རྗེའི་རྣམ་ཐར་ཆེན་མོ་ལས་སྐུ་ཚེ་སྔོན་མ་རྣམས་ཀྱི་རྣམ་ཐར་ཅུང་ཟད་བསྟན་པ་དང་བོ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-07-30 21:09:58     རྩོམ་པ་པོ།   ཆ་ཧར་དགེ་བཤེས།    ཀློག་ཐེངས།  

   

4175448ctad53fb6957f6&690.gif

    

        རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་དང་ངོ་བོ་དབྱེར་མ་མཆིས་པའི་རྗེ་བཙུན་བླ་མ་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེའི་ཞབས་ལ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །དུས་དང་གནས་སྐབས་ཐམས་ཅད་དུ་རྗེས་སུ་གཟུང་དུ་གསོལ། །ཚོགས་གཉིས་སྤྱོད་པ་རླབས་ཆེན་ཤར་རིའི་རྩེར། །རྒྱལ་སྲས་དཔའ་བོ་སྨྲ་བའི་ཟླ་བ་འཛེགས། །ཐུབ་བསྟན་ཀུ་མུད་བཞད་པའི་དཔལ་ཡོན་ཅན། །རྗེ་བཙུན་བླ་མ་སྙིང་གི་མུན་སེལ་རྒྱལ། །བློ་བཟང་དབྱངས་ཅན་ངག་གི་དཔལ་མངའ་བ། །གྲགས་པའི་རྫ་རྔ་ཕྱོགས་ཀྱི་མཛེས་མས་བརྡུང་། །དཔལ་ལྡན་མཁས་པ་ཀུན་གྱི་མགོས་གཏུགས་པ། །ཁྱོད་ཀྱི་ཞབས་ལ་བདག་ཀྱང་ཕྱག་བགྱིའོ། །མི་དམན་བརྟུལ་ཞུགས་མཆོག་གིས་ལེགས་བསྡམས་ཤིང་། །རྣམ་དཔྱོད་ཆེས་ཕྲ་ཐུབ་པའི་གཞུང་ལུགས་ཀུན། །ཞིབ་མོར་འབྱེད་ལ་ཟླ་དང་བྲལ་གྱུར་པས། །གཅིག་ཏུ་སྒྲུབ་ལ་དགྱེས་པ་འདི་རྨད་དོ། །མགོན་པོ་དེ་ཡི་ཡོན་ཏན་རྒྱ་མཚོ་ཆེ། །འབྱམས་ཀླས་གྱུར་པའི་གཏིང་མཐའ་ཇི་ཙམ་ཞེས། །མཐུ་ཆེན་རྣམས་ཀྱང་ཁྱོགས་ལ་འཕྱང་གྱུར་ན། །བདག་ལྟས་ཅུང་ཟད་དཔོག་པའང་ག་ལ་ནུས། །འོན་ཀྱང་འདི་ན་ཤུགས་དྲག་དད་པའི་མེས། །སྙིང་གི་ཆུ་གཏེར་ཁོལ་བ་འཛིན་བྱེད་པ། །འདི་དག་གདུང་སེལ་སྤོབས་པའི་རྔ་ཡབ་རྩེས། །ཆུ་ཐིག་ཙམ་ཞིག་བླངས་ཏེ་གར་བགྱིའོ། །འདི་ཉིད་ཕྱིར་ན་འཇིག་རྟེན་གཞན་དུ་ཡང་། །འདི་ལྟའི་མགོན་གྱིས་ནམ་ཡང་མི་གཏོང་ཞིང་། །དེ་ཡི་ལེགས་བཤད་བདུད་རྩིས་འཚོ་གྱུར་ཅེས། །རང་དོན་ལ་གུས་རེ་བའི་ཞགས་པ་ཡིས། །བདག་གི་སྙིང་ནི་ཡང་དག་དྲངས་གྱུར་ཅིང་། །ཤེས་ལྡན་དད་པ་རབ་དཀར་ངང་མོའི་ཚོགས། །དཔག་ཡས་ཡོན་ཏན་འོ་མའི་ཆུ་གཏེར་ལ། །རབ་དགའ་རྒྱས་པའི་སླད་དུ་འདིར་འབད་དོ། །སོས་ཀ་ཆར་སྤྲིན་རྒྱས་པའི་སྒྲ་དབྱངས་ཅན། །དཔྱིད་ཀྱི་དཔལ་མོ་མེ་ཏོག་དོ་ཤལ་དགོད། །རྨ་བྱ་གཞོན་ནུ་རོལ་པའི་རྩེད་འཇོ་སྟོན། །འདི་དག་འཇིག་རྟེན་ཡ་མཚན་ཅི་ཡང་བྱེད། །མཁས་རྣམས་ཡིད་ཀྱི་བརྟན་པ་ཉམས་བྱེད་པ། །དམ་པའི་སྤྱོད་པ་རྨད་བྱུང་བརྗོད་པའི་གཏམ། །སྐལ་བཟང་རྣ་བའི་བཅུད་ལེན་བསྒྲགས་པས་ཀྱང་། །ཐུབ་རྣམས་ཡིད་ནི་ཅི་ཡང་ཆགས་པར་འགྱུར།།
        དེ་ཡང་རྗེ་ཐམས་ཅད་མཁྱེན་པ་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་ཞེས་པའི་མཚན་སྙན་ལན་གཅིག་ཐོས་པ་ཙམ་གྱིས་ཀྱང་འཇིག་རྟེན་གྱི་རྒུད་པ་མཐའ་དག་སེལ་ཞིང་། ཐར་བའི་ས་བོན་བཟང་པོ་ངེས་པར་འཇོག་ནུས་པའི་རྗེ་བཙུན་བླ་མ་དེའི་རྣམ་ཐར་བརྗོད་པ་ལ། ཐོག་མར་སྐྱེས་རབས་གོང་མ་རྣམས་དང་ལུང་བསྟན་གྱི་གསུང་བཅས་ཀྱི་ལེའུ། གཉིས་པ་སྐུ་ཚེ་འདིར་འཁྲུངས་པའི་སྐོར། ཆུང་དུས་ཀྱི་མཛད་པ་རབ་ཏུ་བྱུང་བ་སོགས་དང་། ཆོས་རྗེ་བླ་མའི་རྣམ་ཐར་བཅས་ཀྱི་ལེའུ། གསུམ་པ་ཐུགས་གཉེར་ལ་ཕེབས་ནས་མདོ་ཕྱོགས་གཙོ་བོར་བྱས་པའི་རིག་པའི་གནས་མཐའ་དག་ལ་མཁས་པར་གྱུར་པ་དང་། ལྷ་མོ་དབྱངས་ཅན་མའི་ཞལ་གཟིགས་ཤིང་རྗེས་སུ་བཟུང་བ་དང་། རྗེ་བཙུན་རེད་མདའ་པའི་རྟོགས་བརྗོད་མདོ་ཙམ་བཅས་ཀྱི་ལེའུ། བཞི་པ་བསྙེན་པར་རྫོགས་པ་དང་། སྔགས་ཕྱོགས་ལ་གཙོ་བོར་སྦྱངས་ནས་མཁས་པར་གྱུར་པ་དང་། རྗེ་བཙུན་འཇམ་དབྱངས་ཀྱིས་རྗེས་སུ་བཟུང་སྟེ་གདམས་ངག་མང་པོ་གནང་བ་དང་། བླ་མ་དབུ་མ་པའི་རྣམ་ཐར་སོགས་ཀྱི་ལེའུ། ལྔ་པ་དབེན་གནས་དུ་མར་སྒོམ་སྒྲུབ་ལ་འབད་པས་རྟོགས་པའི་ཡོན་ཏན་ཕུལ་དུ་བྱུང་བ་བརྙེས་ཤིང་། བླ་མ་དང་ལྷག་ལྷ་མང་པོས་བྱིན་གྱིས་བརླབས་པ་སོགས་ཀྱི་ལེའུ། དྲུག་པ་ལྷ་སའི་སྨོན་ལམ་ཆེན་མོ་མཛད་པ་དང་། ལྷ་སའི་ཇོ་བོའི་ལོ་རྒྱུས། དགའ་ལྡན་གྱི་གླིང་བཏབ་ནས་མདོ་སྔགས་ཀྱི་འདུས་སྡེ་བཙུགས་པ་སོགས་དང་། རྟོགས་པ་ཁྱད་པར་ཅན་བརྙེས་པ། བདུད་སྡེ་བཅོམ་པ། འཇམ་དབྱངས་ཆོས་རྗེ་ལ་བཀའ་གནང་སྟེ་འབྲས་སྤུངས་བཏབ་པ་སོགས་བསྟན་པ་རྒྱ་ཆེར་སྤེལ་བར་མཛད་པ་དང་བཅས་བརྗོད་པའི་ལེའུ། བདུན་པ་བྱམས་ཆེན་ཆོས་རྗེ་ལ་བཀའ་གནང་སྟེ་སེ་རའི་གླིང་འདེབས་པ་སོགས་མཛད་པ་དང་། ཤེས་རབ་སེང་གེ་ལ་རྒྱུད་པ་གྲྭ་ཚང་ཚུགས་པར་བཀའ་བསྩལ་ནས་གཏད་པ་དང་། མྱ་ངན་ལས་འདའ་བའི་ཚུལ་བསྟན་པའི་སྐོར། སྤྲུལ་པའི་སྐུའི་མཛད་པ། སྐུ་ཚེ་འདིར་བཀའ་རྩོམ་མཛད་པའི་གསུང་རབ་ཀྱི་གྲངས། དགའ་ལྡན་གྱི་རྟེན་གྱི་གྲངས། སློབ་མའི་གཙོ་བོ་རྣམས་ཀྱི་གྲངས་བཅས་ཀྱི་ལེའུ། བརྒྱད་པ་རྗེའི་སྲས་མཆོག་རྒྱལ་ཚབ་མཁས་གྲུབ་གཉིས་ཀྱི་རྣམ་ཐར་སོགས་ཀྱི་ལེའུ། དགུ་པ་འབྲས་སྤུངས་ཕྱག་འདེབས་པ་པོ་འཇམ་དབྱངས་ཆོས་རྗེ། སེ་ར་འདེབས་མཁན་བྱམས་ཆེན་ཆོས་རྗེ། བཀྲ་ཤིས་ལྷུན་པོ་འདེབས་མཁན་རྒྱལ་དབང་དགེ་འདུན་གྲུབ་པ། རྒྱུད་པ་གྲྭ་ཚང་འཛུགས་པ་པོ་མཁས་གྲུབ་ཤེས་རབ་སེང་གེའི་རྣམ་ཐར་སོགས་དོན་ལྷག་མ་རྣམས་བཤད་པའི་ལེའུ་སྟེ་དགུ་ཡོད་པ་ལས།
        དང་པོ་ནི། མཁས་གྲུབ་རིན་པོ་ཆེས་མཛད་པའི་རྣམ་ཐར་ཆེན་མོ་དད་པའི་འཇུག་ངོགས་ཞེས་བྱ་བ་ལས། བདག་གི་དཔལ་ལྡན་བླ་མ་དམ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་རིང་ལུགས་པ་ཆེན་པོ། འཇིག་རྟེན་ཐམས་ཅད་ལ་རྒྱུས་མེད་པར་ཡང་གཅིག་ཏུ་མཉེས་གཤིན་པའི་ངང་ཚུལ་ཅན། རིང་མོ་ཞིག་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་དག་གི་ཕ་རོལ་ཏུ་བྱོན་པ། རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཐུགས་ཀྱི་འོད་ཟེར་གྱིས་བློ་གྲོས་ཀྱི་པདྨོ་ཁ་ཕྱེ་བས་ཤེས་བྱའི་དཀྱིལ་འཁོར་མཐའ་དག་ལ་གཟིགས་པ་དག་པའི་སྤྱན་དང་ལྡན་པ། ཐུན་མོང་དང་ཐུན་མོང་མ་ཡིན་པའི་མངོན་པར་རྟོགས་པའི་ཡོན་ཏན་རིན་པོ་ཆེའི་ཚོགས་ཀྱིས་ཐུགས་ཀྱི་བང་མཛོད་ཡོངས་སུ་གཏམས་པའི་བདག་ཉིད་ཆེན་པོ་མཚན་བརྗོད་པར་དཀའ་བ་འདི་ནི། བསྐལ་པ་དཔག་ཏུ་མེད་པའི་སྔ་རོལ་ནས་ས་བཅུ་ཡོངས་སུ་རྫོགས་པར་མཛད་དེ། མ་དག་པའི་འཇིག་རྟེན་གྱི་ཁམས་རྣམས་སུ་ཡང་། ལ་ལ་ནི་འཁོར་ལོས་བསྒྱུར་བ་དང་། ལ་ལ་ནི་ཁམས་ཀྱི་རྒྱལ་པོ་དང་། འགའ་ཞིག་ཏུ་ནི་བརྒྱ་བྱིན་དང་ཚངས་པའི་གཟུགས་དང་། དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཁྱིམ་པ་དང་རབ་ཏུ་བྱུང་བའི་ཚུལ་ལ་སོགས་པ་གདུལ་བྱ་དང་འཚམ་པའི་སྐུའི་རྣམ་པར་འཕྲུལ་པ་དཔག་ཏུ་མེད་པ་ཇི་ལྟར་ནམ་མཁའི་ལམ་ལས་ཟླ་བའི་དཀྱིལ་འཁོར་གཅིག་ཉིད་ཀྱིས་སའི་སྟེང་དུ་ཆུ་སྣོད་ཐ་དད་པ་སྣ་ཚོགས་པ་ཞིག་གི་ནང་དུ་ཅིག་ཅར་རང་གི་གཟུགས་བརྙན་སྟོན་པ་དེ་བཞིན་དུ་འབད་རྩོལ་མེད་པར་ཉེ་བར་བསྟན་པ་ལས། བདག་ཅག་རྣམས་ལ་ནི། འུ་བུ་ཅག་རང་དང་འགྲོ་བ་རིས་མཐུན་པར་སྐྱེ་བ་བཞེས་པའི་དགེ་བའི་བཤེས་གཉེན་ཉིད་ཀྱི་རྣམ་པར་བསྟན་པས་དོན་མཛད་དོ། །ཞེས་བྱ་བར་ཁོང་དུ་ཆུད་པར་བྱ་བ་ཡིན་པ་གོར་མ་ཆག་སྟེ། འདི་ལ་བདག་ཉིད་ཡིད་ཆེས་པར་བྱ་བའི་ལོ་རྒྱུས་ཀྱི་གཏན་ཚིགས་གཏམ་དུ་གླེང་བའང་ཐོས་སོ།།
                                                              རྩོམ་སྒྲིག་པ། མང་ར་བ།
       གསལ་འདེབས། 
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
             དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།