རྗེའི་རྣམ་ཐར་ཆེན་མོ་ལས་སྐུ་ཚེ་སྔོན་མ་རྣམས་ཀྱི་རྣམ་ཐར་ཅུང་ཟད་བསྟན་པ་གཉིས་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-07-30 21:24:32     རྩོམ་པ་པོ།   ཆ་ཧར་དགེ་བཤེས།    ཀློག་ཐེངས།  

   

4175448ctad53fb6957f6&690.gif

    

        དེ་ལྟ་མོད་ཀྱི་ཚུལ་དེ་ནི་སྐྱེ་བོ་ཕལ་མོ་ཆེ་དག་གིས་བསམ་པར་བྱ་དཀའ་བའི་གནས་ཡིན་པའི་ཕྱིར་དང་། བདག་ཅག་དད་པ་དང་བསམ་པའི་སྟོབས་དམན་པ་དག་གི་རང་བཞིན་དང་སྐལ་བ་ཇི་ལྟ་བུ་ཡིན་པ་ཉེ་བར་གཟིགས་པའི་དབང་གིས་བདག་ཉིད་ཀྱང་དོན་འདི་ཞལ་གྱིས་འཆེས་པར་མི་མཛད་པའི་ཕྱིར། གནས་འདི་ནི་བསྙད་པར་བགྱི་བར་མི་ནུས་སོ། །དེ་ལྟ་ན་ཡང་འདི་ཉིད་བྱང་ཆུབ་སེམས་དཔའ་ལམ་ལ་སློབ་པའི་ཚུལ་ཉེ་བར་བཟུང་ནས་དོན་མཛད་ཅིང་ཕན་པ་མཛད་པའི་ཡོངས་སུ་སྤྱོད་པ་དག་གི་ཕུལ་དུ་བྱུང་བའི་ཡོན་ཏན་གྱི་མཐའ་ཡང་། བདག་ཅག་སའི་དབང་ཕྱུག་མ་ཐོབ་པ་དག་གིས་ནི། ཕྱོགས་ཙམ་ཞིག་གཞལ་བར་བྱ་བའི་རྔོ་ཡང་མི་ཐོགས་མོད་ཀྱི། རེ་ཞིག་གདུལ་བྱ་དམན་པ་དག་ལ་ཡང་ཐུན་མོང་དུ་སྣང་བ་ཙམ་གྱི་མཛད་པ་ཉིད་ལ་ཉེ་བར་བརྟེན་ནས། བདག་ཉིད་ཀྱིས་ཁོང་དུ་ཆུད་པའི་རྣམ་པར་ཐར་བའི་ཆ་ཤས་འགའ་ཞིག་དད་པའི་སོར་མོ་ལན་ཅིག་མིན་པར་བསྐྱོད་པའི་འདུ་བྱེད་ཀྱིས། གཏམ་དུ་བྱ་བའི་མེ་ཏོག་གི་ཕྲེང་བར་བརྒྱུས་ཏེ་སྐལ་བཟང་སྐྱེ་བོ་དག་གི་རྣ་བ་ལ་དགོད་པར་བྱའོ། །ཞེས་གསུངས་པ་དང་།
        ཡང་རྗེ་འདིའི་གསང་བའི་རྣམ་ཐར་རིན་པོ་ཆེའི་སྙེ་མ་ཞེས་བྱ་བ་ལས། ཐུན་མོང་མ་ཡིན་པའི་རྣམ་པར་ཐར་པ་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་བླ་ན་མེད་པ། བློ་མཆོག་ཏུ་གྱུར་པ་དག་གིས་ཀྱང་བསམ་པར་བྱ་དཀའ་བ་བགྲང་བ་ལས་འདས་པ་ཞིག་མངའ་བ་ལས། སྐལ་བ་དང་ལྡན་པ་དག་ལ་ཅུང་ཟད་ཙམ་ཞིག་བསྒྲག་པར་རྗེས་སུ་གནང་བ། བདག་གིས་ཕྱོགས་ཙམ་ཞིག་བློ་ལ་ངེས་པ་གང་ཡིན་པ་དེ་འདིར་བརྗོད་པར་བྱའོ། །ཞེས་གསུངས་པ་ལྟར། རྗེ་བཙུན་ཙོང་ཁ་པ་ཆེན་པོ་འདི་ནི་བསྐལ་པ་གྲངས་མེད་མང་པོའི་སྔ་རོལ་ནས་སངས་རྒྱས་ཟིན་ཅིང་། སྐད་ཅིག་རེ་རེ་ལ་ཡང་དཔག་ཏུ་མེད་པའི་སྤྲུལ་པ་མང་པོ་སྤྲུལ་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྣམས་སུ་འགྲོ་བའི་དོན་མཛད་བཞིན་པ་ཡིན་པས། སྤྲུལ་པ་དེ་དག་གི་གྲངས་དང་། འགྲོ་དོན་ཇི་ལྟར་མཛད་ཚུལ་རྣམས་སུས་ཀྱང་ཚང་བར་བརྗོད་ག་ལ་ནུས། འོན་ཀྱང་དད་པ་བསྐྱེད་པའི་ཕྱིར་གཅིག་གཉིས་ཙམ་ཞིག་བརྗོད་པར་བྱའོ།།
        དེ་ཡང་བསྐལ་ཆེན་བྱེ་བ་སྟོང་ཕྲག་དཔག་མེད་ཀྱི་སྔོན་དུ་ཞིང་འདིར་དང་བའི་འོད་ཅེས་བྱ་བའི་འཇིག་རྟེན་གྱི་ཁམས་ཆགས་སོ། །དེའི་ཚེ་རྒྱལ་བ་དབང་པོའི་ཏོག་ཅེས་པའི་སངས་རྒྱས་འཇིག་རྟེན་དུ་བྱོན་ཏོ། །སངས་རྒྱས་དེས་འཁོར་མང་པོ་ལ་ཆོས་གསུངས་པའི་ཚེ། རྗེ་བཙུན་འཇམ་དབྱངས་ཀྱིས་རྒྱ་མཚོ་ལྟ་བུའི་བྱང་ཆུབ་སེམས་དཔའི་འཁོར་མང་པོ་དང་བཅས་བྱོན་ནས་ཆོས་གསན་ཅིང་བཞུགས་སོ། །དེ་ལ་རྒྱལ་བ་དབང་པོའི་ཏོག་གིས། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རང་གི་ལུས་སྲོག་ལ་ལྟོས་པ་མེད་པར་མ་དག་པའི་འཇིག་རྟེན་གྱི་ཁམས་རྣམས་སུ་ཟབ་མོའི་ལྟ་བ་དང་འབྲེལ་བའི་གསང་སྔགས་ཀྱི་ལམ་རྒྱས་པར་བྱེད་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པའི་མཆོག་ཏུ་འགྱུར་ཞིང་། མྱུར་དུ་འཚང་རྒྱ་བར་འགྱུར་རོ་ཞེས་རྒྱ་ཆེར་གསུངས་སོ། །དེའི་ཚེ་རྒྱལ་སྲས་རྒྱ་མཚོ་ལྟ་བུ་དེ་རྣམས་ཀྱི་ནང་ནས། རིག་པའི་གནས་མཐའ་དག་ལ་ཐོགས་པ་མེད་པའི་མཁས་པ། མངོན་ཤེས་ལྔ་དང་ལྡན་པ། བདག་པས་གཞན་གཅེས་པའི་ཐུགས་མངའ་བ། ཟབ་མོའི་ལྟ་བ་དང་གསང་སྔགས་ཀྱི་ལམ་ལ་མངའ་བརྙེས་པའི་སེམས་དཔའ་ཞིག་གིས་ཞུམ་པ་མེད་པའི་སྙིང་སྟོབས་ཀྱིས་བཞེངས་ནས་ཐལ་མོ་སྦྱར་ཏེ་འདི་སྐད་ཅེས་གསོལ་ཏོ། །མ་དག་པའི་འཇིག་རྟེན་གྱི་ཁམས་གྲངས་མེད་པ་རྣམས་སུ་སྟོང་ཉིད་ཀྱི་ལྟ་བ་དང་འབྲེལ་བའི་སྔགས་ཀྱི་ལམ་ནི་བདག་གིས་ལུས་སྲོག་ལ་མི་ལྟ་བར་རྒྱས་པར་བགྱིའོ། །དེ་ལྟར་དུ་བྱེད་ནུས་པར་གྱུར་ཅིག་ཅེས་དམ་བཅའ་དང་སྨོན་ལམ་མཛད་དོ། །དེར་རྒྱལ་བ་དབང་པོའི་ཏོག་གིས། ལེགས་སོ་ལེགས་སོ། །རིགས་ཀྱི་བུ་སྙིང་སྟོབས་ཆེན་པོའི་ཞེས་སོགས་ཀྱིས་ཆེས་ཆེར་བསྔགས་སོ། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་ཞལ་མངོན་སུམ་དུ་བསྟན་ནས་གསུང་དབྱངས་གཅིག་གིས་རྒྱ་ཆེར་བསྔགས་ཤིང་། སངས་རྒྱས་ཐམས་ཅད་དང་འཁོར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་སྨོན་ལམ་གནང་། དེ་ནས་བཟུང་སྟེ་སངས་རྒྱས་ཀྱི་ཞིང་ཀུན་ཏུ་བྱང་ཆུབ་སེམས་དཔའ་སྙིང་སྟོབས་ཆེན་པོ་ཞེས་པའི་མཚན་གྱིས་གྲགས་སོ། །
        དེ་ནས་རྒྱལ་བ་དབང་པོའི་ཏོག་གིས་སྐུ་ལས་འོད་ཟེར་བྱེ་བ་འབུམ་ཕྲག་འགྱེད་ཅིང་འཛུམ་པའི་ཞལ་གྱིས་འདི་སྐད་ཅེས་ལུང་བསྟན་ཏོ། །རིགས་ཀྱི་བུ་ཁྱོད་དེང་ནས་བརྩམས་ཏེ་འཇིག་རྟེན་གྱི་ཁམས་གྲངས་མེད་པ་རྣམས་སུ་ཟབ་མོའི་ལྟ་བ་དང་ཟུང་དུ་འབྲེལ་བའི་སྔགས་ཀྱི་ལམ་རྒྱས་པར་བྱེད་ཅིང་བྱང་ཆུབ་སེམས་དཔའི་སྤྱོད་པ་རྫོགས་པར་བྱས་ཏེ། འདི་ནས་བྱང་ཤར་སངས་རྒྱས་ཀྱི་ཞིང་མང་པོ་འདས་པའི་ཕ་རོལ་ན་ངོ་མཚར་རྨད་དུ་བྱུང་བའི་བཀོད་པ་སྣ་ཚོགས་པས་མཛེས་པ་ཞེས་པའི་འཇིག་རྟེན་དུ་བདེ་བར་གཤེགས་པ་སེང་གེའི་ང་རོ་ཞེས་བྱ་བར་འཚང་རྒྱའོ། །བདེ་བར་གཤེགས་པ་དེའི་ཚེའི་ཚད་ནི་བསྐལ་པ་དཔག་མེད་དུ་བཞུགས་པར་འགྱུར་ཞིང་། སྐུའི་ཚད་ནི་དཔག་ཚད་གཅིག་པ། རིན་པོ་ཆེ་མར་གད་ཀྱི་མདོག་ལྟར་སྐུ་མདོག་སྔོན་པོ། ཕྱག་གཡས་ཆོས་འཆད་གཡོན་མཉམ་བཞག་གི་སྟེང་ན་བདུད་རྩིས་གང་བའི་ལྷུང་བཟེད་བསྣམས་པའི་ནང་ནས་འོད་ཟེར་འཕྲོ་བའི་མཆོད་རྟེན་གྱེན་དུ་འཕགས་པ། ཞིང་དེའི་གདུལ་བྱ་དབང་པོ་མཆོག་རྣམས་ཀྱིས་མཆོད་རྟེན་དེ་མཐོང་བ་ཙམ་གྱིས་ཐེག་པ་མཆོག་གི་ལམ་གྱི་ཡོན་ཏན་བཟང་པོ་འཐོབ་པར་འགྱུར་རོ། །འབྲིང་དང་ཐ་མའི་གདུལ་བྱ་རྣམས་ཀྱང་རྒྱལ་བ་དེ་ཉིད་ཀྱིས་དབུ་མའི་ལྟ་བ་དང་འབྲེལ་བའི་སྔགས་ཀྱི་ཆོས་གསུངས་པ་ཐོས་པས་ལམ་གྱི་རྟོགས་པ་སྐྱེ་བར་འགྱུར་ཞིང་། ཞིང་དེར་སྐྱེས་པའི་འགྲོ་བ་ཐམས་ཅད་ཚེ་གཅིག་ལ་འཁོར་བ་ལས་གྲོལ་བར་འགྱུར་རོ་ཞེས་ལུང་བསྟན་ཏོ། །དེའི་དུས་ཀྱི་རྒྱལ་བ་དབང་པོའི་ཏོག་ནི་ད་ལྟའི་སྟོན་པ་ཤཱཀྱ་ཐུབ་པ་ཡིན་ཞིང་། བྱང་ཆུབ་སེམས་དཔའ་སྙིང་སྟོབས་ཆེན་པོ་ནི་རྗེ་བཙུན་ཙོང་ཁ་པ་ཡིན་པར་གསུངས་སོ། །
        དེའི་ཕྱིར་རྗེ་རིན་པོ་ཆེ་ལ་ཡིད་ཆེས་པའི་དད་པས་གསོལ་འདེབས་སྨོན་ལམ་བྱས་ན་རྨད་བྱུང་བཀོད་པའི་ཞིང་དུ་རྒྱལ་བ་སེང་གེའི་ང་རོ་དང་མཇལ་ནས་འཁོར་བ་ལས་གྲོལ་བར་དམ་པ་རྣམས་ཀྱིས་གསུངས་པས། བློ་ལྡན་དག་གིས་ཅི་ནུས་ཀྱིས་གསོལ་བ་འདེབས་པ་ལ་འབད་པར་བྱའོ། །བྱང་ཆུབ་སེམས་དཔའ་སྙིང་སྟོབས་ཆེན་པོ་དེས་དུས་དེ་ནས་བཟུང་སྟེ་ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཀྱི་དོན་དཔག་ཏུ་མེད་པ་མཛད་བཞིན་པ་ནས། སྟོན་པ་བཅོམ་ལྡན་འདས་རྒྱ་གར་དུ་བྱོན་པའི་ཚེ་བྲམ་ཟེའི་ཁྱེའུ་ཞིག་ཏུ་གྱུར་ཏེ། འཇམ་དཔལ་གྱི་སྤྲུལ་པ་མོས་པའི་བློ་གྲོས་ཞེས་བྱ་བའི་བྱང་ཆུབ་སེམས་དཔའ་ལ་སློབ་དཔོན་དུ་བསྟེན་ནས་ཆོས་མང་པོ་གསན། དེ་ནས་བྱང་ཆུབ་སེམས་དཔའ་དེས་བཅོམ་ལྡན་འདས་ཀྱི་དྲུང་དུ་ཁྲིད་པས་སངས་རྒྱས་ལ་དད་པས་ཕྱག་འཚལ་ནས་ཤེལ་དཀར་གྱི་ཕྲེང་བ་བརྒྱ་རྩ་གཅིག་ཕུལ་ཏེ་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་སྨོན་ལམ་རྒྱ་ཆེར་བཏབ་པས། སྟོང་པ་ཉིད་ཀྱི་རྟོགས་པ་ཆེས་ཕུལ་དུ་བྱུང་བར་གྱུར་ཏོ། ད་ལྟ་རྗེའི་བསྟན་པ་ལ་ཞུགས་པའི་སྐལ་བ་བཟང་པོ་ཅན་རྣམས་ཀྱིས་དབུ་མའི་ལྟ་བ་དང་སྔགས་ཀྱི་ལམ་འཐོབ་པའི་སྐལ་ལྡན་དུ་འགྱུར་བ་ནི་རྗེ་རིན་པོ་ཆེས་དེའི་ཚེ་སྨོན་ལམ་བཏབ་པའི་མཐུའོ། །
        བྲམ་ཟེའི་ཁྱེའུ་དེས་རབ་ཏུ་བྱུང་ནས་བསྙེན་པར་རྫོགས་པའི་མཚན་ནི་པདྨའི་ངང་ལྡན་ཞེས་པའོ། །དེའི་ཚེ་བཅོམ་ལྡན་འདས་འཁོར་མང་པོ་དང་བཅས་མཚོ་མ་དྲོས་པའི་འགྲམ་དུ་དབྱར་བཞུགས་མཛད་པར་ཀླུ་རྒྱལ་མ་དྲོས་པས་སྟོན་པ་ལ་དུང་དཀར་ཞིག་ཕུལ། དུང་དེ་དབྱར་གྱི་ཚོགས་དེ་ཉིད་དང་། བྱ་རྒོད་ཕུང་པོའི་རི་སོགས་སུ་ཚོགས་དུང་མཛད་པ་ལས། སྟོན་པ་འཁོར་བཅས་ཁ་ཆེའི་ཡུལ་དུ་བྱོན་པའི་ཚེ། བཅོམ་ལྡན་འདས་ཀྱིས་མོའུ་གལ་གྱི་བུ་ལ་བཀའ་སྩལ་པ། ཁྱོད་རྫུ་འཕྲུལ་གྱིས་བོད་གདོང་དམར་ཅན་གྱི་ཡུལ་དུ་སོང་ལ་དུང་དཀར་འདི་འགོག་པ་རིར་གཏེར་དུ་སྦོས་ཤིག མ་འོངས་པ་ན་དགེ་སློང་པདྨའི་ངང་ལྡན་འདིས་ཞིང་དེར་སུ་མ་ཏི་ཀིརྟི་ཞེས་པའི་དགེ་སློང་དུ་གྱུར་ཏེ་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་རྒྱས་པར་བྱེད་པས། དེའི་ཚེ་དུང་འདིས་ཚོགས་དུང་དུ་བྱེད་པར་འགྱུར། གནས་དེར་ཚོགས་བདག་སྤྲེའུ་ཡི་གཟུགས་སུ་ཡོད་པས་དེ་ལ་གཏད་དེ་བསྲུང་དུ་ཆུག །ཅེས་གསུངས་པས་མོའུ་གལ་གྱི་བུ་ཆེན་པོས་དུང་དེ་ཁྱེར་འོངས་ནས་ད་ལྟ་དགའ་ལྡན་གྱི་དགོན་པ་བཏབ་པའི་རིའི་བྲག་ལ་སྦས་ཏེ་བཞག་གོ །རྗེ་རིན་པོ་ཆེས་དགའ་ལྡན་འདེབས་པའི་སྐབས་སུ་དུང་དེ་བྲག་ནས་བླངས་པ་ཡིན་ཞིང་། དེང་སང་དུང་དེ་འབྲས་སྤུངས་སུ་མཆོད་ཅིང་ཡོད་དོ། ། 

རྩོམ་སྒྲིག་པ། མང་ར་བ།
              གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                        དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།