རྗེའི་རྣམ་ཐར་ཆེན་མོ་ལས་སྐུ་ཚེ་སྔ་མ་རྣམས་ཀྱི་རྣམ་ཐར་ཅུང་ཟད་བསྟན་པ་གསུམ་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-07-30 21:31:43     རྩོམ་པ་པོ།   ཆ་ཧར་དགེ་བཤེས།    ཀློག་ཐེངས།  

  

4175448ctad53fb6957f6&690.gif

                  

        གོང་དུ་བརྗོད་པ་ལྟར། སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཤེལ་དཀར་གྱི་ཕྲེང་བ་བརྒྱ་རྩ་གཅིག་ཕུལ་བ་ནི་དགོས་པ་ཤིན་ཏུ་ཆེ་བ་ཡིན་ཏེ། དེ་ཡང་གྲངས་བརྒྱས་རྗེ་རིན་པོ་ཆེས་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པའི་དགོས་པ་ཡོད། དེའི་སྟེང་དུ་གཅིག་ལྷག་པས་འཕྲིན་ལས་མཚུངས་པ་མེད་པར་འགྱུར་བའི་དགོས་པ་ཡོད། མདོག་དཀར་པོས་རྗེའི་བསྟན་པ་ལ་ནོར་འཁྲུལ་གྱི་དྲི་མ་མེད་པར་འགྱུར། ཤེལ་གྱིས་རྗེའི་བསྟན་པ་དང་བསྟན་འཛིན་རྣམས་ལ་གཞན་གྱི་གནོད་པས་མི་ཚུགས། ཕྲེང་བར་བྱས་པས་བསྟན་པ་ཡུན་རིང་དུ་གནས་ཤིང་ཕྱོགས་ཀུན་ཏུ་དར་བའི་དགོས་པ་ཡོད་དོ། །དེ་ལྟར་དུ་འགྱུར་བ་ནི་རྗེའི་ལྷག་བསམ་སྨོན་ལམ་དང་། སྟོན་པའི་ཐུགས་རྗེ་བྱིན་རླབས་ཀྱི་མཐུ་ཚོགས་པ་ལས་བྱུང་བ་ཡིན་ནོ། །འདིས་མཚོན་ནས་རྗེའི་མཛད་པའི་ཆ་ཤིན་ཏུ་ཕྲ་བ་རྣམས་ལའང་བསྟན་འགྲོར་ཕན་པའི་དགོས་དོན་ཆེན་པོ་ཡོད་པ་ཡིན་པས། བློ་ལྡན་རྣམས་ཀྱིས་ཞིབ་ཏུ་དཔྱད་པར་བྱའོ། །པདྨའི་ངང་ལྡན་ནས་རྗེ་རིན་པོ་ཆེའི་བར་དུ། དུས་མཉམ་པའི་སྤྲུལ་པ་མ་བགྲངས་པར། རིམ་བཞིན་དུ་སྤྲུལ་པའི་འཁྲུངས་རབས་བརྩི་ན་སྐུའི་སྐྱེ་བ་བཅུ་བདུན་སོང་བར་སྣང་ངོ་། །

        དེ་ཡང་བླ་མ་དབུ་མ་པས་འཇམ་པའི་དབྱངས་ལ་རྗེ་འདིའི་འཁྲུངས་རབས་ཞུས་པས། འཇམ་དབྱངས་ཀྱིས། རྗེ་འདི་སྟོན་པ་སངས་རྒྱས་ལ་མཇལ་བ་ནས་ད་ལྟའི་བར་སྐྱེ་བ་བཅུ་བདུན་སོང་། དེའི་ནང་ནས་རྒྱ་གར་དུ་སྐྱེ་བ་གསུམ་དུ་པཎྜི་ཏ་ཆེ་བའི་རྣམ་པར་བྱོན། སྐྱེ་བ་གཉིས་ལ་པཎྜི་ཏ་ཆུང་བར་གྱུར། བོད་དུ་སྐུ་འདིའི་སྔ་རོལ་སྐྱེ་བ་གསུམ་དུ་དགེ་བའི་བཤེས་གཉེན་གྱི་རྣམ་པར་སྤྲུལ་པ་ལས་གཅིག་ནི་པཎྜི་ཏར་བགྲང་དུ་རུང་ཞིང་། བསྟན་པ་ལ་ཕན་ཐོགས་ཆེན་པོ་བྱུང་གསུངས། བསྟན་པ་ལ་ཕན་པའི་སྤྲུལ་པ་དེ་ཤེས་པའི་ཕྱིར་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་གྱིས་ཐུགས་དམ་ལ་བརྟགས་ནས། ལོ་ཙཱ་བ་ཆེན་པོ་བློ་ལྡན་ཤེས་རབ་ཡིན་པར་གསུངས་འདུག ཡང་ནམ་མཁའ་རྒྱལ་མཚན་པས་ཕྱག་ན་རྡོ་རྗེ་ལ་རྗེ་འདིའི་སྐྱེ་བ་སྔ་མ་གང་ཡིན་ཞུས་པས། སྐྱེ་བ་འདིའི་གོང་དུ་ཁ་ཆེ་ཁྲི་བརྟན་གྱི་ཡུལ་དུ་པཎྜི་ཏ་མ་ཊི་བྷ་དྲ་ཤྲི་ཞེས་པར་གྱུར་ཅིང་། ཡོན་ཏན་ཕུན་སུམ་ཚོགས་པའི་འཁོར་ལྔ་བརྒྱ་འདུས་པ་ཡིན་གསུང་ངོ་། །

        འདིར་ལེགས་བཤད་ཉིན་བྱེད་ལས། རྒྱ་གར་གྱི་པཎྜི་ཏ་ཆེ་བ་གསུམ་ནི་དགྲ་བཅོམ་པ་ཉེ་བར་འཁོར་དང་། ཉེ་སྦས་དང་། འཕགས་པ་ཀླུ་སྒྲུབ་གསུམ་ཡིན་ནམ་སྙམ་མོ། །ཞེས་གསུངས།བློ་ལྡན་ཤེས་རབ་ནི་དེ་ཉིད་ལས། ལོ་ཆེན་འདི་རྔོག་ལེགས་པའི་ཤེས་རབ་ཀྱི་ནུ་བོ་ཆོས་སྐྱབས་ཀྱི་སྲས་སུ་འཁྲུངས། ཁུ་བོས་རབ་ཏུ་བྱུང་ཞིང་མཚན་བཏགས། འགྲེལ་བ་དོན་གསལ་ཉིན་གཅིག་ལ་ཟིན། རྭ་ལོ། གཉན་ལོ། བཙན་ཁ་བོ་ཆེ། རྔོག་སྟོན། ཁྱུང་པོ་ཆོས་བརྩོན་རྣམས་དང་འགྲོགས་ཏེ་རྒྱ་གར་དུ་བྱོན། རྒྱ་གར་དང་ཁ་ཆེའི་ཡུལ་གྱི་མཁས་པ་རྣམས་ཀྱི་ཞབས་དྲུང་དུ་བསྙེགས། ལུས་སྲོག་ཡལ་བར་བོར་ཏེ་སློབ་སྦྱོང་བྱས། ཊོམྦི་ཧེ་རུ་ཀས་མཁའ་སྤྱོད་དུ་ཁྲིད་ཀྱང་བོད་ཀྱི་སེམས་ཅན་ལ་དགོངས་ནས་མ་ཕེབས། ལོ་ཙྪ་བ་རྣམས་ཀྱི་ནང་ནས་ཆོས་བསྒྱུར་བ་ལ་མང་བར་གྲགས་ཤིང་བོད་དུ་ཆོས་གསུངས་པའི་ཚེ་སློབ་མ་སངས་རྒྱས་ཀྱི་འཁོར་འདུས་པ་ཆེན་པོ་ཙམ་དུས་རྒྱུན་དུ་འབྱུང་བར་གྲགས། བཀའ་བསྟན་འགྱུར་ཡོངས་རྫོགས་ཐུགས་ལ་བཞུགས་པ་དང་། རྗེ་འདི་བྱོན་སར་བྱ་དང་བྱེའུ་རྣམས་སྲོག་ཆགས་མི་གསོད་པ་སོགས་ཤིན་ཏུ་ངོ་མཚར་ཆེ་ཞིང་སྟོན་པས་ལུང་བསྟན་པའི་སྐྱེས་བུ་ཆེན་པོ་ཡིན་ནོ། །ཞེས་གསུངས་སོ། ། ད་ནི་རྗེ་འདི་ལུང་བསྟན་པའི་གསུང་གི་རིགས་ཅུང་ཟད་བརྗོད་པར་བྱའོ། །དེ་ཡང་སྟོན་པ་སངས་རྒྱས་མྱ་ངན་ལས་འདའ་བའི་དུས་སུ་འོད་སྲུངས་ཆེན་པོ་དང་ཀུན་དགའ་བོ་སོགས་འཁོར་མང་པོ་ལ་གསུངས་པ་མདོ་སྡེ་གདམས་ངག་འབོགས་པའི་རྒྱལ་པོ་ཞེས་བྱ་བ་ལས། ད་ལྟ་ང་ལ་ཤེལ་དཀར་གྱི། །ཕྲེང་བ་སྟེར་བའི་ཁྱེའུ་འདི། །ང་ཡི་བསྟན་པ་གསོ་བྱེད་དུ། །མ་འོངས་སྙིགས་མའི་དུས་སུ་ནི། །འབྲི་དང་ལྡན་གྱི་ས་མཚམས་སུ། །དགེ་ཞེས་བྱ་བའི་དགོན་པ་འདེབས། །བློ་བཟང་ཞེས་བྱའི་མིང་ཅན་འབྱུང་། །འཁོར་ནི་རྣམ་མང་བསྡུ་བར་བྱེད། །ཆོས་སྤྱོད་བཅུ་ཡི་རྒྱུན་འཛུགས་ཤིང་། །ལྷ་ཁང་ཀ་བ་ཤིང་ལོ་ཅན། །ང་ཡི་གཟུགས་སྐུ་རྣམ་གཉིས་ལ། །དབུ་རྒྱན་འབུལ་ཞིང་མཆོད་པ་བྱེད། །སྟོན་པའི་མདོ་བཞིན་གསུང་སྒྲོག་ཅིང་། །སྙན་པའི་དབྱངས་གྱིས་གསོལ་བ་འདེབས། །ང་ལ་གསོལ་བ་རབ་བཏབ་ནས། །བསྟན་པ་ལོ་སྟོང་བར་དུ་གནས། །དེ་ནས་འཕོས་ནས་ཤར་ཕྱོགས་སུ། །རྨད་བྱུང་བཀོད་པའི་ཞིང་ཁམས་སུ། །སེངྒེའི་ང་རོ་ཞེས་བྱ་བའི། །རྒྱལ་བ་དེ་བཞིན་གཤེགས་པར་འགྱུར། །དེ་ལ་དད་བྱེད་ཞིང་དེར་སྐྱེ། །ཞིང་མཆོག་དེ་ནི་ཁྱད་པར་འཕགས། །ཞེས་གསུངས་ཤིང་། ཤེལ་ཕྲེང་ཕུལ་བའི་ཁྱེའུ་ནི་སྔར་བཤད་པའི་བྲམ་ཟེའི་ཁྱེའུ་ཡིན། འབྲི་ཞེས་པ་ནི་འབྲི་ཁུང་ངོ་། །ལྡན་ཞེས་པ་ནི་ལྷ་སའི་ཇོ་བོའི་བཞུགས་གནས་ལ་ལྷ་ལྡན་ཟེར་བས་དེའི་མིང་ངོ་། །ཡང་ལྡན་ཞེས་པའི་དོན་སྐྱིད་ཤོད་ལྡན་ཡིན་པར་གསུངས་པ་ཡོད་ཀྱང་གནས་གཅིག་ཡིན་པས་ཁྱད་པར་མེད་དོ། །དེ་གཉིས་ཀྱི་བར་དུ་དགེ་བ་ཞེས་པའི་དགོན་པ་ནི་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ཡིན། ལྷ་ཁང་ཀ་བ་ཤིང་ལོ་ཅན་ནི་ལྷ་སའི་ཇོ་བོའི་ལྷ་ཁང་ཡིན། སྐུ་གཟུགས་རྣམ་གཉིས་ནི་ཇོ་བོ་ཆེ་ཆུང་གཉིས་ཡིན། དབུ་རྒྱན་འབུལ་བ་སོགས་ནི་རྗེ་རིན་པོ་ཆེས་ལྷ་སའི་སྨོན་ལམ་ཆེན་མོ་གསར་དུ་འཛུགས་པའི་ཚེ་ཇོ་བོ་ལ་རིན་པོ་ཆེའི་དབུ་རྒྱན་ཕུལ་བ་སོགས་མཆོད་པའི་ཚོགས་རྒྱ་ཆེན་པོས་མཆོད་པ་དེ་ཡིན། མདོ་བཞིན་གསུང་སྒྲོག་པ་ནི། རྗེ་མ་བྱོན་གོང་དུ་བོད་དུ་སངས་རྒྱས་ཀྱི་བཀའ་ལ་སྔགས་པ་བོན་པོའི་ཆོས་བསྲེས་པ་དང་། ཁ་ཅིག་རང་བཟོས་ཁུངས་མེད་པའི་ལུགས་སྲོལ་བཏོད་པ་སོགས་ལྷད་སྣ་ཚོགས་བྱུང་བ་ལས། རྗེ་འདིས་ལོག་ཆོས་དེ་དག་ཐམས་ཅད་ལེགས་པར་བསལ་ནས། དྲི་མ་མེད་པའི་ཆོས་ལུགས་དར་བར་མཛད་པས་དེ་བསྟན་པའོ། །གཞན་གོ་སླ་ཞིང་།

        ཇོ་བོའི་ལྷ་ཁང་ལ་ཤིང་ལོ་ཅན་ཞེས་པ་ནི། ལྷ་ཁང་གི་ཀ་བ་ལ་ཤིང་ལོ་ཅན་དང་སྦྲུལ་མགོ་ཅན་དང་སེང་གེའི་མགོ་ཅན་སོགས་ཀ་བ་རྟགས་ཅན་མང་དུ་ཡོད་པ་ལས། ཀ་བ་གཅིག་གི་རྟགས་ཀྱིས་གསུངས་པ་སྟེ། དེ་ཡང་རྟགས་བྱས་པའི་རྒྱུ་མཚན་ནི། མཁོ་དགུ་འདུ་བའི་ཕྱིར་ཤིང་ལོ་ཅན་གྱི་དྲུང་དུ་རིན་པོ་ཆེའི་གཏེར་སྦས་པ་ཡིན། དམག་འཁྲུག་དང་གདོན་བགེགས་ཀྱིས་མི་འཚེ་བའི་ཕྱིར་སྦྲུལ་མགོ་ཅན་གྱི་དྲུང་དུ་དྲག་སྔགས་ཀྱི་གཏེར་སྦས་པ་ཡིན། ནོར་ཕྱུགས་དང་བཟའ་བཏུང་གི་བཅུད་འཕེལ་བའི་ཕྱིར་ཀ་བ་སེང་མགོ་ཅན་གྱི་དྲུང་དུ་གཡང་གི་གཏེར་སྦས་པ་ཡིན་པས་དེ་དག་ཤེས་པའི་རྟགས་དང་། རྒྱུ་མཚན་གཞན་ཡང་ཡོད་དོ། ། 

                                                              རྩོམ་སྒྲིག་པ། མང་ར་བ།
         གསལ་འདེབས། 
               རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
               དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།