རྗེའི་རྣམ་ཐར་ཆེན་མོ་ལས་རབ་ཏུ་བྱུང་བའི་སྐབས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-08-07 21:28:06     རྩོམ་པ་པོ།   ཆ་ཧར་དགེ་བཤེས།    ཀློག་ཐེངས།  

4175448ctad53fb6957f6&690.gif

        ད་ནི་གོང་གི་དཀྱུས་ཀྱི་འཕྲོ་བརྗོད་པར་བྱའོ། །དེ་ཡང་གོང་དུ་བཤད་པའི་ལེའུ་དེ་ཉིད་དུ་ངུ་བ་དང་ཁྲོ་བ་དང་། མཆིལ་སྣབས་སོགས་བྱིས་པ་ཕལ་བའི་རྒུད་པའི་རིགས་ཡེ་མེད་པར་དག་ཅིང་གཙང་བ། ཅུང་ཟད་ནར་སོན་པ་ནས་བག་མེད་པར་རྩེ་བའི་རིགས་ནི་མེད། སྡིག་པའི་ལས་རྣམས་རང་བཞིན་གྱིས་སྤངས་པ། སྐྱེ་བོ་ཇི་འདྲ་ཞིག་ལའང་སྙན་ཞིང་རིགས་པར་སྨྲ་བ། ཁྲོ་བ་སྤངས་པ། འགྲོགས་ན་བདེ་བ། ངན་སློང་ལ་སེར་སྣ་མེད་པར་སྦྱིན་པ་གཏོང་བ། འགྲོ་བ་ཉམ་ཐག་པ་དག་ལ་བྱམས་ཤིང་བརྩེ་བ། རྟག་ཏུ་གཡོ་ཟོལ་མེད་ཅིང་བདེན་པར་སྨྲ་བ། བློ་དང་རིག་པ་ཕུལ་དུ་བྱུང་བ། དཀོན་མཆོག་གསུམ་ལ་དད་གུས་བརྟན་པ། དམ་པའི་ཆོས་འཚོལ་བ་ལ་ཞུམ་པ་མེད་པའི་སྤྲོ་བ་དང་བརྩོན་འགྲུས་ཅན་སོགས་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་ཆེ་བ་དག་ལ་ངང་གིས་ཞུགས་པ་ནི་བྱིས་པ་ཕལ་བ་རྣམས་མའི་ནུ་ཞོ་སྣུན་པ་ལ་བསླབ་མི་དགོས་པ་བཞིན་དུ་གྱུར་ཏོ། །

        དེ་ནས་དགུང་ལོ་གཉིས་གསུམ་གྱི་བར་དུ་ཆོས་རྗེ་དོན་གྲུབ་རིན་ཆེན་པས་འཇམ་དབྱངས་དང་དབྱངས་ཅན་མ་སོགས་ལྷ་དུ་མའི་སྒོ་ནས་ཤེས་རབ་འཕེལ་བའི་ཐབས་མང་དུ་མཛད། དུས་དུས་སུ་སྐུ་ལུས་བཀྲུ་བའི་བུམ་ཆུ་དང་འདོགས་པའི་སྲུང་བ་སོགས་མང་དུ་བསྩལ། དགུང་ལོ་གསུམ་པའི་དུས་དེར་སོག་པོའི་རྒྱལ་པོ་ཐོ་གན་ཐེ་མུར་གྱིས་གྲུབ་ཆེན་ཀརྨ་པ་རོལ་པའི་རྡོ་རྗེ་གདན་དྲངས་པས་དེར་ཕེབས་པའི་སྐབས་སུ། རྗེ་འདིས་བླ་མ་ཀརྨ་པ་དེ་ཉིད་ལས་དགེ་བསྙེན་གྱི་སྡོམ་པ་མནོས་ཏེ། མཚན་ཀུན་དགའ་སྙིང་པོ་ཞེས་བཏགས། བླ་མ་དེས་ཁྱེའུ་འདི་དབུས་ཀྱི་ཕྱོགས་སུ་སློབ་གཉེར་ལ་ཕྱིན་ན་སངས་རྒྱས་གཉིས་པ་ལྟ་བུ་ཞིག་འོང་ཞེས་གསུང་ཟེར་རོ། །

        ཡང་ལོ་དེར་རྗེ་འདིའི་ཡབ་ཀྱིས་ཆོས་རྗེ་དོན་གྲུབ་རིན་ཆེན་པ་གདན་དྲངས་པར། ཆོས་རྗེ་བླ་མས་ཡབ་ཡུམ་གཉིས་ལ། རྟ་དང་གླང་ལུག་སོགས་ཕྱུགས་ཀྱི་རིགས་དང་གོས་དར་སོགས་རྫས་སྣ་དུ་མས་གཙོས་པའི་གནང་སྦྱིན་དཔག་ཏུ་མེད་པ་བསྩལ་ནས། བུ་འདི་ང་ལ་ཕུལ་ཅིག་ཅེས་བཀའ་གནང་བ་ལ། ཡབ་ཡུམ་གཉིས་ཀ་བླ་མ་ལ་ཡིད་ཆེས་པའི་དད་གུས་ཡོད་ཅིང་། དགེ་བའི་ཕྱོགས་ལ་སྤྲོ་བ་ཆེ་བ་ཡིན་པས། དགའ་ཞིང་སྤྲོ་བའི་དད་པས་ཁྱེའུ་ཉིད་བླ་མར་ཕུལ་ལོ། ། དེ་ནས་དགུང་ལོ་བཞི་པར་ཆོས་རྗེ་བླ་མའི་དྲུང་དུ་ཕེབས་ནས་དེར་རྒྱུན་དུ་བཞུགས། དེ་ཡང་བླ་མའི་དྲུང་དུ་ཕེབས་མ་ཐག་ཡིག་ཀློག་སློབ་པ་མང་དུ་འདུག་པ་རྣམས་ལ་ཅུང་ཟད་རེ་བརྟགས་ཤིང་གཟིགས་པ་ཙམ་གྱིས་གཟབ་ཡིག་གཤར་ཡིག་རྣམས་ཞིབ་ཏུ་མཁྱེན་ནས་ཐོགས་མེད་དུ་ཀློག་ཐུབ་པ་བྱུང་བས་ཆེད་དུ་གཏད་ནས་ཡི་གེ་སློབ་དགོས་པ་མ་བྱུང་ངོ་། །

        དེ་ནས་ཆོས་རྗེ་བླ་མས། དྲིལ་བུ་བའི་ལུགས་ཀྱི་འཁོར་ལོ་སྡོམ་པ་དང་ཀྱཻ་རྡོར། ཕྱག་ན་རྡོ་རྗེ་སོགས་ཡི་དམ་མང་པོའི་དཀྱིལ་འཁོར་དུ་བཅུག་ཅིང་དབང་བསྐུར། གསང་མཚན་དོན་ཡོད་རྡོ་རྗེ་ཞེས་བཏགས། དེ་ནས་སྔགས་ཀྱི་དམ་ཚིག་སྡོམ་པ་རྣམས་ཡོང་སུ་རྫོགས་པར་མནོས་ཏེ། མིག་གི་འབྲས་བུ་ལྟར་གཅེས་པར་སྲུང་བར་མཛད། བདེ་མཆོག་ཀྱཻ་རྡོར་ཀུན་རིག་གཤིན་རྗེའི་གཤེད་སོགས་ཀྱི་དཀྱིལ་ཆོག་མང་པོ་ཐུགས་ལ་བཟུང་། གྲུབ་ཆེན་དྲིལ་བུ་ནས་བརྒྱུད་པའི་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་དུ་བདག་ཉིད་འཇུག་ཅིང་དབང་བླང་བ་དུས་དུས་སུ་ལན་མང་དུ་མཛད། ཡི་དམ་གྱི་ལྷ་བསྒོམ་པ་དང་སྔགས་བཟླ་བ་སོགས་ལ་རྒྱུན་དུ་འབད་པར་མཛད། དེ་དག་གི་སྐབས་ཤིག་ཕྱག་རྡོར་གཏུམ་པོ་ཕྱག་གཉིས་པ་ཡུན་རིང་པོའི་བར་ནུབ་རེ་བཞིན་མནལ་ལམ་དུ་གཟིགས་ཤིང་། ཁྱད་པར་ཇོ་བོ་ཆེན་པོ་དཔལ་ལྡན་ཨ་ཏི་ཤ་ནུབ་རེ་ཞིང་མནལ་ལམ་དུ་ནར་མར་འོངས་ནས་བྱིན་གྱིས་བརླབས་པའི་རྟགས་བྱུང་ཞིང་། ཞལ་དངོས་སུ་ཡང་ལན་མང་དུ་གཟིགས་སོ། །

        ཕྱིས་དབུས་སུ་ཕེབས་དུས་དགོན་པའི་མཆོད་པའི་སྐུ་འདྲ་གཟིགས་པས། སྔར་མནལ་ལམ་དུ་གཟིགས་བའི་རྣམ་པ་ཇི་ལྟ་བ་བཞིན་དུ་འདུག་ཅེས་གསུང་ངོ་། །དེ་ཡང་ཕྱག་ན་རྡོ་རྗེ་ནི་སྔགས་ཀྱི་ཆོས་ཐམས་ཅད་ཀྱི་བདག་པོ་ཡིན་ཞིང་། ཇོ་བོ་ཨ་ཏི་ཤ་ནི་སངས་རྒྱས་བཅོམ་ལྡན་འདས་ནས་བརྒྱུད་པའི་གདམས་ངག་ཐམས་ཅད་ཐུགས་སུ་ཆུད་པ་དང་། ཁྱད་པར་དུ་རྒྱལ་བའི་གསུང་རབ་ཐམས་ཅད་ཀྱི་གནད་བསྡུས་པ་བྱང་ཆུབ་ལམ་རིམ་དར་བར་མཛད་པའི་བདག་པོ་ཡིན་པས། རྗེ་འདི་ཡང་མདོ་སྔགས་ཀྱི་ཆོས་ཀུན་ལ་ཕུལ་དུ་བྱུང་བའི་མཁས་པར་གྱུར་ཏེ་རྟོགས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་དང་། ཇོ་བོ་རྗེས་བོད་ཡུལ་གྱི་བསྟན་པ་ཉམས་པ་གསོ་བའི་ཕྱིར་སླར་ཡང་བྱོན་པ་ལྟར། མདོ་སྔགས་ཡོངས་སུ་རྫོགས་པའི་ལམ་གྱི་མན་ངག་གིས་སྐལ་ལྡན་རྣམས་སྨིན་ཅིང་གྲོལ་བ་དང་། དྲི་མ་མེད་པའི་བསྟན་པ་རིན་པོ་ཆེ་ཆེས་ཆེར་དར་བར་མཛད་ནས། ནམ་ཡང་མི་ཉམས་པའི་ཆོས་ཀྱི་རྒྱལ་མཚན་འཛིན་པ་ཐམས་ཅད་ཀྱི་གཙུག་གི་ནོར་བུར་འགྱུར་བའི་རྟགས་སུ་ཕྱག་རྡོར་དང་ཇོ་བོ་རྗེ་གཉིས་ལན་མང་དུ་བྱོན་ནས་བྱིན་གྱིས་བརླབས་པ་ཡིན་ནོ། །

        དེ་ལ་འདི་སྐད་ཅེས་བྱ་སྟེ། ལས་སྨོན་ཕུན་ཚོགས་ཡབ་ཡུམ་བཅས་པ་ལ། །མཉམ་མེད་རིགས་གསུམ་མགོན་པོ་ལ་སོགས་པའི། །རྟགས་བཟང་ཇི་ལྟར་གྱུར་རྣམས་བརྟགས་བྱས་ཏེ། སྙིང་ནས་གུས་པས་གསོལ་བ་གདབ་པར་རིགས། །དད་བརྩོན་དྲན་དང་བག་ཡོད་ཤེས་བཞིན་དང་། །བརྟུལ་ཞུགས་མཆོག་དང་བློ་གྲོས་དཔག་དཀའ་བ། །རིང་ནས་འདྲིས་པའི་ཡིད་བཅུགས་གྲོགས་རྣམས་ཀྱིས། །གཞོན་ནུ་ཉིད་ནའང་མཛའ་བ་མ་བཏང་ངོ་། །ལུས་ཀྱི་མྱུ་གུ་དང་པོར་གྱུར་པ་ཡི། །གནས་སྐབས་དེར་ཡང་ཡོན་ཏན་མེ་ཏོག་ནི། །དཔག་མེད་དྲི་བཟང་རྫོགས་པའི་སྙིང་པོ་ཅན། །འདི་ལྟའི་ངོ་མཚར་སུ་ཡིས་བསམ་མི་བྱ། །རྗེ་འདི་འཁྲུངས་པའི་སར་ཡང་ལྷ་ཆོས་ཀྱིས། བཀྲ་བའི་ཙན་དན་སྐྱེས་པའང་ངོ་མཚར་ཅན། ཡོན་ཏན་གཞན་རྣམས་ཚད་མེད་སྨོས་ཅི་དགོས། །བསམ་བཞིན་གཏན་གྱི་སྐྱབས་སུ་གསོལ་བ་ཐོབ། ། 

                                             རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས། 
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
              དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།