རྗེའི་རྣམ་ཐར་ཆེན་མོ་ལས་སྐུ་འཁྲུངས་པའི་ཞར་བྱུང་དང་བོ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-08-07 21:11:09     རྩོམ་པ་པོ།   ཆ་ཧར་དགེ་བཤེས།    ཀློག་ཐེངས།  

4175448ctad53fb6957f6&690.gif

                   

                    དེ་ནས་ཡུལ་དེར་ཆོས་རྗེ་དོན་གྲུབ་རིན་ཆེན་ཞེས་བྱ་བ་མདོ་སྔགས་དུ་མ་ལ་མཁས་པ། ཡོན་ཏན་རྒྱ་ཆེན་པོ་དང་ལྡན་ཞིང་གཤིན་རྗེ་གཤེད་ཀྱི་གྲུབ་པ་ཐོབ་པའི་བླ་མ་ཅིག་བཞུགས་པ་དེས། སྔོན་ཡང་ཡབ་ཡུམ་གཉིས་ལ། ཁྱེད་ལ་བུ་བཟང་པོ་ཅིག་སྐྱེ་བས་གཙང་སྦྲ་ལ་འབད་དགོས་ཞེས་སོགས་བཀའ་གནང་བའི་རིགས་ཡོད་ཅིང་། རྗེ་འདི་སྐུ་བལྟམས་པའི་སྔ་དྲོ་སྤྱིའི་རྟེན་འབྲེལ་བསྒྲིག་པའི་གསོལ་རས་དང་། ཁྱེའུ་ཆུང་ལ་མི་གཙང་བའི་སྐྱོན་བསྲུང་བའི་ཆེད་དུ་བདུད་རྩི་རིལ་བུ་དང་བསྲེས་པའི་རིལ་བུ། རིག་པ་གསལ་ཞིང་ཤེས་རབ་རྣོ་བའི་ཆེད་དུ་འཇམ་དབྱངས་ཀྱི་རིལ་བུ། གདོན་བགེགས་སོགས་ཀྱི་གནོད་པ་བསྲུང་བའི་ཆེད་དུ་སྔགས་མདུད། ཕྱིས་བསྟན་འགྲོའི་དོན་ཐོགས་མེད་དུ་རྒྱས་པའི་ཆེད་དུ་རྡོ་རྗེ་འཇིགས་བྱེད་ཀྱི་སྐུ་བརྙན་བྱིན་རླབས་ཅན་དང་། བུ་ཆུང་ལ་གཙང་སྦྲ་བྱེད་དགོས་པ་སོགས་ཀྱི་ཡི་གེ་བཅས་ཉེ་གནས་ཚུལ་ཁྲིམས་གཙང་བ་ཅིག་ལ་བསྐུར་བྱུང་སྟེ། བླ་མ་དེས་མངོན་ཤེས་ཀྱིས་མཁྱེན་པར་འདུག་གོ །

        གནང་སྐྱེས་དེ་རྣམས་སླེབས་མ་ཐག་ཏུ་རིལ་བུ་རྣམ་གཉིས་འོ་མར་སྦངས་ནས་ཁྱེའུ་ཡི་ཞལ་དུ་གསོལ། སྲུང་མདུད་བཏགས། སྐུ་འདྲ་དེ་ཁྱེའུའི་དྲུང་ནས་འབྲལ་མེད་དུ་མཆོད་པར་བྱས། ཁྱེའུ་ཆུང་ཡང་བླ་མའི་གསུང་བཞིན་གཅེས་པར་བསྐྱངས་སོ། ། ཕྱིས་ཡབ་ཀྱིས་འདི་དག་གི་རྒྱུ་མཚན་བླ་མའི་དྲུང་དུ་ཞུས་པར། ཆོས་རྗེའི་ཞལ་ནས། ངས་རྨི་ལམ་དུ་རྡོ་རྗེ་འཇིགས་བྱེད་ལན་མང་དུ་མཐོང་ནས་གསོལ་བ་ཡང་ཡང་བཏབ། ཁྱད་པར་དུ་ཞལ་དངོས་སུ་བསྟན་དུ་གསོལ་ཞེས་གསོལ་བ་བཏབ་པར། ཙོང་ཆུའི་རི་འདིའི་ཕྱོགས་སུ་ཕྱག་མཛུབ་གཏད་དེ། ལོ་ཕྱི་མར་ད་ཙམ་ལུང་པ་འདིའི་མདའ་རུ་ཡོང་། དེ་བར་བདེ་བར་གྱིས་ཞེས་གསུང་བ་རྨིས་ཤིང་། དེ་ཤེས་པའི་ཕྱིར་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས་དཔྱད་པས། ཁྱོད་ཀྱི་བུར་འགྱུར་བའི་རྟགས་བྱུང་ཞེས་པ་དང་། ཡང་ས་འདིར་མ་འགྱངས་པར་ཤིང་ཁྱད་པར་ཅན་ཞིག་སྐྱེ་འོང་། ཤིང་དེས་མ་འོངས་པ་ན་འགྲོ་བ་མང་པོ་ལ་ཕན་པར་འགྱུར་ཞེས་སོགས་ལུང་བསྟན་གྱི་རིགས་མང་པོ་བསྩལ་ཏོ། །དེ་འཕྲལ་རྗེའི་ཡབ་སོགས་གྲོང་གི་མི་རྣམས་བསྐྱས་ཏེ་གཞན་དུ་བསྡད། རྗེ་འཁྲུངས་དུས་ལྟེ་བ་བཅད་པའི་ཁྲག་ས་ལ་ཐིམ་པ་ལས་ཙན་དན་དཀར་པོ་ཞིག་སྐྱེས། དེའི་འདབ་མ་ཕལ་ཆེར་ལ་རྒྱལ་བ་སེང་གེའི་ང་རོའི་སྐུ་གསེར་གྱིས་བྲིས་པ་ལྟ་བུ་དང་། འདབ་མ་ལ་ལར་འཇམ་པའི་དབྱངས་དང་རྡོ་རྗེ་འཇིགས་བྱེད་མགོན་པོ་ཕྱག་དྲུག་པ་རྣམས་ཀྱི་སྐུ་སོགས་ལྟས་དུ་མ་དང་། ཤིང་ཤུན་ལ་ཨ་ར་པ་ཙ་ན་སོགས་སྔགས་ཀྱི་ཡིག་འབྲུ་མང་པོ་རྣམས་རང་བྱོན་དུ་བྱུང་། ཉེར་འཁོར་གྱི་དད་ལྡན་འགའ་ཞིག་གིས་དེ་མཐོང་ནས་དད་པས་ཕྱག་བསྐོར་སོགས་བྱེད་ཀྱིན་ཡོད་པའི་ཚེ། སྤྲུལ་པའི་དགེ་སློང་མདོག་དམར་སེར་ཞིག་འོངས་ནས་རྒྱུན་དུ་མཆོད་ཅིང་བཞུགས།

        དུས་ཕྱིས་རྗེ་རིན་པོ་ཆེས་དབུས་སུ་ཐུགས་གཉེར་མཛད་ཅིང་བཞུགས་པའི་སྐབས། ཡུམ་གྱིས། ཁོ་མོ་ན་སོ་རྒས། ད་ལྟ་ཅིས་ཀྱང་ལན་ཅིག་འོང་བ་གྱིས། ཞེས་སོགས་ཀྱི་ཡི་གེ་དང་། རང་གི་དབུ་སྐྲ་ནས་མདོག་ཤིན་ཏུ་དཀར་བ་དུམ་གཅིག་བཅས་བསྐུར་བྱུང་བའི་ལན་དུ། རྗེས། ཡུམ་དང་ཨ་ཅེ་གཉིས་ལ། རང་གི་ཤངས་མཚལ་གྱིས་ཕྱག་བྲིས་མཛད་པའི་རྗེ་རང་གི་སྐུ་བརྙན་རེ་རེ་དང་། རྒྱལ་བ་སེང་གེ་ང་རོའི་སྐུ་པར་བཅས་གནང་སྟེ། ང་སྐྱེས་པའི་ས་དེར་བྱུང་བའི་ཙན་དན་གྱི་སྡོང་པོ་ལ་སྲོག་ཤིང་ལྟར་བྱས། སེང་གེ་ང་རོའི་སྐུ་འབུམ་ཕྲག་བཞེངས་པའི་མཆོད་རྟེན་ཅིག་བཞེངས་ན་ཁོ་བོ་དངོས་སུ་ཕྱིན་པ་དང་ཁྱད་མེད། བསྟན་པ་དང་འགྲོ་བ་ལ་ཕན་ཐོགས་ཆེན་པོར་འགྱུར་རོ་ཞེས་པའི་ཡི་གེ་བསྐུར། ཡི་གེ་བྱོན་མ་ཐག་སྐུ་བརྙན་དེས། ཨ་མ་ཨ་མ་ཞེས་འབོད་པའི་གསུང་བྱོན་པས། ཡུམ་གྱི་ཐུགས་ལ། རྗེ་ཉིད་དྲན་ནས་སྐྱོ་བ་དང་། ངོ་མཚར་བའི་ཡོན་ཏན་ལ་དད་ཅིང་དགའ་བ་རྣམས་ལྷན་ཅིག་ཏུ་བྱུང་ངོ་། །དེ་ནས་རྗེའི་བཀའ་བཞིན་དུ་མཆོད་རྟེན་བཞེངས་ནས་མཆོད་པར་བྱས་སོ། །ཡུམ་གྱིས་ཡི་གེ་ཕུལ་བའི་ལོ་ནི་རྗེའི་དགུང་ལོ་ཉེར་གཉིས་པའི་སྐབས་ཡིན་པར་འདུག་པས། ཐོག་མར་མཆོད་རྟེན་བཞེངས་པ་ནི་རྗེའི་དགུང་ལོ་ཉེར་གསུམ་པའི་དུས་ཡིན་པ་འདྲའོ། །

        དེ་ལྟར་ན་རབ་བྱུང་དྲུག་པའི་ང་གསུམ་པ། རྒྱ་ནག་ཧཱུང་ལུ་རྒྱལ་པོའི་ལོ་བཅུ་གཉིས་པ་ས་ལུག་ལ་མཆོད་རྟེན་བཞེངས་པ་ཡིན་པར་འགྱུར་ལ། ཙན་དན་འཁྲུངས་པ་ནས་མཆོད་རྟེན་བཞེངས་པའི་བར་ལོ་ཉི་ཤུ་ལྷག་ཙམ་དང་། དེ་ནས་སྐུ་འབུམ་གྱི་ཐོག་མའི་ཁང་ཆུང་འབུབ་པའི་བར་ལོ་བརྒྱ་དང་བརྒྱད་ཅུ་ལྷག་ཙམ་སོང་བར་སྣང་། དེ་ཡང་དུས་ཕྱིས་རྒྱ་ནག་རྒྱལ་པོ་ཀྱཱ་ཀྱཱང་གི་ལོ་སོ་དགུ་པ། རབ་བྱུང་དགུ་པའི་ང་བཞི་པ་ལྕགས་སྤྲེལ་ལོར་རིན་ཆེན་བརྩོན་འགྲུས་རྒྱ་མཚོ་ཞེས་པའི་རི་ཁྲོད་པ་ཅིག་གིས་མཆོད་རྟེན་དེའི་དྲུང་དུ་ཁང་ཆུང་ཞིག་ཕིབ་ནས་གྲྭ་པ་བཅུ་སྐོར་འདུག་ཏུ་བཅུག་གོ །ལྕགས་སྤྲེལ་གྱི་ལོ་འདི་ནི་རྗེ་འཁྲུངས་པའི་མེ་བྱ་ནས་ཉིས་བརྒྱ་རྩ་བཞི་པ་ཡིན། དེ་ནས་བཅོ་བརྒྱད་པ་མེ་གླང་ལོར་སྔར་གྱི་རི་ཁྲོད་པ་དེ་ཉིད་ཀྱིས་ལྷ་ཁང་ཞིག་བརྩིགས་ནས་རྗེ་བཙུན་བྱམས་པའི་སྐུ་འདྲ་བཞེངས། འདིའི་ནང་གཞུག་ལ་སྟོན་པ་བཅོམ་ལྡན་འདས་ཀྱི་འཕེལ་གདུང་བྱ་སྒོང་ཙམ་དང་། ཇོ་བོ་ཨ་ཏི་ཤའི་གདུང་རུས། ཤཱ་རིའི་བུའི་དབུ་སྐྲ་སོགས་བྱིན་ཅན་མཐའ་ཡས་ཤིང་། ཡབ་ཀླུ་འབུམ་དགེའི་དབུ་ཐོད་ལ་འཇམ་དབྱངས་ཀྱི་སྐུ་འབུར་དོད་དུ་བྱུང་བ་ཡང་འདིའི་ནང་དུ་བཞུགས་པར་བྱས། གླང་ལོ་འདི་ནི་ཝན་ལཱི་རྒྱལ་པོའི་ལོ་ལྔ་བའོ། །དེ་ནས་ཐུ་མེད་ཀྱི་ཨལ་ཐན་རྒྱལ་པོ་འདས་པའི་དགེ་རྩའི་ཆེད་དུ་སྲས་བློན་རྣམས་ཀྱིས། ཝན་ལཱིའི་བཅུ་གཅིག་པ་རབ་བྱུང་བཅུ་པའི་ལོ་བཅུ་བདུན་པ་ཆུ་ལུག་ལོར་རྒྱལ་དབང་བསོད་ནམས་རྒྱ་མཚོའི་སྐུ་ཞབས་གདན་དྲངས་པས་དེར་འབྱོན་པའི་ལམ་ཞོར་ལ་མཆོད་རྟེན་འདིའི་ཟུར་དུ་ཕེབས། གནས་དེའི་བླ་མ་ཆོས་རྗེ་བརྩོན་འགྲུས་རྒྱལ་མཚན་བཟང་པོ་སོགས་བླ་དཔོན་ཆེ་ཆུང་ཀུན་ལ། གནས་འདིར་ལྷ་ཁང་བརྩིགས་ནས་འདུས་སྡེ་ཚུགས་ན་ལེགས། ཞེས་བཀའ་བབས་ནས། ལྷ་ཁང་བཞེངས་པའི་མཐུན་རྐྱེན་དུ་གནང་སྦྱིན་གྱ་ནོམ་པ་བསྩལ། བླ་མ་བརྩོན་འགྲུས་རྒྱལ་མཚན་གྱིས་གཙོས་པའི་སྐྱེ་བོ་ཀུན་ཀྱང་དད་གུས་ཀྱིས་བཀའ་དང་དུ་བླངས་ནས་དགོན་སྡེ་བཙུགས་པ་ནི་སྐུ་འབུམ་ཞེས་གྲགས་པའི་གནས་ཆེན་ངོ་མཚར་ཅན་འདིའོ། །

        དེ་དུས་རྒྱལ་དབང་རིན་པོ་ཆེས་ས་འདུལ་བ་དང་བཀྲ་ཤིས་པར་བྱེད་པ་དང་ཆོས་སྐྱོང་ལ་གཉེར་དུ་གཏོད་པ་རྣམས་མཛད། དགོན་པ་འདི་ལ་སྐུ་འབུམ་ཞེས་པ་ནི་ཙན་དན་གྱི་ལོ་མ་ལ་ལྷ་སྐུ་མང་པོ་རང་བྱོན་དུ་གྲུབ་པས་བཏགས་པ་ཡིན་ལ། རྒྱལ་དབང་མཆོག་གི་བཀས་དགོན་པ་བཏབ་པའི་ལོ་འདི་ནི་རྗེ་འཁྲུངས་པའི་མེ་བྱ་ནས་ཉིས་བརྒྱ་ཉེར་བདུན་པ་ཆུ་ལུག་ལོའོ། །

རྩོམ་སྒྲིག་པ། མང་ར་བ།
              གསལ་འདེབས།
                     རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                     དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།