རྗེའི་རྣམ་ཐར་ཆེན་མོ་ལས་མདོ་ཕྱོགས་ལ་གཙོ་བོར་ཐུགས་གཉེར་མཛད་པའི་སྐབས་བཞི་བ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-08-17 22:25:23     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

4175448ctad53fb6957f6&690.gif

        གོང་དུ་བཤད་པ་ལྟར་རྒྱ་ཆེར་འགྲེལ་གྱི་དབུ་ནས་ཐུགས་ལ་བཟུང་ཞིང་བམ་པོ་བཞི་བཅུ་ལྷག་ཙམ་སོང་བའི་སྐབས་སུ་ཆོས་ཀྱི་བར་ཆད་ལྟ་བུས་རྗེའི་སྐུ་ལ་སྲོག་རླུང་གིས་སྐུ་སྟོད་མི་བདེ་བའི་བསྙུན་དྲག་པོ་ཅིག་བྱུང་། བསྙུན་དེ་ཡུན་རིང་དུ་མ་དྲག་པས་སྟོད་ལུང་གི་ཕུར་ཨུ་རྒྱན་གྱི་བསྙེན་སྒྲུབ་ལ་མཁས་པའི་སྒོམ་ཆེན་ཞིག་གི་གམ་དུ་བྱོན་ནས་མན་ངག་བླངས་ཏེ་བསྒོམས་ཀྱང་མ་ཕན། དེ་ནས་བདེ་བ་ཅན་དུ་བྱོན་ནས་སྨན་པ་བཅུ་བདུན་བཅོ་བརྒྱད་ཙམ་བསྡུས་ཏེ་བརྟག་དཔྱད་བྱས་པ་ལ། སྨན་པ་དེ་དག་གིས་སྨན་དང་ནད་ཀྱི་དབྱེ་བ་ལེགས་པར་མ་ཕྱེ་པ་གཟིགས་ནས། རྗེ་རང་ཉིད་ཀྱིས་ནད་གང་ལ་སྨན་གང་འཇུག་པ་དང་། སྦྱོར་ཚད་དང་བསིལ་དྲོད་ཀྱི་ཁྱད་པར་སོགས་ཞིབ་ཏུ་གསུངས་པས། སྨན་པ་རྣམས་ཤིན་ཏུ་དད་དེ། གསོལ་རྒྱུའི་སྨན་རྣམས་རྗེ་ཉིད་ལ་ཞུས་ནས་བཀའ་བཞིན་དུ་སྦྱར་ཏེ་ཕུལ་བ་ཡིན་ཞིང་། དེ་བཞེས་པས་ཅུང་ཞིག་ཕན་པར་གྱུར། སྨན་པ་དེ་ཀུན་གྱིས། རང་ཅག་བོད་ལ་ཆོས་རྗེ་ཙོང་ཁ་པ་ལས་ལྷག་པའི་སྨན་པ་ཡེ་མི་འདུག ངེད་ཆོས་རྗེ་པའི་དྲུང་དུ་སྨན་སྦྱོར་ལ་ཕྱིན་ནས་སྨན་གྱི་རྣམ་དབྱེ་སོགས་ཕྲ་བའི་གནད་གསུང་བ་ཐོས་པས། སྔར་ལོ་མང་དུ་བསླབས་པ་ལས་བློ་སྐྱེད་ཤིན་ཏུ་ཆེ་བ་བྱུང་ཞེས་གུས་པས་སྨྲ་བ་བྱུང་འདུག ཆོས་རྗེ་པ་ཞེས་པ་ནི་རྗེའི་ཡོན་ཏན་གྱིས་ཡིད་ཕྲོགས་ནས་བསྔགས་བརྗོད་བྱས་པའོ། །

        ཡང་བདེ་བ་ཅན་ན་ཁ་མཆུ་དང་འཁྲུག་ལོང་མང་བས་ཀྱང་ཐུགས་སྐྱོ་བར་གྱུར་ཏེ་དཔོན་སློབ་འགའ་ཞིག་དགུན་དེར་གཙང་ཕྱོགས་ལ་བྱོན། ས་སྐྱར་འབྱོན་བཞེད་ཀྱང་ས་ཐག་རིང་བ་དང་གྲང་ལྷགས་ཆེ་བས་འོ་བརྒྱལ་བའི་རྐྱེན་གྱིས་ངུར་སྨྲིག་གི་ཕུ་ཞེས་པའི་ས་ཆ་བརྒྱུད་དེ། དགུན་དེ་གནས་རྙིང་དུ་བཞུགས། དེར་བཞུགས་རིང་གནས་རྙིང་གི་གྲྭ་ཚོགས་དང་། ཞབས་ཕྱིར་བྱོན་པ་འགའ་ཞིག་གིས་མངོན་པ་ཀུན་བཏུས་གསུང་བར་ནན་གྱིས་གསོལ་བ་བཏབ་པས། དེ་གོང་ཀུན་བཏུས་ལ་ཆེད་དུ་གཏད་ནས་གཟིགས་རྟོགས་མ་མཛད་ཀྱང་དེ་དུས་ཅུང་ཟད་གཟིགས་པས་ཐུགས་ལ་གསལ་བར་ཤར་བ་བཞིན་གསུང་བཤད་མཛད་ལ། དེས་ཉན་པ་པོ་ཀུན་གྱི་བློ་འཕེལ་བ་དང་གཞུང་དོན་དཔྱོད་པ་ལ་ཤིན་ཏུ་ཕན་པར་གྱུར་ཏོ། །

        འདི་ནི་རྗེ་རིན་པོ་ཆེས་དགེ་འདུན་མང་པོ་ལ་གཞུང་ཆེན་མོ་གསུངས་པའི་ཐོག་མའོ། ། དགུང་ལོ་ཉེར་གཅིག་བཞེས་པའི་མེ་སྦྲུལ་ལོའི་དཔྱིད་སྣར་ཐང་ལ་བརྒྱུད་དེ་ས་སྐྱར་བྱོན། དེའི་ཚེ་ས་སྐྱ་ན་བླ་མ་རྗེ་བཙུན་རེད་མདའ་པ་ཆེན་པོ་ལམ་འབྲས་གསན་ཅིང་འདུག་གོ །རྗེ་འདིས་ཁོང་ལ་མཇལ་ནས་ཟླ་བ་བཅུ་གཅིག་ཙམ་གྱི་རིང་ལ་ས་སྐྱར་རེད་མདའ་པའི་དྲུང་དུ་བཞུགས་ནས་མངོན་པ་ཀུན་བཏུས་ཀྱི་གཟབ་བཤད་ཚར་གཅིག་གསན། གཞན་ཡང་ཚད་མ་རྣམ་འགྲེལ་ལ་གཙོ་བོར་སྤྱངས་ཤིང་གསན་པ་དང་། དབུ་མ་ལ་འཇུག་པ་སོགས་ཀྱི་བཤད་པ་དང་། འདུལ་བ་ལུང་སོགས་བཀའ་བསྟན་བཅོས་མང་པོའི་ལུང་ཡང་གསན། བླ་མ་རྡོ་རྗེ་རིན་ཆེན་པ་ལས་རྒྱུད་བརྟག་གཉིས་ས་སྐྱའི་ལུགས་ཀྱི་བཤད་པ་ཚར་གཅིག་གསན།

        དེ་དུས་ས་སྐྱའི་ཤར་གྱི་བླ་བྲང་གི་དགེ་བཤེས་བགྲེས་པོ་མན་ངག་ལ་མཁས་པར་བྱེད་པ་ཞིག་ཡོད་པས། བླ་མ་རེད་མདའ་པས་དགེ་བཤེས་དེ་དང་རྗེ་འདི་ལ་ཡང་བཀའ་གནང་སྟེ། མན་ངག་མནོས་ཏེ་བསྒོམ་ན་བསྙུན་གཞི་ལ་ཕན་ཞེས་བཀའ་ཕེབས་པས། རྗེ་རིན་པོ་ཆེས་དགེ་བཤེས་དེ་ལས་མན་ངག་བླངས་ཏེ་བླ་བྲང་རིན་ཆེན་སྒང་གི་རྒྱབ་ཀྱི་རི་ཁྲོད་དུ་བཞུགས་ནས་མ་ནིང་གི་ཧ་འདོན་པ་སོགས་རེ་ཞིག་མཛད་པས། སྐུ་སྟོད་ཀྱི་བསྙུན་གཞི་ལྷག་མེད་དུ་དག་ནས་ཤིན་ཏུ་བདེ་བར་གྱུར་ཏོ། །མ་ནིང་གི་ཧ་འདོན་པའི་མན་ངག་ནི། ལུས་སྟོད་ཆུས་བཀྲུས། རང་ཡི་དམ་དུ་བསྒོམས་པའི་རྗེས་སུ་མདུན་དུ་ཨ་དཀར་བོ་ཞིག་ཡོད་པར་བསམ། རང་གི་ལུས་ཀྱི་ནད་རྣམས་བསྡུས་ཏེ་སྙིང་ཀར་ཧ་ནག་པོ་གཅིག་ཏུ་བསམ། ལག་པ་གཉིས་བརྐྱངས་ཏེ་སྟེང་འོག་གི་རླུང་རྣམས་བསྡུས་ཏེ་ཧ་ཡིག་གི་ཕྱི་རོལ་ཏུ་གའུ་ལྟ་བུར་གནས་པར་བསམ་ནས། དབུགས་ཀྱི་རླུང་མི་ཐོན་པར་རེ་ཞིག་བཟུང་། དེ་ནས་ཧ་ཞེས་བརྗོད་པ་དང་མཉམ་དུ། ཧ་ཡིག་ཁའི་རླུང་ལ་བརྟེན་ནས་མདུན་གྱི་ཨ་ཡིག་ལ་ཐིམ། ཨ་ཡིག་འཇའ་ཡལ་བ་ལྟར་སོང་བར་བསམ། དེ་ལྟར་ལན་མང་དུ་བསྒོམས་ན་སྲོག་རླུང་སྙིང་རླུང་དང་ཁྲག་རླུང་གིས་སྟོད་འཚངས་པ་རྣམས་ལ་ཤིན་ཏུ་ཕན་པར་བཤད་དོ། ། ཡང་ས་སྐྱར་བཞུགས་པའི་སྐབས་ཤིག་སེམས་ཙམ་པའི་ལུགས་ཀྱི་ཉོན་ཡིད་ཀུན་གཞིའི་དཀའ་གནས་བསྟན་པའི་རྩ་ཚིག་དང་། དེའི་རྒྱ་ཆེར་འགྲེལ་བ་ལེགས་བཤད་རྒྱ་མཚོ་ཞེས་བྱ་བ་བརྩམས། གསུང་འདི་ནི་སེམས་ཙམ་པའི་ལུགས་ཤེས་འདོད་དག་ལ་ཤིན་ཏུ་ཕན་པའི་ལེགས་བཤད་ཡིན་ནོ། །བསྟན་བཅོས་འདི་དུས་ཕྱིས་ཤིག་བརྩམས་པ་ཡིན་ནམ་བརྟག་པར་བྱའོ། །
        དགུང་ལོ་ཉེར་གཉིས་བཞེས་པའི་ས་རྟ་ལོའི་དཔྱིད་བླ་མ་རེད་མདའ་པ་དང་བཅས་དཔོན་སློབ་རྣམས་ལ་སྟོད་བྱང་གི་སའི་ཆར་མི་རིང་དུ་ཆོས་བར་ལ་བྱོན་ནས་དཔྱིད་དབྱར་གཉིས་རེར་བཞུགས། དེ་དུས་རེད་མདའ་པས་མངོན་པ་ཀུན་བཏུས་ཀྱི་ཊིཀ་ཆེན་བརྩམས། རྗེ་འདི་པས་བརྩམས་པ་རྣམས་རིམ་བཞིན་ཐུགས་ལ་བཟུང་། ཡང་རེད་མདའ་པ་ལས་ཚད་མ་རྣམ་འགྲེལ་གྱི་རང་འགྲེལ་ཞིབ་ཏུ་གསུང་བར་ཞུས་ནས་ཚར་གཅིག་གསན་ནོ། །དེའི་སྟོན་འཁྲུངས་ཡུལ་ནས་ཆོས་ཀྱི་རྐྱེན་དུ་མཁོ་བའི་འཚོ་ཆས་ཀྱི་རིགས་དབུས་ཀྱི་དགོན་སྡེའི་འབྲི་ཁུངས་ལ་འགྲོ་མཁན་དག་ལ་སྤྲད་ནས་བསྐུར་བ་ཡོང་བ་དེ་ཉིད་བཞེས་པ་དང་། དགོས་པ་གཞན་ཅི་རིགས་ཀྱང་ཡོད་པས་ངམ་རིང་ནས་ས་སྐྱ་ལ་བརྒྱུད་དེ་དབུས་སུ་ཕེབས། དེའི་ཚེ་གྲོགས་རྣམས་དང་སློབ་མ་མང་པོས་ཀྱང་མདོ་སྨད་དུ་འབྱོན་པར་བསྐུལ་བ་དང་། ཡུལ་ནས་སྤྲིངས་པའི་སྐྱེས་དང་ཡི་གེ་རྣམས་བཞེས་པའི་ཁྲོད་ན། ཡུམ་གྱི་ཡི་གེ་ལ། ཁོ་མོ་ན་སོ་རྒས། བུ་ཁྱོད་སློབ་གཉེར་ལ་ཕྱིན་ནས་ལོ་ཡང་མང་དུ་སོང་བས་ད་ལྟ་ཅིས་ཀྱང་ཤོག ཁོ་མོ་མ་ཤིའི་གོང་དུ་འཕྲད་པར་འདོད་དོ་ཞེས་སོགས་ནན་ཆེ་བའི་ཡི་གེ་དང་། མ་རང་གི་དབུ་སྐྲ་ནས་ཤིན་ཏུ་དཀར་བ་དུམ་གཅིག་བསྐུར་བ་གཟིགས་པའི་རྐྱེན་གྱིས། མདོ་སྨད་དུ་ལན་གཅིག་འབྱོན་པར་བཞེད་ནས། མལ་གྲོ་ལྷ་ལུང་དུ་བྱོན།

        སྔགས་ཀྱི་ཆོ་ག་ལག་ལེན་ལ་ཐུགས་སྦྱོང་མཛད་པའི་སྐབས་ཤིག སྤྱིར་འཇིག་རྟེན་གྱི་མཛའ་བཤེས་དང་། ལོངས་སྦྱོད། ཡུལ་གཞི། བདེ་སྐྱིད་ཀུན་མི་རྟག་ཅིང་ཕུགས་སུ་ཕན་པ་མེད་པ་དང་། རང་གཞན་སེམས་ཅན་ཐམས་ཅད་ལ་སྐྱེ་བ་ཐམས་ཅད་དུ་ངེས་པར་ཕན་པ་ནི་དམ་པའི་ཆོས་ཁོ་ན་ལས་གཞན་མེད་པའི་རྒྱུ་མཚན་རྣམས་བསམ་ནས། ཡུལ་དུ་སོང་བས་ཅི་བྱེད། དེ་འདྲའི་བྱ་བ་ལ་དགོས་པ་མི་འདུག ད་ནི་སྤྱིར་མདོ་ཁམས་ཀྱི་ཕྱོགས་དང་། ཁྱད་པར་རང་ཡུལ་དུ་འགྲོ་བར་མི་བྱ་སྙམ་པའི་དགོངས་པ་ཤུགས་དྲག་འཁྲུངས། ཚེ་གཅིག་ལ་ཚུར་མི་འབྱོན་པ་དང་། ཉེ་འབྲེལ་སོགས་ལ་མི་ཞེན་པའི་ཐུགས་ཐག་ཆོད་པར་གྱུར། ཡུམ་ལ་རྗེ་རང་གི་སྐུ་བརྙན་སོགས་བསྐུར་གནང་མཛད་དོ། ། 

                                                           རྩོམ་སྒྲིག་པ། མང་ར་བ།
       གསལ་འདེབས། 
            རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
            དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།