རྗེའི་རྣམ་ཐར་ཆེན་མོ་ལས་མདོ་ཕྱོགས་ལ་གཙོ་བོར་ཐུགས་གཉེར་མཛད་པའི་སྐབས་གསུམ་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-08-17 22:17:14     རྩོམ་པ་པོ།   ཆ་ཧར་དགེ་བཤེས།     ཀློག་ཐེངས།  

 

4175448ctad53fb6957f6&690.gif

        དེ་ཡང་རྣམ་ཐར་ཆེན་མོ་ལས། བསྐལ་པ་དཔག་ཏུ་མེད་པའི་སྔ་རོལ་ནས། སྙིགས་མའི་དུས་ལ་བབ་པ་ན་རྒྱལ་བའི་དམ་ཆོས་མཐའ་དག་ལེགས་པར་བཟུང་ནས། བསྟན་པའི་སྙིང་པོ་མི་ནུབ་པའི་རྒྱལ་མཚན་འཛིན་པའི་སྨོན་ལམ་ཕྱོགས་གཅིག་ཏུ་ཡང་དག་པར་འབྱོར་ཞིང་། སྐུ་ཚེ་སྔ་མ་དག་ཏུ་ཡང་ལན་གཅིག་མ་ཡིན་པར་ཐེག་པ་བླ་ན་མེད་པ་དག་གི་དམ་ཚིག་ཡོངས་སུ་དག་པའི་དྲི་བསུང་རྫོགས་པའི་སྙིང་པོ་ཅན། དམ་ཆོས་པད་མ་དཀར་པོའི་ཕྲེང་རྒྱུད་རིང་པོས་མཁས་པ་ངང་པའི་དེད་དཔོན་ཟུང་འདི་ཕན་ཚུན་ལུ་གུ་རྒྱུད་དུ་འཁྱུད་པའི་འབྲེལ་བ་ཡོངས་སུ་ཆད་པ་མེད་པའི་རྟེན་ཅིང་འབྲེལ་བར་འབྱུང་པའི་ཆོས་ཉིད་ཀྱིས། ཐོག་མ་ཉིད་ནས་དཔོན་སློབ་ཤིན་ཏུ་ཐུགས་གཅུགས་པར་གྱུར་ཏོ། །ཞེས་གསུངས་པ་ལྟར་ཡབ་སྲས་འདི་གཉིས་ནི་སྐུ་ཚེ་འདི་ཙམ་མིན་པར་བསྐལ་པ་ཤིན་ཏུ་མང་པོའི་སྔ་རོལ་ནས་སྙིགས་དུས་ཀྱི་བསྟན་འགྲོ་ལ་ཕན་པའི་སྨོན་ལམ་ཡང་ཡང་བཏབ་པ་ཡིན་ཞིང་། དཔོན་སློབ་གཉིས་ཕན་ཚུན་ཆོས་ཀྱི་སྒོ་ནས་གུས་པར་གྱུར་ཏོ། །

        དེ་ལྟར་མཛོད་གསན་པ་ལ་ཆོས་ཐུན་འགའ་ཞིག་མཛུབ་ཁྲིད་ཀྱི་ལུགས་སུ་མཛད། དེ་ལྷག་ཕལ་ཆེར་ད་ལྟ་མཚན་ཉིད་པ་ལ་གྲགས་པ་ལྟར་ཉན་བཤད་ཀྱི་ལུགས་སུ་བྱས་ནས་གསན། དེ་ཡང་མཛུབ་ཁྲིད་ནི་ཚིག་རྗེས་འབྲངས་ནས་འདིའི་དོན་འདིའོ་ཞེས་བཤད་པའོ། །ཉན་བཤད་ནི་གཞན་གྱིས་འདི་ལྟར་དྲིས་ན་དེའི་ལན་འདི་ལྟར་ཐོབ་ཅེས་སོགས་བགྲོ་གླེང་གི་ཚུལ་དུ་བཤད་པའོ། །བླ་མས་འཆད་ནུས་ཤིང་སློབ་མས་གོ་ནུས་ན་ལུགས་གཉིས་གང་ལྟར་བྱས་ཀྱང་གཞུང་དོན་གོ་བ་ལ་ཁྱད་པར་མེད་དོ། །

        རྩེ་ཆེན་གྱི་དབྱར་ཆོས་གྲོལ་ནས་སྟོན་དེ་དཔོན་སློབ་གཉིས་ཉང་སྟོད་བསམ་གླིང་དུ་ཆོས་བར་ལ་བྱོན། ཆོས་བར་ཞེས་པ་ནི་མང་པོ་ལ་ཆོས་འཆད་པ་དང་། ཚོགས་སུ་འགྲོ་བ་སོགས་མི་བྱེད་པར་དབེན་པར་བྱས་ཏེ་རང་གི་གང་འདོད་ཀྱི་གཞུང་ལ་བལྟ་རྟོག་སོགས་བྱེད་པའོ། །དེར་བཞུགས་པའི་དུས་སུ་རྗེ་འདིས་བླ་མ་རེད་མདའ་པ་ལ་དབུ་མ་ལ་འཇུག་པ་ཚར་གཅིག་གསན། དབུ་མ་ཞེས་པ་ནི་ཡུམ་རྒྱས་འབྲིང་བསྡུས་གསུམ་ནས་གསུངས་པའི་སྟོང་བ་ཉིད་ཀྱི་དོན་ཡིན་ཞིང་། འཁོར་བ་ལས་གྲོལ་བ་དང་སངས་རྒྱས་ཀྱི་གོ་འཕང་འཐོབ་པ་ལ་ངེས་པ་ཤེས་ནས་ཉམས་སུ་ལེན་དགོས་པའི་ཆོས་ཀྱི་གཙོ་བོ་ཡིན་ཀྱང་དོན་ཤིན་ཏུ་ཟབ་པས་བོད་ཡུལ་དུ་དབུ་མའི་འཆད་ཉན་བྱེད་པ་ཤིན་ཏུ་དཀོན་པར་གྱུར་པས། རེད་མདའ་པ་ཡང་དབུ་མ་གསུངས་པའི་སྔ་ཤོས་འདི་ཡིན་འདུག་གོ །

        དེའི་དུས་སུ་གྲུབ་པ་བརྙེས་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་གནས་ལྔ་རིག་པའི་མཁས་པ། མཁན་ཆེན་ལོཙྪ་བ་བྱང་ཆུབ་རྩེ་མོ་དབུས་སུ་བྱོན། དགུན་ཆོས་ལ་སྐྱིད་ཤོད་ཀྱི་པོ་ཏ་ལར་མངོན་པ་ཀུན་བཏུས་གསུང་བ་འདུག་ཅེས་གསན་ནས། དེ་དུས་ཁོང་མངོན་པའི་བདག་པོར་བྱེད་ཀྱིན་འདུག་པས། ཆོས་དེ་གསན་བཞེད་ཀྱིས་སྟོན་གྱི་མཇུག་ཏུ་ཉང་སྟོད་ནས་ཕྱག་བཏེག་སྟེ་དབུས་སུ་ཕེབས། པོ་ཏ་ལར་བྱོན་ནས་བླ་མ་དེ་ལ་མཇལ་ཏེ་མངོན་པ་གསུང་བར་ཞུས་པ་ལ། ཁོང་དང་ཡང་གསུང་བཞེད་ཆེ་ཡང་དགུང་ལོ་ཤིན་ཏུ་མཐོ་བས་འཕྲལ་དུ་རང་གི་གདན་སར་ལོག་ཕེབས་ན་འཐད་སྙམ་པ་དང་། རྫོང་ཕྱིའི་དཔོན་གྱིས་མི་འགྱང་བར་གཙང་ཕྱོགས་སུ་ཕེབས་པར་ཞུས་པས་འཕྲལ་དུ་ཕེབས་དགོས་པ་བྱུང་ནས་མངོན་པ་གསན་རྒྱུ་མ་གྲུབ་ཅིང་། ཆོས་འབྲེལ་ཙམ་གསན། བླ་མ་ལོ་ཙྪ་བ་འདི་ཡར་ལ་ཕེབས་པའི་ལམ་ཞོར་ལ་ཆོས་རྫོང་དུ་ཆོས་རྗེ་བླ་མའི་སྐུ་འདྲ་ལ་མཇལ་ནས་བྱོན་པར་གསུང་། ཆོས་རྗེ་བླ་མ་འདི་བུ་སྟོན་རིན་པོ་ཆེ་ཡིན་ནམ་དཔྱོད། རྗེ་རིན་པོ་ཆེས་དེ་རིང་དགུན་ཆོས་བདེ་བ་ཅན་དུ་བཞུགས་སོ། །

        དེ་ནས་དགུང་ལོ་ཉི་ཤུ་བཞེས་པའི་མེ་འབྲུག་གི་ལོར་སྐྱོར་མོ་ལུང་གི་མཁན་པོ་དཀའ་བཞི་པ་བླ་མ་བློ་གསལ་པ་ཞེས་པ་དེ་འདུལ་མཛོད་གཉིས་ལ་མཁས་པར་བྱེད་པས། བླ་མ་དེའི་དྲུང་དུ་སྐྱོར་མོ་ལུང་དུ་ཕེབས། དེ་ཡང་སྔོན་དུས་བོད་དུ་འདུལ་བ་ལ་མཁས་པའི་བླ་མ་རྒྱ་མཚོ་ལྟ་བུ་མང་དུ་བཞུགས་པའི་ཁྲོད་ན་དགེ་བའི་བཤེས་གཉེན་ཐག་མ་བ་ལ་ཉི་མ་ལྟ་བུར་གྲགས། དེའི་སློབ་མའི་གཙོ་བོ་སྦལ་ཏི་དགྲ་བཅོམ་པ་ལས་བརྒྱུད་པའི་འདུལ་བའི་ཆོས་སྐོར་ལ་བླ་མ་བློ་གསལ་བ་འདི་མཁས་པར་འདུག་པས་དེའི་ལེགས་བཤད་བླང་བར་བཞེད་དེ། འདུལ་བ་མདོ་རྩ་འགྲེལ་བ་ཆ་ལག་དང་བཅས་པ་རྫོགས་པར་གསན་ནས་ཁོང་གི་ཐུགས་ལ་མངའ་བ་ཀུན་ཐུགས་སུ་ཆུད་ཅིང་། ཕྲ་ཞིབ་རྣམས་ཁོང་ལས་ལྷག་པར་རྟོགས་པར་གྱུར། དེའི་ཚེ་ཆོས་གསན་པའི་ངང་ནས་མདོ་རྩའི་རྒྱ་ཆེར་འགྲེལ་གྱི་དབུ་ནས་ཉིན་རེ་བཞིན་ཤོག་བུ་མདའ་ཚད་མ་བཅུ་བདུན་རེ་ཙམ་མ་ཆགས་པར་ཐུགས་ལ་བཟུང་།

        ཡང་དེ་སྐབས་ཉིན་ཅིག་མང་ཇའི་ཚོགས་ལ་བྱོན་ཏེ། དགེ་འདུན་རྣམས་ཀྱིས་ལམ་གྱི་སྒྲུབ་པ་མཛད་ཅིང་ཤེས་རབ་སྙིང་པོ་འདོན་པའི་རིང་ལ་རྗེ་འདིས་ཤེར་སྙིང་གི་ཚིག་ཞལ་དུ་གསུང་ཞིང་། གཟུགས་མེད། ཚོར་བ་མེད་ཅེས་སོགས་ཀྱི་དོན་ལ་བསམ་ནས་ཆོས་ཐམས་ཅད་སྣང་ལ་རང་བཞིན་མེད་པ་ངོས་བཟུང་མེད་སྙམ་དུ་བསྒོམས་པས་མཐོང་ཐོས་སོགས་ཕྱིའི་སྤྲོས་པ་ཀུན་ནུབ་ནས། སྟོང་སང་འཛིན་རྒྱུ་མེད་པའི་ངང་ལ་ཐུགས་རྩེ་གཅིག་ཏུ་ཞུགས་པས་དགེ་འདུན་རྣམས་ཀྱིས་ཞལ་འདོན་དང་བདུད་བཟློག་ཐལ་མོ་བརྡབ་པ་དང་། མང་ཇ་བཞེས་ནས་ཚོགས་གྲོལ་བ་སོགས་ཐུགས་ཀྱིས་མ་ངེས་པར་བཞུགས་པ་ལ། དགེ་བསྐོས་འོངས་ནས། ཚོགས་མང་པོ་གྲོལ་བ་ལ་ཁྱོད་གཅིག་པུ་འདུག་པ་ཅི་ཡིན་ཞེས་རྗེའི་ན་བཟའ་ནས་འཐེན་པས། རྗེའི་སྐུ་བསྐྱོར་བ་དང་མཉམ་དུ་སྐུ་རྒྱབ་ཏུ་བརྟེན་པའི་ཀ་བ་འཁྱོགས་ནས་སྒྲ་བྱུང་བས། དགེ་བསྐོས་དེ་ཤིན་དུ་སྐྲག་ནས་ང་མི་ཤེས་པས་མི་རིགས་པ་བྱས་པ་བཤགས་སོ་ཞེས་ཕྱག་བྱས་སོ། །

        དོན་དེ་སྐྱོར་མོ་ལུང་གི་འདུས་སྡེ་ཀུན་གྱིས་ཐོས་ནས་ངོ་མཚར་དུ་གྱུར་ཏེ་གྲུབ་ཐོབ་ཆེན་པོར་འདུག་ཅེས་དད་པ་དང་བསྟོད་པར་གྱུར་ཅིང་། ཀ་བ་དེ་ལ་བསམ་གཏན་གྱི་ཀ་བ་ཞེས་མིང་ཆགས་སོ། །བོད་ཀྱི་མཁས་གྲུབ་ཕལ་མོ་ཆེས་རྟོགས་པ་འདི་འདྲ་ཐོབ་ན་སྟོང་ཉིད་ཀྱི་རྟོགས་པ་ཕུལ་དུ་བྱུང་བ་སྐྱེ་བར་བྱེད་པ་ཡིན་ཀྱང་། རྗེ་འདི་ནི་གསུང་རབ་ཀྱི་གནད་ཕྲ་བ་རྣམས་ལ་ཤིན་ཏུ་མཁས་པས་སྟོང་ཉིད་ཀྱི་རྟོགས་པ་ཐོབ་པར་འཁྲུལ་བའི་དྲི་ཙམ་ཡང་མེད་དོ། །དེ་ཡང་ཞི་གནས་ཀྱི་ཏིང་ངེ་འཛིན་ལ་སེམས་གནས་དགུ་ཡོད་པ་ལས་འདི་ནི་དམིགས་པ་ལས་མི་གཡེང་བར་གནས་པའི་སེམས་གནས་བརྒྱད་པ་ཡིན་ཞིང་། དེ་ལྟ་བུ་ནི་མུ་སྟེགས་ལ་ཡང་ཡོད་པས་སྟོང་ཉིད་རྟོགས་པའི་ཕྱོགས་སུ་ཡང་མི་འགྲོའོ། །རྗེ་རིན་པོ་ཆེ་མ་བྱོན་གོང་དུ་བོད་ཀྱི་མཁས་པ་རྣམས་ཀྱིས་འདི་འདྲ་བའི་ཁྱད་པར་ཡང་འབྱེད་དཀའ་བ་བྱུང་འདུག་གོ། 

རྩོམ་སྒྲིག་པ། མང་ར་བ།
             གསལ་འདེབས། 
                      རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                      དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།