རྗེའི་རྣམ་ཐར་ཆེན་མོ་ལས་སྐུ་ཚེ་སྔ་མ་རྣམས་ཀྱི་རྣམ་ཐར་ཅུང་ཟད་བསྟན་པ་དྲུག་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-08-02 11:36:41     རྩོམ་པ་པོ།   ཆ་ཧར་དགེ་བཤེས།    ཀློག་ཐེངས།  

4175448ctad53fb6957f6&690.gif

        ཡང་གྲུབ་ཆེན་གྱི་གསང་རྣམ་ལས། ཆོས་རྗེ་བློ་བཟང་གྲགས་པ་ཁྱེད་སྔར་ཡང་སྐྱེ་བ་གཞན་གྱིས་བར་མ་ཆད་དུ་པཎྜི་ཏ་རྐྱང་གི་སྐྱེ་བ་བརྒྱ་བཞེས། འཇམ་པའི་དབྱངས་ཀྱིས་རྗེས་སུ་བཟུང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མང་པོ་དང་མཇལ་གྱིན་ཡོད། དེ་རྣམས་ལ་བར་ཆད་ཀྱི་མཚན་མ་ཡིན་ནམ་མི་ཤེས་དགོངས་པ་མ་མཛད་པར་ཞུ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རང་བྱོན་ནས་ཞལ་ལྟ་གསུང་བསྒྲགས་པ་ལགས། ཞེས་གསུངས། ཡང་གླེགས་བམ་རིན་པོ་ཆེ་ལས། འགྲོ་བའི་སྡིག་སྒྲིབ་སྦྱང་བའི་ཕྱིར། །སྒྲིབ་པ་སེལ་བར་འགལ་བ་མེད། །ཕྱོགས་སུའང་གྲགས་ཏེ་ངོ་བོའང་ཡིན། །དུས་དང་གནས་སྐབས་ཐམས་ཅད་དུ། །འགྲོ་བའི་དོན་དུ་བཟང་གྱུར་པས། །ཀུན་ཏུ་བཟང་དུའང་འགལ་བ་མེད། །ཕྱོགས་སུ་གྲགས་ཏེ་ངོ་བོའང་ཡིན། །དེ་ཡང་རིགས་གསུམ་མགོན་པོ་ལས། །ཐ་དད་ཉིད་དུ་ག་ལ་འགྱུར། །སེམས་ཅན་ཀུན་ལ་སྤྱན་རས་གཟིགས། །འདི་ནི་སྙིང་རྗེ་བྱམས་པའི་རིགས། །ང་ནི་སྙི་རྗེ་ཆེན་པོ་ཉིད། །ང་ལ་སྤྱན་རས་གཟིགས་ཞེས་གྲགས། །ལུས་ངག་ཡིད་གསུམ་ཞི་འཇམ་པས། །འགྲོ་བ་ཀུན་གྱི་དཔལ་དུ་གྱུར། །འཇམ་པའི་དཔལ་དུའང་འགལ་བ་མེད། །ཀུན་མཁྱེན་ཤེས་རབ་ཆེ་བའི་རིགས། །ཕྱག་སྟོང་རེ་ན་མི་རྟོག་པའི། །རྡོ་རྗེ་དཔའ་བོ་རེ་བཟུང་སྟེ། །གདུལ་དཀའ་འདུལ་བ་ང་ཡིན་ན། །ཕྱག་ན་རྡོ་རྗེར་འགལ་བ་མེད། །དེ་ནི་དཔའ་བོ་དྲག་པོའི་རིགས། །དེ་གསུམ་རིགས་གསུམ་མགོན་པོ་ཉིད། །ཕྱོགས་སུ་མ་ཟད་དངོས་ཡིན་ནོ། །ཞེས་སོ། །

        དེ་ཡང་འབྲོམ་སྟོན་གྱིས་སྒྲིབ་སེལ་ཀུན་བཟང་སྤྱན་རས་གཟིགས་འཇམ་དབྱངས་ཕྱག་རྡོར་ལྔ་བོ་ངོ་བོ་གཅིག་ཏུ་གསུངས་པའི་དོན་ཡིན་པས། རྗེ་རིན་པོ་ཆེ་ཡང་དེ་དག་གི་སྤྲུལ་པ་ཡིན་པར་འགྱུར་རོ། །དེ་ལ་སྤྱིར་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་འགྲོ་བའི་དོན་དུ་མཁྱེན་པའི་ཡེ་ཤེས་ཀྱི་ཡོན་ཏན་ཐམས་ཅད་གཅིག་ཏུ་མཛད་པའི་སྤྲུལ་པ་ནི་འཇམ་པའི་དབྱངས་ཡིན་ཞིང་། རྗེ་ཉིད་འཇམ་དབྱངས་ཀྱི་སྤྲུལ་པ་ཡིན་པས་སངས་རྒྱས་ཀུན་གྱི་མཁྱེན་རབ་ཀྱི་ངོ་བོའོ། །དེ་བཞིན་དུ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེའི་རྣམ་འཕྲུལ་སྤྱན་རས་གཟིགས་དང་། མཐུ་སྟོབས་ནུས་པའི་རྣམ་འཕྲུལ་ཕྱག་རྡོར་ཡིན་ལ། རྗེ་ཉིད་དེ་དག་གི་སྤྲུལ་པ་ཡིན་པས་རིགས་གསུམ་མགོན་པོའི་རྣམ་འཕྲུལ་ཕྱོགས་བཅུའི་འཇིག་རྟེན་དུ་ཇི་སྙེད་ཡོད་པ་ཐམས་ཅད་རྗེ་འདིའི་སྤྲུལ་པ་ཡིན་ཞིང་། དོན་འདི་ཤེས་ནས་དད་གུས་ཀྱིས་རྗེ་རིན་པོ་ཆེ་ལ་གསོལ་བ་བཏབ་ན། སངས་རྒྱས་ཐམས་ཅད་ལ་མཆོད་ཅིང་གསོལ་བ་འདེབས་པ་དང་འདྲ་བའི་ཕན་ཡོན་འབྱུང་ཞིང་། སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབ་པར་འགྱུར་རོ། །དེས་ན་འཇམ་དབྱངས་ཀྱི་སློབ་མར་གསུངས་པ་དང་། མ་འོངས་པ་ན་འཚང་རྒྱ་བར་གསུངས་པ་སོགས་ནི་འགྲོ་བའི་དོན་དུ་ཚུལ་བསྟན་པ་ཡིན་གྱི། ངེས་པའི་དོན་དུ་ནི་སངས་རྒྱས་ཀུན་གྱི་སྤྲུལ་པ་ཡིན་པར་ཤེས་པར་བྱའོ། །

        རྗེ་འདི་ལོ་གང་གི་ཚེ་འཁྲུངས་པ་དང་། རྐྱེན་གང་གིས་འབྱོན་པ་སོགས་ལུང་བསྟན་པ་ནི། མ་གཅིག་ལབ་སྒྲོན་གྱིས། བཅོམ་ལྡན་འདས་ཀྱི་ཐུགས་ཀྱི་སྲས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་འཕྲིན་ལས་གཅིག་ཏུ་བསྡུས་པའི་སྲས། འཕགས་པ་འཇམ་པའི་དབྱངས་དེ་ཉིད་མེ་མོ་བྱ་ལ་སྐུ་འཁྲུངས། སངས་རྒྱས་ཀྱི་བསྟན་པའི་སྲོལ་བཏོད་དེ། སངས་རྒྱས་ཀྱི་བསྟན་པ་མཁའ་ལ་ཉི་མ་ཤར་བ་ལྟ་བུར་མཛད་ནས། བཤད་སྒྲུབ་ཀྱི་བསྟན་པ་མཐའ་ནས་རྒྱས་པར་མཛད་དོ། །ཞེས་དང་། བསོད་ནམས་རྒྱན་མས། མ་ཅིག་ལགས། དེ་འདྲ་བ་འབྱུང་བ་ད་ལྟ་འདི་ནས་ལོ་ཅི་ཙམ་ཡོད། སྙིགས་མ་དེའི་དུས་སུ་རྒྱལ་ཁྲིམས་དང་ཆོས་ཁྲིམས་ཉམས་ལ། སངས་རྒྱས་ཀྱི་བསྟན་པ་སྨག་ཏུ་གློག་འཁྱུག་པ་ཙམ་དེ་མ་ཅིག་རང་གི་ཐུགས་རྗེ་ཡིན་ནམ། ཅི་འདྲ་ཡིན། རྒྱུ་ཅི་ལས་འབྱུང་བ་ཡིན། དེ་དུས་ཀྱི་སྙིགས་མ་འབྱུང་བ་ལ་རྟགས་ཅི་འདྲ་བ་ཡོང་ལགས། ཞེས་ཞུས་པ་ལ། མ་ཅིག་གི་ཞལ་ནས། བུ་མོ་བཞི་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་བཤད་དོ། །     སྙིགས་མ་འདི་ནས་བཟུང་སྟེ་ལོ་བརྒྱ་ཕྲག་འདས་པ་ན་དཀྱིལ་དུ་ཕྱིན་ནོ། །སྙིགས་མ་དེའི་དུས་བསྟན་པ་དེ་གསལ་བར་བྱེད་པ་དེ་ནི་ང་མ་ཡིན་ནོ། །བསྟན་པ་དེ་གསལ་བར་བྱེད་པའི་སྐྱེས་བུ་དེ་ནི་ད་ལྟ་རྒྱ་གར་གྱི་པོ་ཏ་རིའི་ཤར་ལྷོའི་མཚམས་སུ་བཞུགས་ཤིང་སེམས་ཅན་གྱི་དོན་ལ་དཀའ་བ་མཛད་པའི་བྱང་ཆུབ་སེམས་དཔའ་དེ་ནི་ཆེས་དྲན་པ་དང་ལྡན་པ། ཁྱད་པར་ཤེས་རབ་དང་ལྡན་པ། ཁྱད་པར་སྙིང་སྟོབས་དང་ལྡན་པ་གཅིག་ཡིན་པ་དེས། རེས་འགའ་སྤྱན་རས་གཟིགས་ཀྱི་དབང་པོ་ལ་ཆོས་ཞུས། རེས་འགའ་མགོན་པོ་བྱམས་པ་ལ་ཆོས་ཞུས་པ། རེས་འགའ་མགོན་པོ་ཚེ་དཔག་མེད་ལ་ཆོས་ཞུ། རེས་འགའ་མགོན་པོ་འཇམ་དཔལ་ལ་ཆོས་ཞུ་བ། རེས་འགའ་ཀུ་ཀུ་རི་བ་རྣམས་ལ་ཆོས་ཞུ་བར་ནུས་པའི་སེམས་ཅན་གྱི་དོན་ལ་ཐུགས་བསྐྱེད་ཤིན་ཏུ་ཆེ་བ། སྤྱན་རས་གཟིགས་ཤིན་ཏུ་ཁྲོས་པའི་ནག་པོ་ཕྱག་དྲུག་པ་མགོན་པོ་ཆེན་པོ་ལ་སོགས་པའི་མགོན་རྣམས་བྲན་བཞིན་བཀའ་ལ་ཉན་ནས་བསྟན་པ་སྲུང་བའི་བྱང་ཆུབ་སེམས་དཔའ་དེ། སྙིགས་མ་དེའི་དུས་སུ་འདིར་བྱོན་ནས་དགེ་སློང་གི་ཆས་སུ་བཞུགས་ནས། སངས་རྒྱས་ཀྱི་བསྟན་པ་གསལ་བར་བྱེད་པ་ཡིན། དེའང་ཐུབ་པ་ཉིད་ཀྱི་ལུང་བསྟན་ཐོབ་པ་དང་། མགོན་པོ་ཚེ་དཔག་མེད་དང་། བྱམས་པ་ལ་སོགས་ཀྱིས་མངགས་པ་ཡིན་གྱི། རྒྱུ་རྐྱེན་ཡང་དེ་ལྟར་ཡིན་ནོ། །ཞེས་གསུངས་ཏེ། རྗེ་འདི་སྔོན་རྒྱལ་བ་དབང་པོའི་ཏོག་གི་དྲུང་དུ་མ་དག་པའི་ཞིང་གི་འགྲོ་བ་རྣམས་འདྲེན་པར་དམ་བཅས་པ་དང་། ཚེ་དཔག་མེད་དང་མགོན་པོ་བྱམས་པ་སོགས་ཀྱིས་མཐའ་འཁོབ་ཀྱི་འགྲོ་བ་རྣམས་ལ་བརྩེ་བས་འབྱོན་པར་བསྐུལ་བའི་རྐྱེན་གྱིས་བོད་དུ་བྱོན་ནས་བསྟན་པ་རིན་པོ་ཆེ་དར་བར་མཛད་པའི་ཆོས་ལུགས་དྲི་མ་མེད་པ་ནི་རྒྱ་ཆེར་འཕེལ་བཞིན་བཞུགས་པ་འདི་ཡིན་ནོ། །

        དེ་ལ་འདི་སྐད་ཅེས་བྱ་སྟེ། རྒྱལ་བ་དབང་པོའི་ཏོག་གི་དྲུང་དུ་ཡོངས་སུ་མ་དག་ཞིང་རྣམས་སུ། །ཟབ་མོ་དབུ་མའི་ལྟ་དང་འབྲེལ་བའི་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས། །ལུས་སྲོག་ལ་ཡང་ལྟོས་པ་མེད་པར་རྒྱས་པར་བྱ་ཞེས་དམ་བཅས་པ། །གང་དེའི་སྙིང་སྟོབས་ཆེན་པོའི་ཚད་ནི་སུས་ཀྱང་དཔོག་པར་ག་ལ་ནུས། །མཐོང་ཚད་མཐའ་དག་ཕྱིར་མི་ལྡོག་པའི་གནས་ལ་འགོད་ཕྱིར་མརྒད་མདོག །དཔག་མེད་ཡོན་ཏན་མཆོད་སྡོང་གཟུགས་སུ་སྤྲུལ་པའི་སེང་གེའི་ང་རོ་ཡི། །བསམ་གྱིས་མི་ཁྱབ་རྨད་བྱུང་མཛད་པའི་རྒྱུ་མཚན་ཡང་དག་ཤེས་བྱས་ཏེ། །སྙིང་ནས་དད་པས་གསོལ་འདེབས་སྨོན་ལམ་ཡང་ཡང་འདེབས་ན་དོན་ཀུན་འགྲུབ། །ཚངས་པའི་ལྷས་ཀྱང་དཔྱོད་པར་མི་ནུས་ཕུལ་བྱུང་མཁྱེན་རབ་ལྷག་བསམ་གྱིས། །བརྒྱ་རྩ་གཅིག་གི་ཤེལ་དཀར་ཕྲེང་བ་ཐུབ་དབང་མཆོག་ལ་ལེགས་ཕུལ་ནས། །མཐའ་འཁོབ་འགྲོ་བའི་དོན་དུ་སྨོན་ལམ་རྒྱ་ཆེར་བཏབ་པའི་དོན་བསམ་ན། །རང་ཅག་ཀུན་ལ་རྗེ་འདི་ལས་ལྷག་མགོན་སྐྱབས་གཞན་ཞིག་ག་ལ་ཡོད། །གང་དག་སངས་རྒྱས་གཅིག་གི་ཡོན་ཏན་ཚད་ཀྱང་དཔག་མེད་རྒྱ་ཆེ་ན། །ཕྱོགས་བཅུའི་སངས་རྒྱས་ཀུན་གྱི་ཡོན་ཏན་གཅིག་གྱུར་ཚད་ནི་སྨོས་ཅི་དགོས། །གང་ལ་གང་གིས་ཕན་པར་མཛད་པའི་གྲངས་མེད་སྤྲུལ་པའི་འཕྲིན་ལས་ལ། །དྲི་མེད་རིགས་པས་ཞིབ་ཏུ་དཔྱད་དེ་སྙིང་ནས་དད་གུས་བསྐྱེད་པར་འོས། །དགེ་བ་འདི་ཡིས་ཚེ་རབས་ཀུན་ཏུ་བདག །གང་གི་མཚན་ཡང་བསྐལ་པར་རྙེད་དཀའ་བ། །ཐེག་མཆོག་དགེ་བའི་བཤེས་ཁྱོད་ཞབས་ཀྱི་རྡུལ། །འབྲལ་མེད་གཙུག་ཕུད་གྱེན་དུ་བསྟེན་པར་ཤོག །རྗེ་ཐམས་ཅད་མཁྱེན་པ་ཙོང་ཁ་པ་ཆེན་པོའི་རྣམ་ཐར་གོ་སླ་བར་བརྗོད་པ་བདེ་ལེགས་ཀུན་གྱི་འབྱུང་གནས་ཞེས་བྱ་བ་ལས་སྐུ་ཚེ་སྔོན་མ་རྣམས་ཀྱི་རྣམ་ཐར་ལས་བརྩམས་ཏེ་ཅུང་ཟད་བསྟན་པའི་ལེའུ་སྟེ་དང་པོའོ།།

རྩོམ་སྒྲིག་པ། མང་ར་བ།
              གསལ་འདེབས།
                      རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                       དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།