚོགས་བགྲང་བ་ལས་འདས་པའི་ཡལ་འདབ་རྣམ་པར་རྒྱས་པའི་ཙན་དན་གྱི་ཤིང་ལྗོན་པ་ཆེན་པོའི་ངོས་ལས་བྲགས་པ། གསར་དུ་མངོན་པར་འབད་པའི་རྐྱེན་གྱིས་ཅུང་ཟད་ཀྱང་མ་བསྒོས་པར་ཡང་ལྷན་ཅིག་སྐྱེས་པའི་དྲི་བསུང་གིས་སྲིད་པའི་ཚ་གདུང་འཇིལ་བར་མཛད་པའི་ག་པུར་གྱི་ཐིགས་པའི་ཆ་ཤས་རེ་རེ་སྙིང་ལ་རེག་པའམ། དེའི་ངོ་མཚར་བའི་རྣམ་པར་ཐར་བའི་མེ་ཏོག་རྣམ་པར་བཀྲ་བ་གཅིག་ཙམ་ཡང་། ཚིག་གི་སྲད་བུས་གང་གི་རྣ་ལུང་མཛེས་པར་བྱས་པའི་ཤེས་ལྡན་རྣམས་ཀྱི་མིག་གི་པད་མོ་ཆུའི་ལུད་ཀྱིས་མངོན་པར་ནོན་པ་དང་ལྷན་ཅིག་ཏུ་ལུས་ཀྱི་སྐྱེད་ཚལ་བ་སྤུ་གཡོ་བའི་མགོ་ལྕོགས་དང་བཅས་པས་ཡིད་ཀྱི་བརྟན་པ་སྟབས་པ་གསལ་བར་བྱེད་ཅིང་། དང་བའི་ཤུགས་ཀྱིས་རྟབས་པར་གྱུར་པའི་བསྟོད་ཅིང་སྨྲེ་བའི་ཚིག་བབ་ཅོལ་དུ་སྒྲོག་པར་འགྱུར་བ་འདི་ལྟ་བུ་མངོན་པར་སྐྱེད་པའི་རྒྱུ་ནི་བསམ་པར་བྱ་དཀའ་བ་སྟེ། དེ་ཡང་བདག་ཉིད་ཆེན་པོ་འདི་ལ་ཆེད་དུ་བསམས་པའི་སྒོ་ནས་རྙེད་བཀུར་དང་། སྙན་གྲགས་དང་། འཁོར་བའི་ཕུན་ཚོགས་གཞན་གང་ཡང་རུང་བ། ཐ་ན་ཚངས་པ་དང་བརྒྱ་བྱིན་གྱི་དཔལ་ལའང་མངོན་པར་འདོད་པའི་སྲེད་པ་སྐྱེ་མ་མྱོང་བ་ལྟ་ཞོག་གི། ཕུན་སུམ་ཚོགས་པའི་དཔལ་ཇི་ཙམ་འབྱོར་པ་དེ་ཙམ་གྱིས་སླར་ཞིང་སྲེད་པ་ཟད་པའི་སྟོབས་ཆེས་ཆེར་རྒྱས་པར་འགྱུར་བའི་གྲོགས་བྱེད་པ་ནི་དམ་པ་རྣམས་ཀྱིས་དྲན་ཤེས་ཀྱི་ལྕགས་ཀྱུས་ཡིད་ཀྱི་གཉིས་འཐུང་ཡོངས་སུ་བཟུང་བའི་འབད་པ་ལ་ལྟོས་ནས་ཉམས་སུ་བླང་བ་ཡང་ཤིན་ཏུ་བྱ་དཀའ་བའི་གནས་ཡིན་ན།

        འདི་ནི་བློ་སྔོན་དུ་གཏོང་བ་ལ་ཅུང་ཟད་ཀྱང་ལྟོས་པ་མེད་པར་ཡང་། གཞན་དག་གིས་བསྙེན་བཀུར་བ་དང་། སྙན་པར་སྨྲ་ཞིང་ལེགས་པར་བསྔགས་པ་དང་། འབྱོར་བའི་ཁྱད་པར་མཆོག་ཏུ་གྱུར་པ་རྒྱ་ཆེན་པོས་མངོན་པར་མཆོད་པ་སོགས་ཕུན་སུམ་ཚོགས་པ་ཇི་ཙམ་ཞིག་བྱུང་བ་དེ་ཙམ་གྱིས་ཀྱང་སླར་ཞིང་འདུ་བྱེད་ཐམས་ཅད་ལ་མི་རྟག་པའི་འདུ་ཤེས་དང་། མགོན་མེད་པ་ཐམས་ཅད་བསྐྱབ་པར་འདོད་པའི་བརྩེ་བ་དང་། རྒྱལ་བ་སྲས་བཅས་ཐམས་ཅད་བསྙེན་བཀུར་པར་བཞེད་བའི་དད་པ་རྣམས་ཕན་ཚུན་འགྲན་པ་བཞིན་དུ་འཕེལ་བར་འགྱུར་གྱི། གཞན་དུ་ན་སྲེད་པ་འཕེལ་བ་དང་རྗེས་སུ་མཐུན་པ་ནི་གནས་མེད་ཅིང་གོ་སྐབས་མེད་དོ། །

        འདི་ནི་འདིའི་སྐྱེ་བས་ཐོབ་པ་ལྷན་སྐྱེས་ཀྱི་ཡོན་ཏན་ཡིན་གྱི། སྐུ་ཚེ་འདི་ཉིད་དུ་གཉན་པོས་གསར་དུ་བསྐྱེད་པའི་སྦྱོར་བྱུང་ནི་མ་ཡིན་ནོ། །དེ་ཡང་ཁོ་བོ་ལ་གཞན་གྱིས་སྟན་བཟང་པོ་བཤམས་པ་དང་། གུས་པའི་བསྙེན་བཀུར་སོགས་ཅི་ཙམ་བྱས་པ་ཙམ་གྱིས་ཆེད་དུ་བསམ་མི་དགོས་པར་དུས་དེའི་སྐབས་རང་དུ། འདི་ཐམས་ཅད་མི་རྟག་ཅིང་ཡིད་བརྟན་དུ་མི་རུང་བ། སྒྱུ་མའི་བསླུ་བྲིད་དང་འདྲ་བ་ཡིན་དགོངས་པའི་སྐྱོ་བ་ཤུགས་དྲག་པོ་སྣང་བ་བུན་ལོང་དུ་ཐོངས་པ་ཡིད་གཏིང་ནས་འགྱུར་བ་རྒྱུན་རིང་པོ་རེ་སྐྱེ་བ་ཞིག་དང་པོ་ཉིད་ནས་རང་ཆས་སུ་ཡོད་པ་ཡིན། ཞེས་གསུང་ངོ་། །འདི་ནི་ཤིན་ཏུ་མཐོ་བའི་རྟོགས་པ་ཁྱད་པར་ཅན་དུ་བོད་ལ་གྲགས་པ་མང་པོ་ཞིག་གིས་ཆ་ཙམ་དུ་ཡང་བསྐྲུན་པར་མི་ནུས་པའི་མངོན་པར་རྟོགས་པའི་ཡོན་ཏན་ཡིན་ལ། ཟག་བཅས་ཀྱི་ཕུན་ཚོགས་ལ་སྲེད་པ་འགོག་པ་མེད་དུ་མི་རུང་བའི་དགོས་པ་ཉེ་བར་གཟིགས་ནས། ཆོས་ཀྱི་རྗེ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང་། དེའི་གཉེན་པོ་ཡིད་ལ་བྱེད་པ་ཐེག་པ་ཆེ་ཆུང་གི་མདོ་སྡེ་རྣམས་སུ་ལན་ཅིག་མ་ཡིན་པར་བཀའ་སྩལ་བ་ལྟ་ཞོག་གི། ཐ་ན་དགེ་སློང་རྣམས་ལ་རིན་པོ་ཆེའི་ཁྲི་ལ་འདུག་པ་སོགས་བྱ་དགོས་པ་བྱུང་ན་མི་རྟག་པས་ཉེན་པའི་འདུ་ཤེས་ཉེ་བར་གཞག་པར་བྱ་བ་སོགས་ཀྱི་བསླབ་པ་བཅས་པའི་སྒོ་ནས་ཀྱང་དོན་དེ་སྒྲུབ་པར་མཛད་པ་ཡིན་ཏེ། དེ་བས་ན་ཚུལ་འདི་ནི་མཁས་པ་མགུ་བ་སྐྱེད་པའི་རྣམ་པར་ཐར་པ་ཆེས་ངོ་མཚར་རྨད་དུ་བྱུང་བ་ཡིན་ནོ། །ཞེས་གསུངས་པ་ལྟར་རྗེ་འདི་ནི་འཁོར་བའི་ཕུན་ཚོགས་ལ་ཞེན་པའི་རིགས་ཅུང་ཟད་ཀྱང་མེད་དོ། །

        དེ་ཡང་གཞན་གྱིས་ཕྱག་དང་བཀུར་བ་དང་སྙན་པའི་ཚིག་གིས་བསྟོད་ཅིང་བསྔགས་པ་དང་། འབུལ་བ་རྒྱ་ཆེན་པོས་མཆོད་པ་སོགས་འཇིག་རྟེན་ན་བཟང་བར་བྱེད་པའི་རིགས་ཇི་ཙམ་འབྱོར་ན་དེ་ཀུན་ལ་ཡིད་རྟོན་རྒྱུ་མེད་པའི་མི་རྟག་སྙམ་པའི་བསམ་པ་དང་། སྒྱུ་མས་སྤྲུལ་པ་དང་འདྲ་བ་དོན་མེད་སྙམ་པ་དང་། འདི་ལྟ་བུའི་མི་རྟག་ཅིང་དགོས་པ་མེད་པ་མ་ཤེས་པར་ཞེན་ནས་སྡུག་བསྔལ་མང་པོ་མྱོང་བའི་སེམས་ཅན་རྣམས་སྙིང་རེ་རྗེ་སྙམ་དུ་བརྩེ་བ་དང་། ད་ནི་རྙེད་པ་འདི་དག་གིས་དཀོན་མཆོག་ལ་མཆོད་པ་སོགས་རྣམ་དཀར་དགེ་བའི་ཕྱོགས་ལ་གཏོང་བར་བྱ་སྙམ་པའི་དང་བ་རྣམས་ཇེ་ཆེར་འཕེལ་བ་མ་གཏོགས། གཟུགས་མཛེས་པ་དང་། གླུ་རོལ་སྙན་པ་དང་། བཟའ་བཏུང་ཞིམ་པོ་དང་། སྙན་གྲགས་སློབ་འཁོར་ཕུན་སུམ་ཚོགས་པ་སོགས་གང་ལ་ཡང་ཐུགས་གཡོ་བ་མེད་དོ། །

        ཕྱིས་སུ་རིམ་གྱིས་རྒྱལ་ཁམས་ཀྱི་སྐྱེ་བོ་ཀུན་གྱིས་བཀུར་ཞིང་། དད་ལྡན་གྱི་མཆོད་འབུལ་ཚད་མེད་པ་འདུ་བའི་ཚེ་དེ་ཐམས་ཅད་ཀྱིས་དཀོན་མཆོག་གི་རྟེན་བཞེངས་པ་དང་། གཙུག་ལག་ཁང་འདུས་སྡེ་འཛུགས་པ་སོགས་སུ་གཏོང་བ་ལས་རང་གི་མཛོད་དང་སྤྱི་སོར་བྱས་ནས་འཇོག་པ་དང་། ཁང་པ་རྩིག་པ་སོགས་མི་མཛད། དཀའ་རམས་སོགས་ཀྱི་མིང་དང་། ཚོགས་དཔོན་ལྟ་བུའི་གོ་སར་བཞུགས་པ་ཡང་མེད་དོ། །

        དེས་ན་རྗེ་འདི་ལ་ཆོས་རྗེ་དང་། རྗེ་བླ་མ་སོགས་ཞེ་སའི་ཚིག་གིས་བརྗོད་པ་ནི་གཞན་གྱིས་དང་བས་སྨྲས་པ་ཡིན་གྱི། རྗེ་རང་ཉིད་མིང་བཏགས་བཞེས་པ་མེད་པ། རྗེ་རིན་པོ་ཆེའི་མཛད་པ་གཅིག་པུ་འདི་ལའང་འགྲན་ནུས་པ་ཤིན་ཏུ་དཀོན་པས། མཁས་གྲུབ་རིན་པོ་ཆེས། ཚ་བས་གདུངས་པའི་འགྲོ་བ་ལ་ཙནྡན་གྱི་ཤིང་ལས་ཟགས་པའི་ག་བུར་གྱི་ཐིག་པ་ལུས་ལ་རེག་པ་ན་ཡིད་དུ་འོང་ཞིང་བདེ་བར་འགྱུར་བ་ལྟར། རྗེ་འདིའི་མཛད་པའི་ཆ་གཅིག་ཙམ་ཤེས་ནའང་སེམས་དབང་མེད་དུ་ཕྲོགས་ནས་དད་པ་སྐྱེ་བར་འགྱུར་རོ་ཞེས་གསུངས་ཤིང་། གངས་ཅན་མཁས་པའི་གཙུག་རྒྱན་ཞེས་པའི་རྒྱུ་མཚན་ཡང་འདི་ལྟར་ཡིན་ནོ། །གསུང་འདི་ལ་བརྟགས་ན་ག་བུར་ནི་ཙནྡན་གྱི་ཤིང་ལས་འབྱུང་བའི་ཚི་བ་ཡིན་པར་འདུག་གོ ། 

རྩོམ་སྒྲིག་པ། མང་ར་བ།
               གསལ་འདེབས།
                      རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                      དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།