རྗེ་རྣམ་ཐར་ཆེན་མོ་ལས་ཆོས་རྗེ་དོན་རིན་པའི་མདུན་དུ་དབང་ལུང་ཐོབ་པའི་སྐབས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-08-12 21:44:35     རྩོམ་པ་པོ།   ཆ་ཧར་དགེ་བཤེས།    ཀློག་ཐེངས།  

   

4175448ctad53fb6957f6&690.gif

    

        རྗེ་འདིས་སྔོན་གྱི་སྐུ་ཚེ་དུ་མར་དམ་པའི་ཆོས་ཀྱི་བྱ་བ་ལ་རྒྱུན་དུ་གོམས་པའི་བག་ཆགས་བཟང་པོ་ཡོངས་སུ་སད་པས་བྱིས་པའི་སྐབས་ནས་ཀྱང་རབ་ཏུ་འབྱུང་བ་ལ་ཆེས་ཆེར་དགའ་བར་གྱུར་ཏོ། །དེ་ཡང་རྗེའི་ཐུགས་ལ་འཁྲུངས་པ་ནི། ཁྱིམ་ན་གནས་པ་ནི་འཆིང་བ་བརྟན་པོས་བཅིངས་པ་ལྟར་བྱ་བ་ངན་པ་སྣ་ཚོགས་ཀྱིས་རྟག་ཏུ་བྲེལ་ཞིང་། བག་མེད་པར་གཡེང་ཞིང་འདུ་འཛིའི་གནས་སུ་གྱུར་པ། ཉེ་བར་ཞི་བའི་ཆོས་ཀྱི་བྱ་བ་དང་གཏན་མི་མཐུན་པ། ཟས་གོས་དང་། ཁྱིམ་གྱི་སོ་ཚིས་དང་། ནོར་ཕྱུགས་འཚོ་བསྲུང་སྤེལ་བ། ཞིང་རྨོ་བ་དང་ལོ་ཏོག་བརྔ་བ། ཉོ་ཚོང་བྱེད་པ་སོགས་སྒྲུབ་དགོས་ཀྱི་རིགས་གྲངས་མང་ཞིང་། ནམ་ཡང་མི་འཛད་པ་རྣམས་ཀྱིས་ལུས་སེམས་ངལ་གསོ་མེད་པར་དཀྲུགས་ཤིང་། བཟོད་པར་དཀའ་བའི་སྡུག་བསྔལ་གྱིས་གདུང་བ་ནི་མེ་འོབས་རྣམས་ཀྱི་ནང་དུ་ཕན་ཚུན་འགྲོ་བ་དང་འདྲའོ། །རབ་ཏུ་བྱུང་བ་ནི་ཉེས་པ་དེ་དག་དང་དེ་འདྲའི་རིགས་གཞན་ཐམས་ཅད་ལས་ཀྱང་གཏན་དུ་རྒྱབ་ཀྱིས་ཕྱོགས་པའི་སྒོ་དམ་པ་ཡིན་ཞིང་། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་རབ་ཏུ་བྱུང་བ་ཉིད་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་སོ་སྙམ་དུ་དགོངས་ནས། ཆོས་རྗེ་བླ་མ་ལ་ཞུས་པས། དགུང་ལོ་བདུན་པའི་ཚེ་ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་རབ་ཏུ་བྱུང་བའི་མཁན་པོ་དང་། བླ་མ་གཞོན་ནུ་བྱང་ཆུབ་ཅེས་བྱ་བས་དགེ་ཚུལ་གྱི་སློབ་དཔོན་མཛད་དེ་རབ་ཏུ་བྱུང་ཞིང་དགེ་ཚུལ་གྱི་སྡོམ་པ་གནང་ནས། མཚན་ཡང་བློ་བཟང་གྲགས་པའི་དཔལ་ཞེས་བྱ་བར་གསོལ་ཏོ། །

        དེ་ནས་དམ་ཚིག་སྡོམ་པ་རྣམས་མིག་གི་འབྲས་བུ་ལྟར་གཅེས་པར་གསུངས་ཤིང་། སྐབས་སྐབས་སུ་མཚམས་བཅད་དེ་བསྙེན་སྒྲུབ་མཛད་པ་སོགས་ལ་བརྩོན་པར་མཛད་དོ། །རྗེ་འདི་ཤིན་ཏུ་གཅེས་པར་བཟུང་སྟེ་སྨན་གྱི་ལྗོན་ཤིང་གི་མྱུ་གུ་ལྟར་ལེགས་པར་བསྐྱངས་ཤིང་རབ་ཏུ་ཕྱུང་བའི་ཆོས་རྗེ་བླ་མ་འདི་ནི་ལུང་རྟོགས་ཀྱི་ཡོན་ཏན་རྒྱ་ཆེ་ཞིང་། སློབ་དཔོན་གཞོན་བྱད་ནི་དབུས་གཙང་དང་བལ་བོ་སོགས་སུ་མཁས་གྲུབ་དང་པཎྜི་ཏ་དུ་མ་ལ་མདོ་སྔགས་ཀྱི་ཆོས་མང་དུ་གསན་ནས་སྦྱངས་པའི་བཤེས་གཉེན་ཆེན་པོ་ཏ་ཁྲེན་གཞོན་ནུ་སེང་གེ་ཞེས་གྲགས་པ་དེའི་སློབ་མའོ། །རྗེ་རིན་པོ་ཆེས་རབ་ཏུ་འབྱུང་བའི་སྔ་ཕྱི་རྣམས་སུ་ཆོས་རྗེ་བླ་མ་ཉིད་ལས་རྡོར་དབྱིངས། རྩེ་མོ། དཔལ་མཆོག ཆོས་དབྱིངས་གསུང་དབང་། གཙུག་དགུ། མི་འཁྲུགས་པ། གྲྭ་ལྔ་ལ་སོགས་པ་རྒྱུད་སྡེ་འོག་མ་གསུམ་གྱི་རྒྱུད། རྒྱ་གཞུང་། དཀྱིལ་ཆོག་མན་ངག་ལ་སོགས་པ་ཕལ་ཆེ་བ་གསན་ཅིང་ཐུགས་སུ་ཆུད་པར་མཛད། དགྲ་ནག འཇིགས་བྱེད། གཤེད་དམར་ཏེ་སྐོར་གསུམ། བདེ་མཆོག་ལཱུ་ནག་དྲིལ་གསུམ། ཕྱག་རྡོར་འཁོར་ཆེན་སོགས་བླ་མེད་ཀྱི་སྐོར་མང་དུ་གསན་ཅིང་ཇི་ལྟ་བ་བཞིན་མཁྱེན་ཏོ། ། དེ་ནས་ཆོས་རྗེ་བླ་མས། རྗེ་འདི་ཡི་དམ་ཆོས་སྐྱོང་མང་པོ་ལ་གཉེར་དུ་གཏད་ནས་ནམ་ཡང་འབྲལ་མེད་སྲུང་སྐྱོབ་མཛད་པའི་བྱིན་རླབས་བྱས་སོ། །

        དེ་ཡང་བླ་མའི་ཞལ་ནས། ཁྱེད་ཀྱི་བར་ཆད་བསྲུང་བའི་ལྷ་འཁོར་ལོ་ཆེན་པོ་དང་། ཤེས་རབ་བསྐྱེད་པའི་ལྷ་འཇམ་དཔལ་ཨ་ར་པ་ཙ་ན། ཚེ་ལྷ་ཚེ་དཔག་མེད་ཛེ་ཤཱ་རི། མཐུན་རྐྱེན་བསྒྲུབ་པའི་ལྷ་རྣམ་ཐོས་སྲས། མི་དང་མི་མ་ཡིན་གྱི་གནོད་པ་བསྐྱབ་ཅིང་འདོད་དོན་བསྒྲུབ་པའི་ལྷ་ཡེ་ཤེས་མགོན་པོ་ཕྱག་དྲུག་པ་ཡིན། འདི་རྣམས་ངའི་ཡང་ཡི་དམ་ཡིན་ཞིང་ད་ཁྱོད་ལ་སྟེར་བ་ཡིན། འདི་དག་གི་བསྙེན་སྒྲུབ་མཆོད་གཏོར་སོགས་མ་ཆག་པ་གྱིས་གསུང་ནས་གཏད་དོ། ། ཆོས་རྗེ་པ་འདི་ནི་རྗེ་འདི་བྱིས་པའི་དུས་ནས་ཆོས་འཇིག་རྟེན་གཉིས་ཀས་བསྐྱངས་ཤིང་། ཕྱིས་དབུས་གཙང་དུ་ཐུགས་གཉེར་ལ་འབྱོན་པའི་ཚེ་ཡང་དགོས་པ་བསྒྲུབས་ནས་རྫོངས་ཏ་མཛད་པ་ཡིན་པས། རྗེ་རིན་པོ་ཆེས་ངའི་བླ་མ་དཔག་ཏུ་མེད་པའི་བཀའ་དྲིན་ཅན་ཆོས་རྗེ་དོན་གྲུབ་རིན་ཆེན་པའི་ཞལ་སྔ་ནས་ཞེས་ཡང་ཡང་གསུང་བར་མཛད། མཚན་བརྗོད་པ་ཙམ་གྱིས་ཐལ་མོ་སྦྱར། སྤྱན་ཆབ་གསིལ། འདས་མཆོད་ཀྱང་མ་ཆག་པར་མཛད་དོ། །ཆོས་རྗེ་བླ་མས། རྗེ་རིན་པོ་ཆེ་ལ་ཆོས་གསུངས་པ་དང་དབང་དང་སྡོམ་པ་གནང་བ་རྣམས་ནི་སྐྱབས་སྟོན་པ་པོར་གྱུར་པའི་ཚུལ་དང་། ཆོས་དེས་རྗེའི་ཐུགས་ལ་སྡོམ་པ་དང་ཐོས་བྱུང་གི་མཁྱེན་རབ་སོགས་འཁྲུངས་པ་ནི་སྐྱབས་དངོས་སུ་གྱུར་ཚུལ་དང་། འཁྲུངས་མ་ཐག་ནས་རྟེན་དང་རིལ་བུ་སོགས་བསྩལ་བ་དང་། ཡབ་ཡུམ་ལས་བླངས་ཏེ་གཅེས་པར་བསྐྱངས་བ་སོགས་ནི་སྐྱབས་སྒྲུབ་པའི་གྲོགས་མཛད་པའི་ཚུལ་ཡིན་པས། འདིས་འགྲེས་ནས། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་གྱི་བྱེད་པོ་བླ་མ་ཡིན། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཞེས་པ་ལྟ་བུས་བླ་མའི་དྲིན་དྲན་ཚུལ་དང་། སྐྱེ་བ་ཐམས་ཅད་དུ་དགེ་བའི་བཤེས་གཉེན་གྱིས་རྗེས་སུ་འཛིན་པར་གྱུར་ཅིག་ཅེས་སྨོན་ལམ་གདབ་པ་ལྟ་བུའི་སྐབས་སུ་ཉམས་ལེན་དུ་སྦྱོར་ཚུལ་གོ་དགོས་པ་ཡོད་དོ། །

        དེ་ལ་འདི་སྐད་ཅེས་བྱ་སྟེ། དབང་པོ་རབ་ཞི་དུལ་བའི་དཔལ་གྱིས་ནི། །ཚངས་སྤྱོད་ཀྱིས་རྒན་ལྷ་ཡི་དྲང་སྲོང་ཡང་། །མི་བསྲུན་བྱིས་པ་ལྟར་མཛད་གཞོན་ནུ་དེ། །འདིར་ནི་གངས་ཅན་ས་ཡི་ཐིག་ལེར་གྱུར། །རྒྱལ་སྲས་གཞོན་ནུ་སྙིང་རྗེའི་ཟླ་བ་དེ། ཐུན་མཚམས་ངུར་སྨྲིག་གོས་བཟང་འཛིན་གྱུར་པ། །དེ་ཡི་མོད་ལ་ཁྱིམ་གྱི་སྐྱེད་ཚལ་དུ། །འདོད་པའི་ཀུ་མུད་ལ་དགའི་རྩེ་དགའ་བཏང་། 

                                                  རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས། 
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
              དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།