རྗེའི་རྣམ་ཐར་ཆེན་མོ་ལས་སྐུ་བལྟམས་པའི་སྐབས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-08-02 11:58:57     རྩོམ་པ་པོ།   ཆ་ཧར་དགེ་བཤེས།    ཀློག་ཐེངས།  

4175448ctad53fb6957f6&690.gif

 

        དེ་ནས་བྱ་ལོའི་ཟླ་བ་དང་པོའི་ཚེས་བཅུའི་ནུབ་མོ་ཡུམ་གྱི་མནལ་ལམ་དུ་དགེ་འདུན་མང་པོ་ལ་སོགས་པའི་ཕོ་མོ་བསམ་གྱིས་མི་ཁྱབ་པ་རྒྱལ་མཚན་དང་རྔ་བོ་ཆེ་ལ་སོགས་པའི་རོལ་མོའི་བྱེ་བྲག་མཐའ་ཡས་པ་བཟུང་སྟེ། སྤྱན་རས་གཟིགས་འབྱོན་པ་ལ་བསུ་བ་བྱེད་ཟེར་གྱིན་འདུག་པ་ལ། ཡུམ་གྱིས་ཕྱོགས་ཀུན་ཏུ་བལྟས་ཀྱང་མ་མཐོང་། ཕྱིས་གྱེན་དུ་བལྟས་པས། ནམ་མཁའ་ལ་སྤྲིན་གྱི་ནང་དུ་གསེར་སྐུ་རི་བོ་ཙམ་པ། ཉི་མ་ལྟར་ཕྱོགས་ཀུན་ཏུ་འོད་ཟེར་འཕྲོ་བ། དབྱངས་ཀྱི་ང་རོས་ཆོས་གསུང་བཞིན་པའི་སངས་རྒྱས་ཅིག་གི་མཐའ་བསྐོར་དུ་ལྷའི་བུ་དང་བུ་མོ་ཡིན་ཟེར་བ་ཁ་དོག་དང་གོས་རྒྱན་ཕུན་སུམ་ཚོགས་པའི་འཁོར་མང་པོས་བསྐོར་བཞིན་དུ་ནར་མར་བབས་བྱུང་བས། ལྷ་སྐུ་དེ་ཇེ་ཆུང་ཇེ་ཆུང་ལ་སོང་། ཡུམ་གྱི་སྤྱི་བོའི་སྟེང་དུ་སླེབས་པའི་ཚེ་མཐོ་གང་ཙམ་པ་ཤིན་ཏུ་མཛེས་པར་གྱུར་ནས་ཡུམ་ལ་ཐིམ། ལྷའི་འཁོར་རྣམས་དང་བསུ་མི་རྣམས་ཀྱིས་དེ་ལྟར་ཐིམ་པ་མཐོང་ནས་ཡུམ་ལ་ཕྱག་དང་བསྐོར་བ་དང་མཆོད་པ། ཤིས་པ་བརྗོད་པ་སོགས་རྨིས།

        དེའི་སང་ཉིན་ནས་རིག་པ་དྭངས་པ། སྐྱིད་སྣང་ཆེ་བ། དེ་ཕྱིན་ཆད་མ་བརྟགས་མ་དཔྱད་པའི་དུས་ནའང་ངའི་ལུས་འདི་ལ་བརྙས་པ་དང་མི་གཙང་བ་བྱེད་མི་ཉན་སྙམ་ནས་གཅེས་སྤྲས་དང་། སྡིག་ལ་འཛེམ་པ་སོགས་ངང་གིས་བྱུང་འདུག འདི་ནི་རྗེ་ཉིད་འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཡིན་པས་དེའི་རྟགས་སོ། །ཡང་ཡབ་ཀྱི་མནལ་ལམ་དུ་ཕྱག་ན་རྡོ་རྗེའི་ཕོ་བྲང་ལྕང་ལོ་ཅན་ནས་ཕྱག་རྡོར་གྱིས་འཕངས་སམ་སྙམ་པའི་གསེར་གྱི་རྡོ་རྗེ་འོད་འབར་བ་ཅིག་བྱུང་ནས་ཡུམ་ལ་ཐིམ་པ་རྨིས་པས། སྟོབས་ལྡན་གྱི་བུ་བཟང་པོ་ཞིག་སྐྱེ་བའི་རྟགས་སམ་ཞེས་གླེངས་སོ། །འདི་ཡང་རྗེ་ཉིད་ཕྱག་ན་རྡོ་རྗེའི་སྤྲུལ་པ་ཡིན་པས་དེའི་རྟགས་སོ། །

        བྱ་ལོའི་དགུན་སྐུ་བལྟམས་པའི་དུས་ལ་བབས་པའི་ཚེ་ཡུམ་གྱི་མནལ་ལམ་དུ་དགེ་འདུན་ལ་སོགས་པའི་ཁྲོམ་ཆེན་པོ་མཆོད་པ་རྣམ་པ་ལྔ་ཁྱེར་ནས་མཆོད་ཁང་མཇལ་ཟེར། དེ་གང་ན་ཡོད་དྲིས་པས་སྔར་གྱི་ཁྱེའུ་དཀར་པོ་དེས་ཆུ་ཤེལ་གྱི་ལྡེ་མིག་གཅིག་བཟུང་ནས་འདི་ན་ཡོད་ཟེར་ཞིང་། ཡུམ་གྱི་བྲང་ན་སྒོ་ཆུང་སེར་པོ་གཅིག་འདུག་པ་ཕྱེ་བའི་ནང་ནས་སྔར་ལུས་ལ་ཐིམ་པའི་གསེར་སྐུ་དེ་བཏོན་པས་གསེར་སྐུ་དྲི་མས་ཅུང་ཟད་ནོགས་འདུག་པར། སྔར་གྱི་བུ་མོ་དེ་བྱུང་ནས་དེ་ལ་བུམ་ཆུས་ཁྲུས་བྱས། རྨ་བྱའི་སྒྲོས་བྱབས། རྒྱ་གར་གྱི་སྐད་ཡིན་ནམ་སྙམ་པའི་དར་དིར་མང་པོ་དབྱངས་སུ་ལེན་ཅིང་། ལྷ་དེ་ལ་མཆོད་པ་འབུལ་གྱིན་འདུག་པའི་སྣང་བ་བྱུང་བ་དང་། གཉིད་སད་ནས་ཟླ་བ་བཅུ་པའི་ཚེས་བཅུའི་ཐོ་རངས་ཀྱི་ཆ་ལ་སྐར་ཆེན་ཤར་བ་དང་སྟབས་གཅིག་ཏུ་ཡུམ་ལ་མི་བདེ་བ་ཅུང་ཟད་ཀྱང་མེད་པར་སྐུ་འཁྲུངས་སོ། ། ཁྱེའུ་དེའི་དབུ་ནི་གདུགས་ལྟ་བུ། དཔྲལ་པའི་དབྱེས་ཆེ་ཞིང་། སྨིན་མ་འཛིངས་པ་མེད་པར་འཇར་བ། ཤངས་ཀྱི་གཟེངས་མཐོ་བ། སྙན་ཤལ་རིང་དུ་འཕྱང་བ། ཕྱག་ཞབས་ཀྱི་ཡན་ལག་དང་སོར་མོ་རྣམས་རིང་ཞིང་རྒྱས་པ། སྐུ་སྐེད་ཕྲ་བ། སྤྱན་གྱི་དཀར་ནག་སོགས་དབང་པོ་ཐམས་ཅད་ཡོངས་སུ་དྭངས་ཤིང་མཛེས་པ། ལྤགས་པའི་མདོག་ནི་དྲི་མ་མེད་པའི་མེ་ཏོག་ཀུ་མུ་ཏ་ལྟར་དཀར་ཞིང་འཇིག་རྟེན་གྱི་སྐྱེ་བོ་གཞན་དང་ཡེ་མི་འདྲ་བའི་མཚན་དཔེས་བརྒྱན་པ། མིག་ཏུ་སྡུག་པ། ཡིད་དུ་འོང་བ། བལྟ་བས་ཆོག་མི་ཤེས་པ་རྨད་དུ་བྱུང་བའོ། །

        དེ་ཡང་རྗེ་འདིའི་དབུ་གདུགས་ལྟ་བུ་ནི། བསྟོད་སྤྲིན་རྒྱ་མཚོའི་འགྲེལ་པ་ཀུན་གསལ་ཤེས་རབ་འདོད་འཇོ་ལས། སྨོན་ལམ་ཡོངས་སུ་རྫོགས་པར་བྱས་པས་དབྱིབས་ལེགས་པའི་གདུགས་བཞིན་དུ་ཀུན་ནས་རྒྱས་པའི་དབུ། ཞེས་གསུངས་པ་ལྟར་རྗེ་ཉིད་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་པའི་མཚན་མ་ཡིན་ཞིང་། རྗེ་རིན་པོ་ཆེ་ལ་སྙིང་ནས་དད་ཅིང་གསུང་ལ་ཐོས་བསམ་སྒོམ་པ་བྱེད་པའི་གདུལ་བྱ་རྣམས་ཀྱི་སྨོན་ལམ་བདེ་བླག་ཏུ་འགྲུབ་པའི་རྟགས་ཡིན་ནོ། ། དཔྲལ་བའི་དབྱེས་ཆེ་བ་ནི། འགྲེལ་པ་དེ་ཉིད་ལས། ལྟ་བ་ངན་པས་གཞན་དུ་མི་འགྱུར་བ་གོ་བྱེད་ཀྱི་དཔེ་བྱད་སྐྲ་མཚམས་མཐོ་བ་ལེགས་པར་དོད་པའམ་ཕྱེད་པ་ཡི་དཔྲལ་བའི་དབྱེས། ཞེས་པ་ལྟར་གདུལ་བྱ་རྣམས་ཀྱིས་ཕྱིན་ཅི་ལོག་གི་བློའི་དབང་དུ་མི་འགྱུར་བའོ། །སྨིན་མ་ནི། དེ་ཉིད་ལས། ཁ་དོག་ཤིན་ཏུ་གནག་ཅིང་ཅུང་ཟད་གུག་པ་ཡི་དབྱིབས་དང་ལྡན་པའི་སྨིན་མ་ནི་དཀའ་ཐུབ་ཀྱི་གདུང་བ་མེད་པར་འཇམ་པོའི་ཆོས་ཀྱིས་འདུལ་བ་ལ་མཁས་པ་དང་། ཐུགས་རྒྱུད་དགེ་བས་བརླན་པ་དང་། ཉོན་མོངས་ཕྱོགས་ཀྱི་སྐྱོན་གཟིགས་པ་དང་། འགྲོ་བ་རྣམས་ལ་མ་འོངས་པ་ན་ཅིར་འགྱུར་གྱི་ཕྱི་རྗེས་ལ་གཟིགས་པ་བཞི་དང་ལྡན་པས་འཇམ་པ་དང་སྣུམ་པ་དང་སྤུ་རིང་ཐུང་མེད་པར་མཉམ་པ་དང་སྨིན་མའི་ཚུགས་རིང་པོ་ཅན་དང་། ཞེས་པ་ལྟར་གདུལ་བྱའི་རྒྱུད་དུལ་ཞིང་བརླན་པ་དང་། ཉོན་མོངས་ཀྱིས་མི་རྫི་བ་དང་། མ་འོངས་པ་ན་དེ་བཟང་དུ་འགྲོ་བའོ། །ཤངས་ནི། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་ཉིད་རྟོགས་པས་རིམ་པར་ཇེ་མཐོར་སོང་བས་འཚམས་ཤིང་། གཟེངས་ཀུན་ཏུ་མཐོ་བའི་ཤངས་དང་། ཞེས་པ་ལྟར་གདུལ་བྱའི་ཡོན་ཏན་ཇེ་མཐོར་འགྲོ་བའོ། །

        སྙན་ནི། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ལས་རྒྱལ་བས་སྙན་ཤལ་བཟང་པོ་ཕན་ཚུན་མཉམ་པའི་རིང་དུ་འཕྱང་བ། ཞེས་པ་ལྟར་གདུལ་བྱའི་ལས་ཉོན་འདག་པར་འགྱུར་བའོ། །ཕྱག་ཞབས་ནི། བཟའ་བཅའ་ལ་སོགས་གྱ་ནོམ་པ་བྱིན་པས་ཕྱག་ཞབས་འཇམ་ཞིང་གཞོན་ཤ་ཆགས་པ་དང་། ཞེས་དང་། སློང་པ་པོའི་སྐྱེ་བོ་ཕྱིར་སྤངས་པ་མ་བྱས་པས་ཕྱག་རིང་ཞིང་མཛེས་པ་དང་། ཞེས་པ་ལྟར་གདུལ་བྱ་ཟས་ནོར་སོགས་ཀྱིས་མི་ཕོངས་པའོ། །སོར་མོ་ནི། གསད་པར་བྱ་བའི་གང་ཟག་བཅིངས་པ་སོགས་ལས་ཐར་བར་བྱས་པས་སོར་མོ་རིང་བ་དང་། ཞེས་པ་ལྟར་གདུལ་བྱ་ལ་དུས་མིན་འཆི་བ་སོགས་མི་འོང་བའོ། །རྐེད་པ་ཕྲ་བ་ནི། གདུལ་བྱ་འདོད་པའི་སྐྱོན་གྱིས་མི་འགོ་བའོ། །སྤྱན་དྭངས་པ་ནི། གདུལ་བྱ་ལ་གཞན་གྱིས་ཕན་འདོགས་པའོ། །ལྤགས་པ་དྲི་མེད་ནི། གདུལ་བྱའི་སྡིག་ལྟུང་འདག་པའོ། །འདི་ལྟར་དུ་འགྱུར་བ་ནི། རྗེ་རིན་པོ་ཆེས་བྱམས་སྙིང་རྗེས་ཀུན་ནས་བསླངས་ཏེ་ཚོགས་དཔག་ཏུ་མེད་པ་བསགས་པ་དང་། སྨོན་ལམ་རྒྱ་ཆེན་པོ་བཏབ་པའི་མཐུ་དང་། གདུལ་བྱའི་དད་པའི་ཚོགས་པ་ལས་འབྱུང་བ་ཡིན་ཞིང་། འདིས་མཚོན་དཔེ་གཞན་ལའང་འདྲའོ། །        

       རྩོམ་སྒྲིག་པ། མང་ར་བ།
              གསལ་འདེབས།
                     རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                     དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།