རྗེའི་རྣམ་ཐར་ཆེན་མོ་ལས་ལྷུམས་སུ་ཞུགས་པའི་སྐབས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-08-02 11:49:28     རྩོམ་པ་པོ།   ཆ་ཧར་དགེ་བཤེས།    ཀློག་ཐེངས།  

4175448ctad53fb6957f6&690.gif

        བློ་བཟང་མཁྱེན་པའི་དཀྱིལ་འཁོར་ཡོངས་རྫོགས་ཤིང་། །གྲགས་པའི་འོད་དཀར་སྲིད་རྩེར་ཁྱབ་པ་ཅན། །སྔོན་མེད་མཁས་པའི་དབང་ཕྱུག་མཚན་མོའི་མགོན། །དེང་འདིར་སྐལ་ལྡན་གདུལ་བྱའི་དཔལ་དུ་ཤར། །གཉིས་པ་རྗེ་ཙོང་ཁ་པའི་ཞལ་སྔ་ནས་སྐུ་ཚེ་འདིར་འཁྲུངས་པའི་སྐབས་དང་། ཆུང་ངུའི་དུས་ཀྱི་མཛད་པ། རབ་ཏུ་བྱུང་བའི་ཚུལ་སོགས་བརྗོད་པ་ལ། རྗེ་ཙོང་ཁ་པ་འཁྲུངས་པའི་ལོ་ནི་རབ་བྱུང་དྲུག་པའི་སོ་གཅིག་པ་མེ་མོ་བྱ་ལོ་ཡིན་ལ། དེ་ཡང་སྟོན་པ་ཤཱཀྱའི་རྒྱལ་པོ་མེ་རྟ་ལ་སྐུ་བལྟམས། དགུང་ལོ་སོ་གཅིག་པ་མེ་བྱི་ལ་རབ་ཏུ་བྱུང་ནས་ནེ་རཉྫ་ནའི་འགྲམ་དུ་ལོ་དྲུག་ཏུ་ཏིང་ངེ་འཛིན་སྒོམ་པར་མཛད། དགུང་ལོ་སོ་བདུན་པ་ཆུ་ཕོ་རྟ་ལོའི་ཧོར་ཟླ་བཞི་པའི་ཚེས་བཅོ་ལྔ་ལ་མངོན་པར་རྫོགས་པར་སངས་རྒྱས། ལོ་དེ་ཉིད་ཀྱི་ཟླ་བ་དྲུག་པའི་ཚེས་དྲུག་གི་ཉིན་ཐོག་མར་མགོ་བརྩམས་ཏེ་འགྲོ་བ་མང་པོ་ལ་ཆོས་གསུངས། སྟོན་པ་ཤཱཀྱ་ཐུབ་པའི་བསྟན་པ་རིན་པོ་ཆེ་འབྱུང་བའི་དབུ་ནི་དེ་ཡིན་ནོ། །ཆུ་རྟ་ལོ་དེ་ནས་ལོ་ཉིས་སྟོང་ཉིས་བརྒྱ་སོ་ལྔ་སོང་ཞིང་། སོ་དྲུག་པ་མེ་བྱ་ལ་རྗེ་འདི་འཁྲུངས་པ་ཡིན་ནོ། །

        བྱ་ལོ་དེ་ནས་ད་ལྟ་བསྔགས་སྨོན་གྱི་ལོ་དྲུག་པ་ལྕགས་མོ་བྱ་ལོའི་བར་དུ་ལོ་བཞི་བརྒྱ་ཞེ་བཞི་འདས་ཏེ། ཞེ་ལྔ་པ་ནི་ལྕགས་བྱ་འདིའོ། །འཁྲུངས་པའི་གནས་ནི་ཨ་མདོའི་ས་ཡིན་ལ། དེ་ཡང་སྤྱིར་བོད་ཀྱི་ཡུལ་ལ་སྟོད་སྨད་བར་གསུམ་ལས། སྟོད་ནི་མངའ་རིས་ཞེས་པའི་རིགས་ཅན་གྱི་སྐྱེ་བོའི་ས་སྟེ། མངའ་རིས་སྐོར་གསུམ་ཞེས་གྲགས་སོ། །བར་ནི་བོད་པའི་རིགས་ཅན་གྱི་ས་སྟེ། དབུས་གཙང་གི་རུ་བཞི་ཟེར་རོ། །སྨད་ནི་ཁམས་དང་ཨ་མདོའི་ས་སྟེ་མདོ་ཁམས་ཀྱི་སྒང་གསུམ་ཟེར་བའོ། །དེ་དག་གི་ནང་ནས་ཨ་མདོའི་སའི་ཆ། ཙོང་ཆུ་ཞེས་པའི་ཆུ་ཆེན་པོ་འབབ་པའི་ལུང་ལག་མང་དུ་ཡོད་པ་ལས། ལག་གཅིག་བབས་པའི་གྲོག་མོའི་འགྲམ་ཁ་ལ་སྐུ་འཁྲུངས་པས་ཙོང་ཁ་པ་ཞེས་གྲགས་པའོ། །

        སྔོན་དུས་ཁ་བ་ཅན་པ་རྣམས་ཀྱི་རྗེ་བོ་ལྷ་བཙན་པོ་དག་གི་མངའ་རིས་ཀྱི་ཆབ་འོག་ཏུ་གཏོགས་པའི་ཡུལ་གྱི་ལྗོངས་ལ། འདི་ཉིད་སའི་ཡོན་ཏན་ཕུལ་དུ་བྱུང་བར་རྒན་པོ་ངག་གི་བརྒྱུད་པའི་ཁ་ལས་སྒྲོགས་པར་བྱེད་པ་ཉིད་དོ། ། ཡབ་ཀྱི་གདུང་རུས་ནི་མལ་ཞེས་པའི་རིགས་ཡིན་ལ། ཡབ་ཀྱི་མཚན་ནི་ད་ར་ཁ་ཆེ་ཀླུ་འབུམ་དགེ་ཞེས་པ། རང་བཞིན་དྲང་བ། དེས་ཤིང་དཔའ་བ། སྒྲིན་ཅིང་བརྟུལ་ཕོད་པ། མང་པོའི་ཡིད་ལ་འཐད་པ་ཞིག་གོ །ཡབ་འདི་ནི་མང་པོས་བཀུར་ཞིང་། བྲེལ་མེད་པར་རང་དབང་དུ་གནས་པའི་ཆེད་དུ། དར་ཧན་ཞེས་སོག་སྐད་ཀྱི་མཚན་གསོལ་བ་ལ་མི་མང་གིས་ཟུར་ཆག་ཏུ་སྨྲས་པས་ད་ར་ཁ་ཆེ་ཞེས་མཚན་དུ་ཆགས་པར་སུམ་བྷ་རིན་པོ་ཆེས་མཛད་པའི་ཆོས་འབྱུང་དུ་གསུངས་སོ། །

        ཡུམ་གྱི་རུས་ནི་ཤིང་། །མཚན་ནི་ཨ་ཆོས་ཞེས་པ། ནམ་ཡང་གཡོ་སྒྱུ་མི་བྱེད་པ། བསམ་པ་ཤིན་ཏུ་བཟང་པོ་ཞིག་གོ །ཡབ་ཡུམ་དེ་གཉིས་ཀ་ཡང་དཀོན་མཆོག་གསུམ་ལ་དད་པ་བརྟན་པ། སེམས་ཅན་ལ་བྱམས་བརྩེའི་བསམ་པ་ཅན། རྒྱུན་དུ་དགེ་བ་ལ་བརྩོན་པའོ། །དེ་ལ་སྲས་དྲུག་མངའ་བ་ལས་རྗེ་འདི་ནི་བཞི་པ་ཡིན། རྗེ་འདི་དང་གདུང་ཆོས་གཅིག་པ་ཙམ་དུ་གཏོགས་པ་ལ་མི་ངོ་སྟོང་ཕྲག་ལོངས་པ་ཡོད་ཅིང་། བདུན་བརྒྱུད་མ་ཆད་པའི་གཉེན་ཉེ་དུ་ཡང་ཤིན་ཏུ་མང་། ནོར་ལོངས་སྤྱོད་ཀྱིས་ཕྱུག་པ། སྣག་གི་གཉེན་དང་རྩ་ལག་ཀྱང་ཤིན་ཏུ་གྱེས་པ། དེ་དག་གི་རྒྱུད་ལ་ཡོན་ཏན་བཟང་ཞིང་ཚུལ་ཁྲིམས་དག་པའི་རབ་བྱུང་རྣམས་ཀྱང་སྔ་ཕྱིར་མང་དུ་བྱུང་བ་སྟེ། དེ་ལྟར་རིགས་རུས་ཆོ་འབྲང་ཕུན་སུམ་ཚོགས་པའི་གདུང་རྒྱུད་དོ། །

        རྗེ་འདི་འཁྲུངས་པའི་སྐབས་སུ་རྟགས་མཚན་ཇི་ལྟ་བུ་བྱུང་བ་ནི། འཁྲུངས་པའི་སྔ་རོལ་གྱི་སྤྲེའུ་ལོའི་མཇུག་ཏུ་ཡབ་ཀྱི་མནལ་ལམ་དུ། རྒྱ་ནག་རི་བོ་རྩེ་ལྔ་ནས་འོངས་ཟེར་བའི་བཙུན་པ་མེ་ཏོག་གི་འཕྲེང་བ་དུ་མ་སྦྲེལ་བའི་ཆོས་གོས་དང་། སུམ་ཅུ་རྩ་གསུམ་གྱི་ཤིང་ལོ་ཡིན་ཟེར་བ་དར་སེར་པོ་འདྲ་བའི་ཤམ་ཐབས་ཅན། པོ་ཏི་ཁྱེར་བ་ཞིག་བྱུང་ནས་ང་ཁྱེད་ལ་གནས་ཞིག་གཡོར་བ་ཡིན་ཟེར་ནས། ཁང་ཐོག་ན་མཆོད་ཁང་ཞིག་ཡོད་པའི་ནང་དུ་སོང་བའི་སྣང་བ་བྱུང་བས། ཡབ་དེ་རྒྱུན་དུ་མཚན་བརྗོད་ཞལ་འདོན་མཛད་ཅིང་ཡོད་པས། རྗེ་བཙུན་འཇམ་དབྱངས་ཀྱི་རྣམ་འཕྲུལ་གྱིས་བྱིན་གྱིས་བརླབས་པའི་རྟགས་སམ། རིག་པ་བཟང་པོ་དང་ལྡན་པའི་བུ་ཞིག་སྐྱེ་བའི་རྟགས་ཡིན་ནམ་སྙམ་པ་བྱུང་སྐད། དེ་ཡང་རྗེ་འདི་ནི་འཇམ་དབྱངས་ཀྱི་སྤྲུལ་པ་ཡིན་པས་དེའི་རྟགས་ཤར་བའོ། །

        ཡང་ཡུམ་གྱི་མནལ་ལམ་དུ་མེ་ཏོག་མང་པོ་ཅན་གྱི་ཐང་ཞིག་ཏུ་བུད་མེད་སྟོང་ཕྲག་ཙམ་གྲལ་བྱས་པའི་ནང་དུ་ཡུམ་རང་ཡང་བསྡད་པ་ལ། ཤར་ནས་བུམ་པ་འཛིན་པའི་ཁྱེའུ་དཀར་པོ་ཅིག་དང་། ནུབ་ནས་བུ་མོ་དམར་མོ་ལག་གཡས་ན་མདོངས་སྡེར་མ་ཙམ་ཡོད་པའི་རྨ་བྱའི་སྒྲོ་དང་། གཡོན་ན་མེ་ལོང་ཆེན་པོ་ཅིག་བཟུང་བ་བྱུང་ནས། དེ་གཉིས་གྲོས་བྱས་ཏེ། ཁྱེའུས་བུད་མེད་ཀུན་ལ་རིམ་བཞིན་འདི་རུང་ངམ། འདི་རུང་ངམ་ཞེས་དྲིས་པ་ལ། བུ་མོས་བུད་མེད་གཞན་ཀུན་ལ་སྐྱོན་རེ་རེ་ཡོང་བའི་རྒྱུ་མཚན་སྨྲས་ནས། ཡུམ་གྱི་སྐུ་ལ་མཛུབ་མོ་བཙུགས་ནས་རུང་ངམ་ཞེས་པར། བུ་མོ་དེས་འཛུམ་བྱས་ནས་རུང་ཟེར། ཁྱེའུ་ན་རེ། འོ་ན་ཁྱོད་ཀྱིས་ཁྲུས་གྱིས་ཟེར་ཞིང་། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ཞེས་སོགས་ཀྱི་ཚིགས་བཅད་དབྱངས་དང་བཅས་བཏོན་ནས་ཁྲུས་བྱས་པས་ལུས་ཀྱི་དྲི་མ་རྣམས་དག བདེ་སང་སང་བའི་སྣང་བ་ཅིག་བྱུང་བ་རྨིས་ནས་སད་པའི་རྗེས་ལུས་ཡང་བ་དང་སེམས་བདེ་བ་སོགས་ཀྱི་དགེ་མཚན་དུ་མ་བྱུང་བ་ལ་གང་གི་རྟགས་ཡིན་ནམ་སྙམ་ནས་བརྟག་པ་ཞིག་བྱུང་། དུས་དེ་ནས་བཟུང་སྟེ་ཁྱིམ་མཚེས་དང་ཡུལ་མི་རྣམས་ལ་ཡང་། དབུས་ནས་དགེ་འདུན་མང་པོས་ལྷ་སའི་ཇོ་བོ་རིན་པོ་ཆེ་གདན་འདྲེན་བྱུང་བའི་རྨི་ལམ་དང་། ཉི་ཟླ་སྐར་གསུམ་དུས་གཅིག་ཏུ་ཤར་བའི་རྨི་ལམ་དང་། ཉིན་པར་ཡང་ཡུལ་དེར་མེ་ཏོག་གི་ཆར་འབབ་པ། སྤོས་ཀྱི་དྲི་ངད་ལྡང་བ། ནམ་མཁའ་ནས་རོལ་མོའི་སྒྲ་གྲགས་པ། ས་གཡོ་བ་སོགས་ངོ་མཚར་བའི་ལྟས་མང་པོ་ཀུན་ལ་མཐུན་སྣང་དུ་བྱུང་བ་ནི་མདོ་དབུས་ཐམས་ཅད་དུ་གྲགས་པ་ཡིན་འདུག་གོ།

                                                             རྩོམ་སྒྲིག་པ། མང་ར་བ།
         གསལ་འདེབས། 
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
              དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།