རྗེའི་རྣམ་ཐར་ཆེན་མོ་ལས་སྐུ་འཁྲུངས་པའི་སྐབས་ཀྱི་ཞར་བྱུང་གཉིས་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-08-07 21:19:47     རྩོམ་པ་པོ།   ཆ་ཧར་དགེ་བཤེས།    ཀློག་ཐེངས།  

4175448ctad53fb6957f6&690.gif

        དེ་ནས་ཉེར་གཅིག་པ་ཆུ་མོ་ཡོས་ལོར་རྒྱལ་དབང་བཞི་པ་ཡོན་ཏན་རྒྱ་མཚོའི་ཞལ་སྔ་ནས་ཀྱིས་ཨོར་དུ་སུ་ནས་དབུས་སུ་ཕེབས་པའི་ལམ་ཞོར་ལ་སྐུ་འབུམ་གྱི་གནས་འདིར་བྱོན། ལྷ་ཁང་གི་ཉེ་འདབས་ཀྱི་གྲོང་རྣམས་བཏོན་ནས་དགོན་སྡེ་གཙང་མར་བྱས། ཆོས་རྗེ་འོད་ཟེར་རྒྱ་མཚོ་ཞེས་པ་བླ་མ་ཁྲི་པར་བསྐོས་ཏེ། མཚན་ཉིད་ཀྱི་གྲྭ་ཚང་འཛུགས་པ་སོགས་ཀྱི་ཞལ་ཏ་མཛད། དེ་ནས་དགོན་སྡེ་སོགས་རིམ་གྱིས་རྒྱས་པར་གྱུར་ཏོ། །ཆོས་རྗེ་འོད་ཟེར་རྒྱ་མཚོ་འདི་ནི་སྐུ་འབུམ་ཁྲི་པའི་ཐོག་མ་ཡིན་ནོ། །དུས་ཕྱིས་མཆོད་རྟེན་རྙིང་པ་དེ་ཕབ་ནས་བལྟས་པས་ལྗོན་ཤིང་ནི་ས་འོག་ཏུ་སོང་འདུག་པས། ས་བརྐོས་ཏེ་མཐའ་བསྐོར་དུ་རྡོ་ཆེན་པོས་རྩིག་པ་ལྟར་བརྩིགས་ཤིང་སས་མི་ནོན་པའི་སྦུབས་སྟོང་བྱས། དེའི་སྟེང་ནས་དངུལ་གྱི་མཆོད་རྟེན་ཆེན་པོ་བཞེངས་པ་སོགས་བཀུར་སྡི་དཔག་ཏུ་མེད་པ་བྱེད་བཞིན་པ་ཡིན་ཟེར་རོ། ། ཙན་དན་དེའི་རྩ་བ་ནས་གྱེས་ཏེ་མཆོད་རྟེན་གྱི་མདུན་ཕྱོགས་སུ་ཡང་ཙན་དན་ཅིག་སྐྱེས་པ་ཡོད་ལ། དེང་སང་ཙན་དན་འདི་ལ་སྐྱེ་བོ་མང་པོས་དངོས་སུ་མཐོང་སྟེ་ཕྱག་བྱེད་པ་ཡིན་ཞིང་། འདི་ལ་ཡང་ཡིག་འབྲུ་གྲུབ་པ་ཡོད་དོ། །སྟོན་ཀའི་དུས་ཤིང་གི་ལོ་མ་སར་ལྷུང་བ་ལ་དད་ལྡན་རྣམས་ཀྱིས་བླངས་ནས་བདུག་པ་དང་ཆུར་བསྐོལ་ནས་འཐུངས་པ་ཙམ་གྱིས་ཀྱང་ནད་གསོ་བ་སོགས་ཀུན་ལ་མངོན་དུ་གྱུར་པའོ། །

        ཡང་སྔར་གྱི་ཙན་དན་དང་ཉེ་བའི་ས་ཞིག་ཏུ་ཙན་དན་གྱི་སྡོང་པོ་ཅིག་ཡོད་ཅིང་། འདིའི་ཤུན་ལྤགས་ལའང་ཡིག་འབྲུ་གསལ་བར་ཡོད་དོ། །སྔར་བཤད་པའི་དངུལ་གྱི་མཆོད་རྟེན་ཆེན་མོ་ནི་བྱང་ཆུབ་མཆོད་རྟེན་ཡིན་ལ། འདིའི་མཐོ་ཚད་ནི་འདོམ་བཅོ་ལྔ་ཙམ། རྩ་བའི་ཞེང་གི་ངོས་རེ་ལ་འདོམ་ལྔ་རེ། ངོས་བཞི་བསྡོམས་ན་འདོམ་ཉི་ཤུ་ཡོད་ཅེས་ཟེར་རོ། །མཆོད་རྟེན་འདིའི་བུམ་པའི་སྒོ་ནང་དུ་སངས་རྒྱས་མར་མེ་མཛད་གྱི་ཚེམས། སྟོན་པ་ཤཱཀྱ་ཐུབ་པའི་འཕེལ་གདུང་སོགས་ཡོད། དེའི་དྲུང་དུ་ལྕང་སྐྱ་རིན་པོ་ཆེ་རྗེ་གོང་མ་དང་། བ་སོ་རྗེ་དྲུང་རིན་པོ་ཆེ་སྐུ་གོང་མ། ཨ་ཀྱཱ་རིན་པོ་ཆེ་སྐུ་གོང་མ་སོགས་ཀྱི་སྐུ་གདུང་མཆོད་རྟེན་དང་། རྗེ་རིན་པོ་ཆེའི་ཞབས་རྗེས་གསལ་བར་བྱུང་བའི་རྡོ་སོགས་རྟེན་མང་པོ་ཡོད་དོ། །རྗེ་བླ་མས་ཨ་ལྕེ་ལ་གནང་བའི་ཞལ་ཐང་ནི་འཇམ་དབྱངས་ཀུན་གཟིགས་ཀྱི་ནང་དུ་བཞུགས། ཡུམ་ལ་གནང་བའི་ཞལ་ཐང་ནི་འདུ་ཁང་ཆེན་མོའི་རབ་གསལ་དུ་བཞུགས། ཡུམ་གྱི་དབུ་ཐོད་ཧཱུཾ་ཡིག་རང་བྱོན་ཅན་ནི་རྒྱུད་ཁང་གི་ཡང་ཐོག་ན་བཞུགས་ཡོད་དོ། །ཙན་དན་དང་མཆོད་རྟེན་གྱི་སྐོར་འདི་ལ་ཕྲ་ཞིབ་ཀྱི་བཤད་པ་མ་མཐོང་ཡང་སྐུ་འབུམ་གྱི་དཀར་ཆག་སོགས་འགའ་ཞིག་ལ་གཞིར་བྱས། གཞན་ལས་ཐོས་པ་དག་ཀྱང་བཅུག་སྟེ་བྲིས་པ་ཡིན་ལ།

        གདན་རབས་མུ་ཏིག་ཕྲེང་བར། ཐོག་མར་རྗེའི་ཡུམ་སོགས་ཀྱིས་པད་སྤུངས་མཆོད་རྟེན་བཞེངས། ཕྱིས་རྗེ་རིན་པོ་ཆེས་ཆོས་འཁོར་བསྐོར་བའི་དུས་སུ་རྣམ་རྒྱལ་མཆོད་རྟེན་དུ་བསྒྱུར། མཛད་པ་ཐ་མ་བསྟན་པའི་དུས་སུ་མྱང་འདས་མཆོད་རྟེན་དང་། རྒྱ་སོག་གི་འཁྲུག་པ་བྱུང་བའི་དུས་སུ་དབྱེན་བསྡུམ་མཆོད་རྟེན། སྤྲུལ་སྐུ་བྱོན་དུ་ཉེ་བ་ན་ལྷ་བབས་མཆོད་རྟེན། ཕྱིས་རྒྱལ་དབང་བསོད་ནམས་རྒྱ་མཚོ་ཕེབས་ནས་བྱང་ཆུབ་མཆོད་རྟེན། དེ་ནས་ཁྲི་ཐོག་བདུན་པ་བཙན་པོ་དོན་གྲུབ་རྒྱ་མཚོས་རབ་བྱུང་བཅུ་གཅིག་པའི་ཆུ་རྟ་ལོར་ཁྲིར་བཞུགས་པར་བཤད་པའི་འཕྲོ་ལ། དེ་ཉིད་ལས། འདིས་གདན་ས་མཛད་པའི་སྐབས་སུ། ཁལ་ཁ་ནས་དད་སྟོབས་དང་ལྡན་པ་ཨེར་ཏེ་ནི་ཧུང་ཐའི་ཇི་དབུས་སུ་འགྲོ་བའི་ལམ་ཞོར་ལ་སྐུ་འབུམ་དུ་བྱོན་ཏེ་རྒྱལ་བ་ཙོང་ཁ་པ་ཆེན་པོ་ལ་མི་ཕྱེད་པའི་དད་པ་ཚད་མེད་པ་འཁྲུངས་ནས་དངུལ་གཏོས་ཆེ་བ་ཕུལ་ཏེ་སྔར་གྱི་བྱང་ཆུབ་ཆེན་པོའི་མཆོད་རྟེན་ནང་དུ་བཞུགས་སུ་བཅུག་ནས་ཆོ་འཕྲུལ་ཆེན་པོའི་མཆོད་རྟེན་བཀོད་པ་ཕུན་སུམ་ཚོགས་པ་བཞེངས་པར་མཛད། ཞེས་གསུངས་འདུག་ཅིང་།

        རྒྱལ་དབང་བསྐལ་བཟང་རྒྱ་མཚོས་མཛད་པའི་དཀར་ཆག་གསལ་བའི་མེ་ལོང་དུ། ཁྲི་ཐོག་བཅུ་བདུན་པ་སྟག་མཚེར་པ་བློ་བཟང་རྡོ་རྗེས་རབ་བྱུང་བཅུ་གཉིས་པའི་ལྕགས་ལུག་ལ་ཁྲིར་བཞུགས་ནས་ལུང་བསྟན་ཞུས་པར། འབྲས་སྤུངས་ཆོས་སྐྱོང་ཁོག་ཞུགས་སུ་ཕེབས་རྒྱུར་ཞལ་གྱིས་བཞེས་པའི་ཚེ་གཙང་ཁང་གསར་དུ་བསྐྲུན། བཅོ་བརྒྱད་པ་ཆུ་བཟང་རིན་པོ་ཆེ་བློ་བཟང་བསྟན་རྒྱན་གྱིས་མེ་བྱི་ལོར་ཁྲིར་བཞུགས། ས་བྱི་ལོར་དཔོན་བསོད་ནམས་བཀྲ་ཤིས་ཀྱིས་མཆོད་རྟེན་ཆེན་མོའི་བཞུགས་གནས་ཀྱི་ལྷ་ཁང་གསར་དུ་བསྐྲུན། ལྕགས་ཡོས་ལོར་ཇུན་ལང་ཨེར་ཏེ་ནི་ཇུ་ནང་གིས་ལྷ་ཁང་གི་ཡང་རྩེར་གསེར་ཟངས་ཀྱི་རྒྱ་ཕིབས་བྱས། ཆུ་འབྲུག་ལོར་ཆིན་ཝང་བཀྲ་ཤིས་པཱ་ཐུར་ཐའི་ཇིས་གཙོས་སྦྱིན་བདག་ཆེ་ཆུང་མང་པོ་དང་། སྐུ་འབུམ་སྤྱི་སོ་བཅས་ཀྱིས་མཆོད་རྟེན་ཆེན་པོ་བདེར་གཤེགས་བརྒྱད་ཀྱི་རྟེན་དུ་བཀོད་པ་རིམ་ཅན་དུ་བཞུགས་པར་གྲགས་པ་ཉིད་འདོམ་བཅུ་གཅིག་ལྷག་བཅས་ཀྱི་གཟུངས་གཞུག་ཏུ་སངས་རྒྱས་བྱང་སེམས་ཀྱི་སྐུ་བརྙན་མང་པོ་དང་། རྗེ་རིན་པོ་ཆེའི་སྐུ་བརྙན་ནམ་ཕུར་མ། བུར་ཚྭ་སོགས་དང་། བཀའ་འགྱུར། བཀའ་གདམས་གདུང་རྟེན་མང་པོ། སྒོ་ཁྱིམ་དུ་སངས་རྒྱས་འོད་སྲུངས་ཀྱི་ཚེམས་དང་། འཕེལ་གདུང་སོགས་ཀྱིས་ཕྱུར་བུར་གཏམས་པའི་ཆོ་འཕྲུལ་ཆེན་པོའི་མཆོད་རྟེན་བཞེངས། ཆུ་སྦྲུལ་ལོར་བཅུ་དགུ་བ་སྐྱོར་ལུང་མཁན་པོ་བློ་བཟང་འཇམ་དབྱངས་ཁྲིར་བཞུགས། མེ་སྤྲེལ་ལོར་རྒྱལ་དབང་བསྐལ་བཟང་རྒྱལ་མཚོའི་སྐུ་ཞབས་སྐུ་འབུམ་དུ་གདན་དྲངས་ནས་ལོ་ལྔའི་བར་བཞུགས། མེ་བྱ་ལོར་ཉི་ཤུ་པ་རྒྱལ་མཁན་ཟུར་ཨ་ཆི་ཐུ་ནོ་མོན་ཧན་ཁྲིར་བཞུགས། ས་ཕག་ལོར་ཆོ་འཕྲུལ་སྨོན་ལམ་ཚུགས། ལྕགས་བྱི་ལོར་རྒྱལ་དབང་རིན་པོ་ཆེ་དབུས་སུ་ཆིབས་བསྒྱུར་མཛད་པར་གསུངས་སོ། ། 

རྩོམ་སྒྲིག་པ། མང་ར་བ།
              གསལ་འདེབས།
                     རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                     དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།