རྗེའི་རྣམ་ཐར་ཆེན་མོ་ལས་སློབ་གཉེར་ཕེབས་པར་སྟ་གོན་བྱས་པའི་སྐབས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-08-14 20:35:40     རྩོམ་པ་པོ།   ཆ་ཧར་དགེ་བཤེས།    ཀློག་ཐེངས།  

 

4175448ctad53fb6957f6&690.gif

      

        རབ་འབྱམས་ཞིང་གི་རྡུལ་སྙེད་ལས་འདས་པའི། །གྲངས་མེད་རྒྱལ་བ་རྣམས་ཀྱི་མཁྱེན་པའི་གཏེར། །མཐའ་ཡས་གཅིག་ཏུ་བསྡུས་པའི་ཡེ་ཤེས་སྐུ། །མགོན་པོ་འཇམ་དབྱངས་རྗེ་ལ་ཕྱག་འཚལ་ལོ། །གསུམ་པ་ཐུགས་གཉེར་ལ་བྱོན་ནས་མདོ་ཕྱོགས་ལ་མཁས་པར་སྦྱངས་པའི་སྐབས་བརྗོད་པ་ནི། གོང་དུ་བརྗོད་པ་ལྟར་ཆོས་རྗེ་བླ་མའི་དྲུང་དུ་བཞུགས་པའི་དུས་སུ་རྗེའི་ཐུགས་ལ་འཁྲུངས་པ་ནི། སངས་རྒྱས་བཅོམ་ལྡན་འདས་ཀྱིས། ཁྱིམ་གྱི་གནས་སྤངས་ཏེ་རབ་ཏུ་བྱུང་བ་དག་གི་ལས་སུ་བྱ་བ་ནི་ཀློག་པ་དང་སྒྲུབ་པ་གཉིས་སུ་གསུངས་སོ། ། དེ་ཡང་ཐོས་པ་བྱས་ནས་བསྒོམ་སྒྲུབ་མི་བྱེད་ན་གཞན་གྱི་ནོར་ལ་བགྲངས་པ་དང་འདྲ། རང་ལ་ཕན་ཐོགས་ཆེན་པོར་མི་འགྱུར། ཐོས་བསམ་མ་བྱས་པར་སྒྲུབ་པ་བྱེད་ན་བསྒོམ་པའི་གནད་མི་ཤེས་པས་ལོག་པར་བྱེད་པ་དང་། བླ་མ་ལས་ཁུངས་རྒྱུན་མ་ཐོབ་པས་བྱིན་རླབས་ཆུང་བ་དང་། གདོན་བགེགས་ཀྱིས་འཚེ་བ་སོགས་ཀྱིས་རྟོགས་པའི་ཡོན་ཏན་ཁྱད་པར་ཅན་མི་འཐོབ་པོ། །

        དེས་ན་བདག་གིས་དང་པོར་གཞུང་ཆེན་མོ་རྣམས་ལ་ཐོས་བསམ་གྱིས་མཁས་པར་སྦྱངས་ནས། བསྒོམ་སྒྲུབ་ཀྱིས་རྟོགས་པའི་ཡོན་ཏན་ཐོབ་སྟེ་རང་གཞན་གྱི་དོན་མཐའ་དག་བསྒྲུབ་པར་བྱ། དེ་ཡང་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཐོབ་པར་འདོད་པ་དག་གིས་བསོད་ནམས་ཆེན་པོ་དང་ལྡན་པའི་ཀླུའི་རྒྱལ་པོ་གནས་པའི་རྒྱ་མཚོ་ཆེན་པོ་ནས་རྙེད་པར་འགྱུར་གྱི། ཆུ་ཕྲན་དང་འབྲོག་སྟོང་བ་ནས་མི་རྙེད་པ་ལྟར། དམ་པའི་ཆོས་ལ་མཁས་པར་འདོད་པ་དག་གིས། བླ་མ་དམ་པ་མང་དུ་བཞུགས་པའི་ཆོས་སྡེ་ཆེན་པོ་ལ་བརྟེན་ནས་སློབ་པར་འགྱུར་གྱི། བླ་མ་དང་འཆད་ཉན་མེད་པའི་གནས་ནས་ཡོན་ཏན་མི་སློབ་པོ། །ཡང་རྒྱ་མཚོར་འགྲོ་བ་ན་མཉན་པ་བཟང་པོ་དགོས་པ་ལྟར། སློབ་གཉེར་བྱེད་པ་ལ་དགེ་བའི་བཤེས་གཉེན་བཟང་པོ་ལ་བསྟེན་དགོས། གྲུ་བསྐྱོད་པའི་རླུང་དགོས་པ་ལྟར་ཡོན་ཏན་སློབ་པ་ལ་བརྩོན་འགྲུས་དགོས། སྐྱེ་བ་བཟུང་ནས་འདོད་པའི་ཕྱོགས་སུ་གྲུ་བསྒྱུར་བ་ལྟར། ཡང་དག་ལྟར་སྣང་ལ་དཔྱད་ནས་གནད་དོན་ལེགས་པར་ཤེས་པའི་རིག་པ་ཕྲ་ཞིབ་དགོས་པར་འདུག་གོ་སྙམ་དུ་དགོངས་ཏེ། དེའི་ཕྱིར་བདག་གིས་མཁས་པ་མང་པོ་བཞུགས་པའི་འདུས་སྡེ་ཆེན་པོ་ཞིག་ཏུ་འགྲོ་བར་བྱ། དེ་ཡང་གངས་རི་དཔལ་དང་ལྡན་པས་ཡོངས་སུ་བསྐོར་བའི་ཁ་བ་ཅན་གྱི་ལྗོངས་འདིར། སྔོན་དུས་རྗེ་སྲོང་བཙན་སྒམ་པོ་དང་། ཐོན་མི་སཾ་བྷོ་ཊ་སོགས་རྒྱལ་བློན་བྱང་ཆུབ་སེམས་དཔའ་རྣམས་དང་། མཁས་གྲུབ་ལོ་པཎ་མང་པོ་དངོས་སུ་བྱོན་ནས་བྱིན་གྱིས་བརླབས་ཤིང་། བསྟན་པ་རིན་པོ་ཆེའི་སྒྲོན་མེ་དང་པོར་གསལ་བར་མཛད་པའི་གནས་ནི་དབུས་གཙང་གི་སའི་ཆ་ཡིན་ལ། དེ་ཕྱིན་ཆད་དགེ་བའི་བཤེས་གཉེན་དུ་མས་ཡུན་རིང་པོའི་བར་དུ་བསྟན་པ་རྒྱས་པར་མཛད་ཅིང་། ད་ལྟ་ཡང་བསྟན་པའི་རྒྱུན་ཅུང་ཟད་གནས་པའི་ཡུལ་གྱི་མཆོག་ཏུ་གྱུར་པ་ནི་དབུས་གཙང་གི་གནས་དེ་ཡིན་པས། ཕྱོགས་དེའི་དགོན་སྡེ་རྣམས་སུ་སློབ་གཉེར་ལ་འགྲོ་བར་བྱ་སྙམ་པའི་བཞེད་པ་རྒྱུན་དུ་འཁྲུངས་ཤིང་། དམ་པའི་ཆོས་འཚོལ་བ་ལ་དཔའ་ཞིང་བརྟུལ་ཕོད་པ་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་ལྟར་ཡུལ་ཐག་རིང་པ་དང་བགྲོད་དཀའ་བས་ངལ་དུབ་འབྱུང་བ་སོགས་ལ་ཅུང་ཟད་ཀྱང་མི་བལྟ་བར་ཡོན་ཏན་སློབ་པ་ཁོ་ན་ལ་ཐུགས་གཞོལ་བར་གྱུར་ཏོ། །

        དེ་ནས་དགུང་ལོ་བཅུ་དྲུག་ལ་བབས་པའི་ཚེ་ཆོས་རྗེ་བླ་མས་རྗེ་འདི་སློབ་གཉེར་ལ་གཏོང་བར་བཀའ་བསྩལ་པས། རྗེ་རང་ཉིད་ཀྱིས་ཀྱང་འདུན་པ་ཤུགས་དྲག་གིས་བཀའ་དང་དུ་བླངས་ཤིང་། བླ་མས་ལམ་གྱི་ཞོན་པ་ལ་སོགས་ཆོས་ཀྱི་མཐུན་རྐྱེན་དུ་མཁོ་བ་ཀུན་སྟ་གོན་མཛད། དེ་ནས་ཆོས་རྗེ་རིན་པོ་ཆེས། ངས་ཁྱོད་ལ་ཆོས་ཅིག་འཆད་པ་ཡིན། ཅི་འདྲ་ཅིག་འདོད་གསུང་བ་ལ། རྗེ་འདིས་སེམས་ལ་བཅང་རྒྱུའི་བསླབ་སྟོན་གྱི་གསུང་ཞིག་འཚལ་ཞུས་པར། བླ་མས་མ་འོངས་པ་ན་ཇི་ལྟར་འགྱུར་བ་ཀུན་མངོན་སུམ་དུ་མཁྱེན་པས། དང་པོར་ཆོས་འདི་དང་འདི་སློབས་ཞེས་སློབ་གཉེར་གྱི་རིམ་པ་དང་། དེ་ནས་འདི་ལྟར་དུ་ཉམས་སུ་ལོངས་ཞེས་བསྒོམ་སྒྲུབ་གྱི་རིམ་པ་དང་། དེ་ནས་བསྟན་པ་རྒྱས་པར་བྱེད་ཅིང་གདུལ་བྱ་རྣམས་སྨིན་གྲོལ་ལ་འགོད་པར་གྱིས་ཞེས་བསྟན་འགྲོར་ཕན་པའི་རིམ་པ་རྣམས་ཚིགས་བཅད་དུ་མཛད་པའི་ཞལ་གདམས་བསྩལ། གདམས་པ་དེ་ཟིན་བྲིས་སུ་མཛད་ནས་བླངས་པ་ཡིན་ཀྱང་དབུས་སུ་ཕེབས་མ་ཐག་བོར་ནས་རྩད་བཅད་ཀྱང་མ་རྙེད་དོ། །

        དུས་ཕྱིས་རྗེ་རིན་པོ་ཆེས་འདི་སྐོར་རྣམས་མཁས་གྲུབ་རྗེ་ལ་གསུང་བའི་སྐབས་ཤིག་ཏུ་འདི་ལྟར་གསུང་། བླ་མའི་ཞལ་གདམས་ཀྱི་གསུང་ཚིག་ཕལ་ཆེར་བརྗེད་འདུག་ཀྱང་། ངས་བྱས་པའི་ཆོས་ཀྱི་བྱ་བ་རྣམས་བླ་མའི་གསུང་གི་དོན་དང་མཐུན་པར་གྱུར་འདུག གདམས་པ་དེའི་ཚིག་འགའ་ཞིག་ད་ལྟ་ཡང་བློ་ལ་ཡོད་ཅེས་གསུང་བ་ནི་འདི་ལྟར།

        གཞོན་ནུ་བློ་བཟང་གྲགས་པ་ཁྱོད། །སྔོན་སྦྱངས་དགེ་བའི་ལས་འཕྲོ་ཅན། །སྔོན་ཚེ་དམ་ཆོས་བདུད་རྩིའི་རོ། །འཐུངས་པའི་བག་ཆགས་ཡོད་པར་ངེས། ཞེས་པ་དང་། ཡུམ་ཆེན་རྒྱས་འབྲིང་བསྡུས་གསུམ་གྱི། །རྒྱན་དུ་གྱུར་པའི་མངོན་རྟོགས་རྒྱན། །ཐོག་མར་བསླབ་ཅིང་ནན་ཏན་བྱ། །དེ་ལ་མཁས་པར་གྱུར་པ་ན། །ལུང་ཆོས་ཀུན་ལ་འཕྲིག་ཚུད་འགྱུར། །དེ་ཡང་སེམས་ཀྱི་ཟུར་ལ་ཞོག །དེ་ནས་བྱང་ཆུབ་སེམས་དཔའ་ཡི། །ལམ་དང་སྦྱོང་པའི་རྣམ་གཞག་དག །སྟོན་པར་བྱེད་པའི་མདོ་སྡེ་རྒྱན། །མཁས་པའི་ཡན་ལག་དག་ཏུ་བསླབ། །འཁོར་བ་མྱ་ངན་འདས་པ་ཡི། །རྟེན་དུ་སྟོན་པའི་ཆོས་དང་ནི། །ཆོས་ཉིད་རྣམ་འབྱེད་བསྟན་བཅོས་དང་། །ཐོག་མ་ཐ་མ་རྣམ་སྤངས་པའི། །དབུ་མའི་ལམ་ནི་སྟོན་པས་ན། །དབུས་དང་མཐའ་ནི་རྣམ་འབྱེད་དང་། །སེམས་ཀྱི་ཆོས་ཉིད་དག་པ་ནི། །སེམས་ཅན་ཀུན་ལ་ཡོད་པ་སྟེ། །དེ་ཉིད་བདེ་གཤེགས་སྙིང་བོར་ནི། །སྟོན་བྱེད་ཐེག་ཆེན་རྒྱུད་བླ་མ། །བྱམས་ཆོས་ལྔ་པོ་དེ་དག་ལ། །མཁས་པར་བྱེད་པའི་གོ་ཆ་གྱིས། །རྒྱས་པའི་བསྟན་བཅོས་རྣམ་འགྲེལ་དང་། འབྲིང་དུ་སྟོན་པའི་རྣམ་ངེས་དང་། ཅུང་ཟད་བསྡུས་པ་རིགས་ཐིགས་ཏེ། །ལུས་དང་འདྲ་བའི་བསྟན་བཅོས་གསུམ། །གཏན་ཚིགས་ཐིགས་པ་འབྲེལ་བརྟག་དང་། །རྒྱུད་གཞན་གྲུབ་པ་རྩོད་རིགས་ཏེ། །འཕྲོས་པ་ཡན་ལག་ལྟ་བུ་ཟེར། །ཆོས་ཀྱི་གྲགས་པ་ལས་བྱུང་བའི། །ཚད་མ་སྡེ་བདུན་འཛམ་གླིང་ན། །སངས་རྒྱས་བསྟན་པ་གསལ་བྱེད་པ། །ཉི་མ་ཟླ་བ་ལྟ་བུར་གྲགས། །འདི་ཡི་འོག་ཏུ་དེ་རྣམས་སློབས། །དེ་ནས་འགའ་ཞིག་བརྗེད་འདུག མཚམས་ཤིག་ནས། བློ་གྲོས་བཟང་ལྡན་ཁྱོད་ཀྱིས་ནི། །མཐའ་བྲལ་ཆེན་པོའི་ལྟ་བ་ལ། །གལ་ཏེ་མོས་པ་ཡོད་གྱུར་ན། །འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི། །དབུ་མ་རིགས་པའི་ཚོགས་རྣམས་དང་། །དེའི་རྗེས་འབྲང་། ཟེར་བ་ཅིག་ཡོད་དེ། ལྷག་མ་རྣམས་བརྗེད་འདུག་གསུང་ངོ་། ། 

                                                                  རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས། 
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
              དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།