རྗེའི་རྣམ་ཐར་ཆེན་མོ་ལས་སྐུ་ཚེ་སྔ་མ་རྣམས་ཀྱི་རྣམ་ཐར་ཅུང་ཟད་བསྟན་པ་བཞི་བ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-08-02 11:14:37     རྩོམ་པ་པོ།   ཆ་ཧར་དགེ་བཤེས།    ཀློག་ཐེངས།  

 

4175448ctad53fb6957f6&690.gif

                   

        ཡང་འཇམ་དཔལ་རྩ་རྒྱུད་ལས། འཇིག་རྟེན་ང་ནི་མྱ་ངན་འདས། །ས་ཡི་སྟེང་འདི་སྟོངས་པ་ན། །ཁྱོད་ཉིད་བྱིས་པའི་གཟུགས་ཅན་གྱིས། །སངས་རྒྱས་མཛད་པ་བྱེད་པར་འགྱུར། །དེ་ཚེ་དགོན་ཆེན་རབ་དགའ་བ། །ཁ་བ་ཅན་ན་ཡོད་པ་ཡིན། །ཞེས་གསུངས་ཏེ། ང་ནི་ཞེས་པ་སྟོན་པ་ཤཱཀྱ་ཐུབ་པའོ། །ཁྱོད་ཅེས་པ་ནི་འཇམ་པའི་དབྱངས་ཏེ། བྱིས་པའི་གཟུགས་འཛིན་པ་ནི་རྗེ་ཙོང་ཁ་པར་འགྱུར་བའི་དོན་ནོ། །སངས་རྒྱས་ཀྱི་མཛད་པ་བྱེད་ཅེས་པ་ནི། རྗེ་རིན་པོ་ཆེས་བོད་ཡུལ་དུ་སྔར་མ་བྱུང་བའི་དམ་པའི་ཆོས་གསར་དུ་ཕྱེ་བ་དང་། སྔར་ནས་ཡོད་ཀྱང་ནོར་བ་དང་ལྷག་ཆད་བྱུང་བ་རྣམས་དག་པར་མཛད་པ་དང་། སྔོན་དུས་བྱུང་བ་རྣམས་ནུབ་ནས་མེད་པར་གྱུར་པ་རྣམས་ལེགས་པར་གསོས་པ་དང་། བསྟན་པ་དྲི་མ་མེད་པ་ཡུན་རིང་དུ་གནས་པའི་ཕྱིར་ཆོས་མང་པོ་བརྩམས་པ་དང་དགོན་སྡེ་བཙུགས་པ་སོགས་བསྟན་འགྲོའི་དོན་དཔག་ཏུ་མེད་པ་མཛད་པས་དོན་འདི་བསྟན་པའོ། །དགོན་ཆེན་རབ་དགའ་ནི་དགའ་ལྡན་གྱི་གླིང་ངོ་། །ཁ་བ་ཅན་ནི་བོད་ཀྱི་ཡུལ་ལོ། །

        སྤྱིར་བོད་དུ་སྐྱེས་ཆེན་དམ་པ་མང་དུ་བྱུང་ཡང་དེ་དག་གི་ཆོས་ཀྱི་ལུགས་སྲོལ་ཅུང་ཟད་དེ་བྱུང་བ་མ་གཏོགས། ཆོས་ཤིན་ཏུ་དར་བ་མ་བྱུང་། རྗེ་ཙོང་ཁ་པའི་བསྟན་པ་ནི་ནུབ་ཕྱོགས་རྒྱ་གར་གྱི་ཡུལ་ནས་ཚུར་ཤར་ཕྱོགས་རྒྱ་མཚོའི་མཐའི་བར་དུ་དར་བ་ཡིན་ལ། ས་སྟེང་འདི་ན་ཞྭ་སེར་གྱི་བསྟན་པའི་དགོན་པ་ལྷ་ཁང་དང་། འདུས་སྡེ་དགེ་འདུན་ཇི་སྙེད་ཡོད་པ་ལ་བརྟགས་ན་རྗེའི་མཛད་པ་འཕྲིན་ལས་ཚད་མེད་པ་གོ་བར་འགྱུར་རོ། ། བཀའ་གདམས་གླེགས་བམ་ནོར་བུའི་ཕྲེང་བའི་ནང་གི་རྒྱལ་བུ་དཀོན་མཆོག་འབངས་ཀྱི་སྐྱེས་རབས་ལས། འདི་ནས་སྐྱེ་བ་གཞན་གྱིས་མ་ཆོད་པར། །བོད་ཁམས་མགོན་མེད་ཡུལ་དུ་ཐུགས་རྗེས་སོང་། །བོད་ནི་རྒྱལ་པོ་དག་ལ་ཚད་མར་འཛིན། །མི་དབང་མཛོད་ལ་བོད་ཁམས་བདེ་བར་སྐྱོངས། །ཨུ་རྒྱན་གནས་སུ་ཇི་སྐད་སྨྲས་པ་བཞིན། །བདག་ཀྱང་གནས་དེར་ལྷ་འདྲེ་འདུལ་དུ་འགྲོ། །སྤྲུལ་པ་གཅིག་ནི་རྒྱ་ནག་ཡུལ་དུ་འགྲོ། །སྤྲུལ་པ་གཅིག་ནི་བལ་པོའི་མཐིལ་དུ་འགྲོ། །སྤྲུལ་པ་གཅིག་ནི་མདོ་ཁམས་སྨད་དུ་འགྲོ། །སྤྲུལ་པ་གཅིག་ནི་རྒྱ་གར་གནས་ཆེན་འགྲིམ། །དགེ་སློང་ང་ལ་བདེན་པ་ཡོད་མེད་ཀྱང་། །མི་དབང་ཁྱོད་ཀྱི་གྲོགས་བྱེད་རྟག་ཏུ་དགེ། །འདི་ནི་འཇིག་རྟེན་དགེ་བའི་ལུང་བསྟན་ཡིན། །ཞེས་པ་སྟེ་དཀོན་མཆོག་འབངས་བོད་ཀྱི་རྒྱལ་པོར་གྱུར་པ་ནི་རྗེ་སྲོང་བཙན་སྒམ་པོའོ། །བླ་མ་དྲི་མེད་ཀྱི་སྤྲུལ་པ་གཅིག་ལྷ་འདྲེ་འདུལ་བ་ནི་སློབ་དཔོན་པདྨ་འབྱུང་གནས་ཏེ། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་བོད་དུ་བྱོན། བོད་ཀྱི་ཡུལ་ལྷ་རྒྱལ་པོ་སྐུ་ལྔ་སོགས་དང་། གཞི་བདག་རྨ་ཆེན་སྤོམ་ར་དང་ཡར་ལྷ་ཤམ་པོ་སོགས་བཏུལ་ནས་དམ་ལ་བཏགས་པ་ཡིན། སྤྲུལ་པ་གཅིག་མདོ་སྨད་དུ་འགྲོ་བ་ནི་རྗེ་རིན་པོ་ཆེ་ཡིན། བལ་བོའི་མཐིལ་དུ་འགྲོ་བ་ནི་པཎྜི་ཏ་པདྨ་བཛྲ་ཡིན་པར་འཁོན་སྟོན་གྱིས་མཛད་པའི་རྡོ་རྗེ་འཇིགས་བྱེད་ཀྱི་ཆོས་འབྱུང་སོགས་ལས་གསུངས་ཀྱང་།

        རྗེའི་རྣམ་ཐར་ལེགས་བཤད་ཉིན་བྱེད་ལས། འདི་ཡི་བལ་ཡུལ་དུ་འཁྲུངས་པ་དེ་རྗེ་དགེ་འདུན་གྲུབ་ཀྱི་སྐུ་སྔ་མ་པཎ་ཆེན་པདྨ་བཛྲ་ཡིན་པར་བཞེད་པ་མང་ནའང་། དེའི་ཚིག་གོང་འོག་གཉིས་ཀྱི་བསྟན་བྱ་ཇོ་བོ་ཆེན་པོ་དང་རྗེ་འདི་གཉིས་རྒྱ་གར་དང་མདོ་སྨད་དུ་འཁྲུངས་ཀྱང་། དབུས་གཙང་གི་ལྗོངས་སུ་བྱོན་ནས་བསྟན་པ་ཉིན་མོ་ལྟར་གསལ་བར་མཛད་པ་བཞིན། བལ་ཡུལ་དུ་འཁྲུངས་ནས་དབུས་གཙང་གི་ལྗོངས་འདིར་བྱོན་ཏེ་བསྟན་པ་རིན་པོ་ཆེ་ཤིན་ཏུ་རྒྱས་པར་མཛད་པ་ཞིག་འོང་ངམ་སྙམ་ལ། འདི་བླ་མ་དྲི་མ་མེད་པ་རང་གི་སྤྲུལ་པ་འཆད་པའི་སྐབས་ཡིན་ཅིང་། པཎ་ཆེན་པདྨ་བཛྲ་དེ་འབྲོམ་སྟོན་པ་ནས་བརྒྱུད་དཀོན་མཆོག་འབངས་ཀྱི་སྤྲུལ་པར་བྱ་དགོས་པས་སྤྲུལ་གཞི་འཆད་པའི་སྐབས་ཀྱང་མི་འགྲིག་ལ། བསྟན་འགྲོའི་དོན་མཛད་པའི་གྲགས་པ་ཡང་བལ་བོད་ཀུན་ཏུ་ཆུང་བའི་ཕྱིར་རོ་སྙམ་དུ་སེམས་ཏེ་བློ་གྲོས་ཅན་རྣམས་ཀྱིས་ཞིབ་མོར་དཔྱོད་ཅིག །ཅེས་གསུངས་སོ། །

        རྒྱ་ནག་ཏུ་འགྲོ་བ་ལ་བཤད་པ་མ་མཐོང་ལ། རི་བོ་རྩེ་ལྔར་རྗེ་བཙུན་གྱི་སྤྲུལ་པ་མང་དུ་བྱུང་བར་རྩེ་ལྔའི་དཀར་ཆག་སོགས་ལས་བཤད་པས་དེ་ལྟ་བུ་ཞིག་ལ་བྱའམ་དཔྱད་པར་བྱའོ། ། རྒྱ་གར་གནས་ཆེན་འགྲིམ་པ་ནི་ཇོ་བོ་ཨ་ཏི་ཤ་སྟེ། བླ་མ་མང་པོ་ལས་ཆོས་གསན་པ་སོགས་ཀྱི་ཆེད་དུ་གནས་དུ་མར་འབྱོན་པ་ལུང་བསྟན་པའོ། །དེས་ན་ནོར་བུའི་ཕྲེང་བ་དང་ཁུ་བྱུག་ཟླ་བའི་རྟོགས་བརྗོད་སོགས་ལས་གསུངས་པའི་བླ་མ་དཔལ་ལྡན་དྲི་མེད། སློབ་དཔོན་པདྨ་འབྱུང་གནས། ཇོ་བོ་ཨ་ཏི་ཤ རྗེ་ཙོང་ཁ་པ་རྣམས་ཐུགས་རྒྱུད་གཅིག་པར་པཎ་ཆེན་རིན་པོ་ཆེས་གསུངས་སོ། །

        གོང་དུ་བཤད་པའི་ཨུ་རྒྱན་གནས་སུ་སྨྲས་པ་ནི། དཀོན་མཆོག་འབངས་ཨུ་རྒྱན་དུ་བྱོན་པའི་དུས་སུ། བླ་མའི་ཞལ་ནས། འདི་ནས་ཤར་ཕྱོགས་ན་རྡོ་རྗེ་གདན་ཞེས་བྱ་བ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་པའི་གནས་ཡོད། དེའི་བྱང་ཕྱོགས་ན་བོད་ཁ་བ་ཅན་གྱི་རྒྱལ་ཁམས་ཞེས་བྱ་བ་མཐའ་འཁོབ་ཀྱི་ཡུལ་ཆེན་པོ་བྱམས་པ་དང་སྙིང་རྗེ་དང་བྲལ་བའི་མི་མ་ཡིན་དྲག་པོ་དཔག་ཏུ་མེད་པ་ཡོད་པས། དེ་ན་གནས་པའི་སེམས་ཅན་ཐམས་ཅད་ངན་སོང་གསུམ་དུ་སྐྱུར་བར་བྱེད་པས། དེང་སང་བོད་ཁམས་དེར་བདག་གི་སྤྲུལ་པ་མཐུ་དང་ལྡན་པ་ཞིག་བཏང་ལ། སྔོན་ལ་མི་མ་ཡིན་དྲག་པོ་དེ་དག་བཏུལ་ཏེ་གནོད་འཚེ་དང་གདུག་རྩུབ་ཞི་བར་བྱ། སྐྱེ་བོ་ཐམས་ཅད་ཀྱང་བདེ་སྐྱིད་དང་བཀྲ་ཤིས་པར་བྱའོ། །ཁྱོད་ཀྱིས་དེའི་སྔོན་དུ་སྤྲུལ་པའི་རྒྱལ་པོ་ཞིག་ཐོང་ལ་བོད་ཁམས་ཀྱིས་སེམས་ཅན་དེ་དག་ཡོངས་སུ་དྲོངས། སྤྲུལ་པ་མང་པོ་ཡང་ཕྱེ། རྒྱ་ནག་དང་བལ་པོའི་ཡུལ་ན་དེ་བཞིན་གཤེགས་པའི་སྤྲུལ་པ་དངོས་ཡོད་པས་གནས་དེར་སྤྱན་དྲོངས། བོད་ཁམས་དེ་འཇིགས་པ་ཆེ་བས་ལྷ་མོ་ཞི་ཁྲོ་གཉིས་སྤྱན་དྲོངས། འཇིགས་པ་བརྒྱད་ལས་སྐྱོབ་པར་བྱེད་ཅིང་། དེ་ནས་ཡུལ་དབུས་སུ་གྱུར་ནས་སྐྱེ་བོ་ཕལ་ལ་དད་པ་སྐྱེས་ཏེ་གདམས་ངག་བསྟན་དུ་བཏུབ་པའི་དུས་སུ། བྱང་ཕྱོགས་དེ་ནས་བྱང་ཕྱོགས་སུ། བོད་ན་རིགས་བཙུན་པར་གྲགས་པ་ཐམས་ཅད་ཀྱིས་བཀུར་བ་ཞིག་ཏུ་ཁྱེད་ཀྱིས་ལུས་བླངས་ཏེ། ཁྱེད་ཀྱིས་བྱིན་གྱིས་བརླབས་པའི་སྤྲུལ་པ་ཞིག རྒྱ་གར་ནས་ང་སྤྱན་འདྲེན་དུ་ཐོང་། གཟོད་མི་རྣམས་གནས་སྐབས་དང་མཐར་ཐུག་གི་བདེ་བ་ལ་དགོད་པར་བྱའོ། །ཞེས་གསུངས་པ་འདི་ཡིན་ལ།

        བཀའ་གདམས་གླེགས་བམ་གྱི་དཀོན་མཆོག་འབངས་ཀྱི་སྐྱེས་རབས་ན་གསལ་བར་ཡོད་དོ། ། སྟག་ཕུ་བ་བློ་བཟང་བསྟན་པའི་རྒྱལ་མཚན་གྱིས་མངོན་ཤེས་ཀྱིས་གཟིགས་ནས་གསུངས་པ་ཁུ་བྱུག་ཟླ་བའི་རྟོགས་བརྗོད་ལས། ཁོ་བོའི་སྤྲུལ་པའི་ཟློས་གར་མཆོག །གནས་དེར་མང་འབྱུང་འདི་ལྟ་སྟེ། །ཤར་ནས་བློ་གྲོས་བཟང་པོར་(༧རྗེ་རིན་པོ་ཆེ་ཙོང་ཁ་པ།)གྲགས། །ལྷོ་ནས་བསོད་ནམས་(༡སྒམ་པོ་པ།)རིན་ཆེན་འཛིན། །ནུབ་ཏུ་ཀུན་(༩ས་པཎ།)དགའི་རྒྱལ་མཚན་སྒྲིགས། །བྱང་དུ་(པ་ཚབ་ལོ་ཙྪ་བ་)ཉི་མ་འོད་ཟེར་གྲགས། །དེ་སོགས་གྲངས་ལས་འདས་པ་ཡིས། །མཐའ་ཡས་འགྲོ་ལ་ཕན་པ་དང་། །བསྟན་པ་རིན་ཆེན་སྤེལ་བར་བྱེད། །ཅེས་བླ་མ་དྲི་མེད་ཀྱིས་ལུང་བསྟན་མཛད་པས་གསུངས། །

        པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཡེ་ཤེས་ཀྱིས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་འགྲེལ་པ་ལས། རྗེ་རིན་པོ་ཆེ་འདི་ཉིད་ཚོང་དཔོན་གྱི་བུ་གཞོན་ནུ་ནོར་བཟང་གི་སྐྱེ་བ་རིམ་པར་བརྒྱུད་པ་མང་པ་ཆོས་ཀྱི་དབང་ཕྱུག་ནས། ཀུན་མཁྱེན་མཚོ་སྣ་པ་དང་། རྗེའི་སྐུ་ཚེ་སྔོན་མ་ལ་ཆེ་གྲིབ་སྟན་དུ་པཎྜི་ཏ་མ་ཏི་བྷ་དྲར་སྐུའི་སྐྱེ་བ་བཞེས་པ་སོགས་ཡིན་ཏེ། ཀུན་མཁྱེན་ཆོས་སྐྱབས་བཟང་པོས་ཀུན་མཁྱེན་མཚོ་སྣ་བའི་རྣམ་ཐར་གསོལ་འདེབས་མཛད་པ་ལས། ནོར་བཟང་དཔའ་བོ་ཤར་ཕྱོགས་ཙོང་ཁ་སོགས། །སྤྲུལ་སྐུས་འགྲོ་དོན་མཛད་པ་ལྷག་པར་གསལ། །ཞེས་ལུང་དང་བཅས་གསུངས་པས་སྡོང་བོ་བཀོད་པའི་མདོ་སོགས་ལས་གསུངས་པའི་བྱང་ཆུབ་སེམས་དཔའ་གཞོན་ནུ་ནོར་བཟང་། རྒྱ་གར་གྱི་སློབ་དཔོན་དཔའ་བོ། བོད་ཀྱི་མཚོ་སྣ་བ་ཤེས་རབ་བཟང་པོ་རྣམས་ཀྱང་རྗེའི་སྐུ་སྔོན་མ་ཡིན་པར་སྣང་ངོ་། །

                                                         རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས། 
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
             དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།