རྗེ་ཙོང་ཁ་པ་ཆེན་པོ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2015-12-06 12:39:14     རྩོམ་པ་པོ།   མི་གསལ།    ཀློག་ཐེངས།  

                                                                                      

0909291304dd9f81403f42d440[1].jpg

           རྗེ་ཙོང་ཁ་པ་ཆེན་པོ་ནི།            ཕྱོགས་དུས་རྒྱལ་བ་ཀུན་གྱི་མཁྱེན་བརྩེ་ནུས་པའི་ཡོན་ཏན་གཅིག་ཏུ་བསྡུས་པ་རང་ཅག་རྣམས་ཀྱི་འདྲེན་པ་བླ་ན་མ་མཆིས་པ་གངས་རིའི་ཁྲོད་ཀྱི་ཤིང་རྟ་ཆེན་པོ་ཡབ་གཅིག་རྒྱལ་བ་གཉིས་པ་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་འདི་ཉིད་ཀྱི་རྨད་དུ་བྱུང་བའི་རྣམ་པར་ཐར་པ་རྒྱ་མཚོ་ལྟ་བུ་ལས་ཆུ་ཐིགས་ཙམ་ཞིག་བརྗོད་པར་འདོད་དེ།

                  དེ་ཡང༌།དང་པོ་རྒྱལ་བའི་མདོ་རྒྱུད་དུ་མ་དང༌།འཕགས་བོད་མཁས་གྲུབ་དུ་མའི་ལུང་གིས་ཡང་ཡང་བསྔགས་པའི་ཚུལ་ནི།འཇམ་དཔལ་རྩ་རྒྱུད་ལས།ཁྱེད་ཉིད་བྱིས་པའི་གཟུགས་ཀྱིས་ནི། །སངས་རྒྱས་མཛད་པ་བྱེད་པར་འགྱུར། །དེ་ཚེ་དགོན་ཆེན་རབ་དགའ་བ།ཁ་བ་ཅན་ན་ཡོད་པ་ཡིན།ཞེས་དང༌།མདོ་སྡེ་གདམས་ངག་འབོགས་པའི་རྒྱལ་པོ་བསྟན་པ་དྭངས་སྙིགས་འབྱེད་པའི་ལེའུ་ལས།མ་འོང་སྙིགས་མའི་དུས་སུ་ནི། །འབྲི་དང་ལྡན་པའི་ས་མཚམས་སུ། །དགའ་ཞེས་བྱ་བའི་དགོན་པ་འདེབས། །བློ་བཟང་ཞེས་བྱ་མིང་ཅན་འབྱུང༌། །ཞེས་དང༌།

                  དཔལ་ལྡན་ཟླ་བ་གྲགས་པས། མཐའ་འཁོབ་ཁ་བའི་ཡུལ་ལྗོངས་སུ། །བློ་བཟང་ཞེས་བྱ་སྐྱེས་བུ་ཡིས། །ཟླ་མེད་སྟོན་པའི་བསྟན་པ་དང༌། །ང་ཡི་ལུགས་བཟང་སྤེལ་བར་བྱེད། །ཅེས་དང༌། སློབ་དཔོན་པདྨའི་སྐུལ་བྱང་ལས། །ཤར་ཕྱོགས་རྒྱ་ནག་ཡུལ་དང་ཉེ་བའི་ཆར། །ཤཱཀྱའི་དགེ་སློང་བློ་བཟང་ཞེས་བྱ་འབྱུང༌། །ཞེས་དང༌། མདོ་སྔགས་བསྟན་འཛིན་བློ་བཟང་གྲགས་པ་ཞེས། །མི་རབས་བརྒྱད་དུ་མདོ་སྔགས་རྒྱས་པར་སྟོན། །ཞེས་དང༌།

                  བཀའ་ཐང་བསྡུས་པར། ཐུབ་པས་ལུང་བསྟན་མདོ་ཁམས་སྒང་ཞིག་ཏུ། །ཨ་ཏི་ཤ་ཡི་སྤྲུལ་པ་བློ་བཟང་གྲགས། །སྐྱེས་བུ་དེ་བྱོན་བོད་ལ་བདེ་སྐྱིད་འབྱུང༌། །ཞེས་དང༌། བཀའ་གདམས་ཕ་ཆོས་ལས། ཐ་མར་བསྟན་པའི་མེ་རོ་དག །གྲགས་པའི་མཚན་གྱིས་གསོ་བར་བྱེད། །དུ་མའི་ཕན་བདེ་སྒྲུབ་བྱེད་པའི། །དེ་ཡང་གནས་མཆོག་དམ་པ་ཡིན། །ཞེས་དང༌།

                 མ་གཅིག་ལབ་ཀྱི་སྒྲོན་མའི་ལུང་སྟོན་དུ། ད་ལྟ་བྱང་ཆུབ་སེམས་དཔའ་སྙིང་སྟོབས་ཆེ། །སྙིགས་དུས་ལོག་སྤྱོད་བོད་དུ་བྱུང་བའི་ཚེ། །དགེ་སློང་ཚུལ་འཛིན་གྲགས་པའི་མཚན་ཐོགས་ཏེ། །གང་གི་ཞིང་དུ་སེང་གེའི་ང་རོར་གྲགས། ཞེས་དང༌། །

                 རྒྱལ་པོ་བཀའ་ཐང་ལས། དེས་ཕྱིར་འདུས་པ་ཉི་ཤུ་རྩ་ལྔ་ལ༔ ཤཱཀྱའི་ཞིང་ཁམས་འཕྲུལ་སྣང་གཙུག་ལག་ཁང་༔ སྨོན་ལམ་དག་པས་བྱང་སེམས་གཞན་དོན་མཛད༔ འདུས་པའི་ཕྱོགས་གྱུར་འཕགས་པ་འབྱུང་བར་འགྱུར༔ ཞེས་པ་དང༌། ཐང་ཡིག་ལུགས་གཅིག་ལས༔ དགའ་ལྡན་ཞེས་བྱའི་དགོན་གནས་དམ་པ་རུ༔ མཁས་པའི་མཆོག་གྱུར་མདོ་རྒྱུད་དོན་ལ་མཁས༔ རྡོ་རྗེ་འཆང་སྤྲུལ་གསང་སྔགས་བཀའ་ཡང་འབྱེད༔ འགྲོ་བའི་དེད་དཔོན་ལམ་སྟོན་ས་མཁན་ནི༔ བློ་དང་བཟང་གི་མཚན་ཅན་སྐྱེས་བུ་འབྱུང༔ གསང་མཚན་ལས་རབ་རྡོ་རྗེ་བདེ་བ་རྩལ༔ ཞེས་བློ་བཟང་གི་མཚན་སྒྲ་དང༌། རྗེའི་གསང་མཚན་དོན་ཡོད་རྡོ་རྗེ་ཞེས་པ་ཡིན་པས་གསལ་བར་བསྟན།

                 པདྨ་བཀའ་ཆེམས་ལས། འཇམ་དབྱངས་སྤྲུལ་པ་གདུལ་བྱ་བསྟན་པའི་བདག༔ མདོ་སྔགས་བསྟན་འཛིན་བློ་བཟང་གྲགས་པ་ཞེས༔ མི་རབས་བརྒྱད་དུ་གསང་སྔགས་རྒྱས་པར་སྟོན༔ ཞིང་འདི་འདས་ནས་བྱམས་པའི་དྲུང་དུ་འགྲོ༔ དེ་ཡི་བརྒྱུད་འཛིན་ཚེ་གཅིག་སངས་རྒྱས་ཡིན༔ རང་བྱུང་བསྐལ་པ་ཆེན་པོ་ལ༔ དགྲ་བཅོམ་ཐོབ་པར་ཐེ་ཚོམ་མེད༔ ཅེས་པ་དང༌།

                 ཆོས་རྗེ་མགོན་པོ་རིན་ཆེན་གྱིས་མཚོ་སྣ་ཟངས་ཡག་བྲག་ནས་བཏོན་པའི་ལུང་བྱང་ལས། འཇམ་དབྱངས་སྤྲུལ་པ་བློ་བཟང་ཞེས༔ བསྟན་པ་རྒྱས་བྱེད་ངོ་མཚར་ཅན༔ ཞེས་པ་དང༌། ཆོས་དབང་རིན་པོ་ཆེའི་གཏེར་བྱོན་ལས་ཀྱང༌། །འཇམ་དབྱངས་སྤྲུལ་པ་བློ་བཟང་གྲགས་པ་ཞེས༔ བསྟན་པ་རྒྱས་བྱེད་དེ་ནི་ངོ་མཚར་ཅན༔ ཞེས་པ་དང༌། གཞན་ཡང་གཏེར་ལུང་འགའ་ཞིག་ལས། ཨོ་རྒྱན་ང་ཡི་ཐུགས་སྤྲུལ་སྙིང་རྗེ་ཅན༔ བཻ་རོ་ཁྱོད་ཀྱི་འོད་ཟེར་ཆ་གཅིག་ལས༔ སྐུ་ལུས་གཅིག་ལ་བཀོད་པ་མི་འདྲས་བརྒྱན༔ བཻ་རོ་ཙ་ནའི་སྐྱེ་བ་གཅིག༔ དབུས་ཕྱོགས་དགའ་ལྡན་ཞེས་བྱར་འབྱུང་༔ བྱང་སེམས་བློ་བཟང་ཞེས་པར་གྲགས༔ ཞེས་དང༌།

                 རཎྟའི་སྤྱི་ལུང་ཆེན་མོ་ལས། འཇམ་དབྱངས་སྤྲུལ་པ་གསང་སྔགས་བསྟན་འཛིན༔༔བློ་གྲོས་སྟོབས་ཅན་གྲགས་པའི་མིང་ཅན་འབྱུང་༔ ༔ཞེས་དང༌།གྲུབ་ཆེན་ཉི་ཟླ་སངས་རྒྱས་ཀྱི་དག་སྣང་ལ།ཨོ་རྒྱན་ཆེན་པོ་དངོས་སུ་བྱོན་པར།བོད་ཡུལ་ན་བློ་བཟང་གྲགས་པ་འདི་སྐུད་ཆེ།ཁོང་སེམས་གར་བསྐྱེད།ཕྱི་མ་གར་གཤེགས་ཞུས་པས།སེམས་བསྐྱེད་ཐུབ་པའི་དྲུང་དུ་བསྐྱེད། །སྐྱེ་བ་ཀུན་ཏུ་འགྲོ་དོན་མཛད། །སྨོན་ལམ་གཅིག་གི་བྱེ་བྲག་གིས། །སེམས་དཔའ་དེ་ལ་སྨད་པར་བྱེད།ཀྱེ་མ་སེམས་ཅན་སྙིང་རེ་རྗེ། །འབྲེལ་ཚད་དོན་ལྡན་སྙིང་སྟོབས་ཅན། །སྡེ་སྣོད་འཛིན་པའི་འཁོར་གྱིས་བསྐོར། །སངས་རྒྱས་བསྟན་པ་བསྲུང་བསྐྱེད་བྱེད། །སྙིགས་མའི་དུས་སུ་ཨ་ལ་ལ། །གྲིབ་དང་གཟའ་གདོན་དག་ལ་འཛེམ། །ཚེ་ལ་བར་ཆད་ཡོང་ཉེ་བས། །གཙུག་ཏོར་རྣམ་རྒྱལ་ལ་སོགས་པའི། །བར་ཆད་བཟློག་པའི་ཆོ་གར་འབད། །བདེ་བ་ཅན་དུ་གཤེགས་རྒྱུ་ལ། །རེ་ཞིག་བྱམས་པའི་དྲུང་དུ་འགྲོ། །སེམས་དཔའ་གསེར་གྱི་མེ་ཏོག་གྲགས། །ཞེས་གསུངས།

                 གྲུབ་ཆེན་ལས་ཀྱི་རྡོ་རྗེའི་རྣམ་ཐར་དུ་ཡང༌། ཡི་དམ་ལྷའི་ལུང་བསྟན་ལས། བཅོམ་ལྡན་འདས་མགོན་པོ་བྱམས་པའི་སྤྲུལ་པ་ཞིག་གི་གསུང་ཡིག་འཁྱེར་བའི་མི་བཞི་འོང་བར་ཡོད། དེའི་ཁྲོད་ནས་ཨེ་ཀ་ཛྜྲི་བསྒྲུབ་པའི་ལས་ཅན་ཅིག་ཡོད།དེ་ལ་ཨེ་ཀ་ཛྜྲིའི་ལུང་སྦྱིན།རྣམ་འཇོམས་ཀྱི་དབང་བསྐུར་གསུང༌།སང་དེ་མི་བཞི་བྱུང༌།དགེ་བའི་བཤེས་གཉེན་བློ་བཟང་གྲགས་པའི་གསུང་ཡིག་ཡིན་པར་འདུགཅེས་པ་དང༌།ཡང་གསང་བདག་གིས་གྲུབ་ཆེན་རང་ཉིད་ཀྱི་བུ་སློབ་ལུང་བསྟན་པ་ལས།བློ་བཟང་གྲགས་པ་འགྲན་ཟླ་ཀུན་དང་བྲལ། །ཤཱ༷འི་རྒྱལ་པོའི་དྲུང་དུ་སེམས་མཆོག་བསྐྱེད། །ཞིང་འདིར་མདོ་དང་སྔགས་ཀྱི་གཞུང་ལུགས་སྤེལ། །འདི་ནས་འཕོས་ཏེ་དགའ་ལྡན་གནས་སུ་འགྲོ། །འཇམ་དཔལ་སྙིང་པོ་བྱམས་པའི་སྲས་མཆོག་དེ། །མྱུར་དུ་སངས་རྒྱས་དེ་བཞིན་གཤེགས་པར་འགྱུར། །ཞེས་གསུངས་པ་དང༌། བཀའ་གདམས་གླེགས་བམ་རིན་པོ་ཆེ་ཕ་ཆོས་ཉི་ཤུ་རྩ་དྲུག་གི་ཡ་གྱལ་འབྲོམ་གྱིས་འབུལ་མོ་ཆེ་མཛད་པ་ལས་འཕྲོས་པའི་མ་འོངས་ལུང་བསྟན་དུ།བདག་གི་སྤྲུལ་པ་དམ་པ་གཅིག །རེས་འགའ་དགེ་སློང་ཉིད་དུ་སྤྲུལ། །དེས་ནི་གནས་དེ་སྐྱོང་བར་བྱེད། །རེས་འགའ་བྱིས་པའི་གཟུགས་སུ་འོང༌། །རེས་འགའ་དབུལ་ཕོངས་སྤྲང་པོའི་གཟུགས། །རེས་འགའ་བྱོལ་སོང་བྱ་ཁྱིའི་གཟུགས། །རེས་འགའ་གསོལ་འདེབས་དབྱངས་ཀྱི་གཟུགས། །རེས་འགའ་ཡིག་འབྲུ་གཟུགས་ཀྱི་གཟུགས། །གྲགས་པ་ཅན་གྱི་དགེ་སློང་ངོ། ། །བསྟན་གནས་བར་དུ་ཡང་ཡང་འོང༌།དེ་ནི་བརྒྱུད་པ་ཉིད་དང་མཚུངས། །ཁྲིམས་ལྡན་དེ་ཡིས་བྱིན་བརླབས་ཤིང༌། །སྐྱེས་བུ་གསུམ་ནི་དོན་གཉེར་བའི། །བྱ་བ་མྱོང་བ་བརྒྱ་ཕྲག་ཙམ། །གནས་དེར་བསམ་གཏན་སྒོམ་པར་བྱེད། །དེ་ལའང་ཅུང་ཟད་ལྟ་བས་གནོད། །འདོད་ཡོན་བདུད་ཀྱི་གཡབ་མོ་འབྱུང༌། །བསམ་གཏན་ཆགས་སྡང་དག་ལ་འཆོར། །འོན་ཀྱང་སྤྲུལ་པས་བྱིན་བརླབས་པས། །ལྷ་དང་བཅས་པའི་མཆོད་པའི་གནས། །བཀུར་འོས་ཉིད་དུ་ངེས་པར་འགྱུར། །མདོར་ན་གནས་མཆོག་དེ་དག་ཏུ། །དང་པོ་བཞི་གྲྭ་ནས་བཟུང་སྟེ། །ཐ་མར་སྟོང་ཕྲག་ཕྱེད་དང་གསུམ། །བསླབ་པ་གསུམ་ལྡན་ཤཱཀྱའི་སྲས། །འགྲོ་བ་ཀུན་གྱི་མགོན་དུ་འགྱུར། །གནས་དེར་ཕྱོགས་དང་ཕྱོགས་མཚམས་ནས། །དགེ་འདུན་དཔག་མེད་འདུ་བར་འགྱུར། །སྤྱིར་ཡང་ལས་ཅན་ཕྱོགས་བཅུར་འགྲོ། །ཕྱི་ཡི་རྒྱ་མཚོ་དག་དང་མཚུངས། །ཆུ་བོ་བརྒྱ་ཡིས་གང་མི་ནུས། །ཇི་ཙམ་ཞིག་གི་དམའ་མི་ནུས། །ཞེས་སོགས་འཕགས་བོད་མཁས་གྲུབ་དུ་མས་ལན་གཅིག་མིན་པ་ལུང་གིས་ཡང་ཡང་བསྟན་པར་མཛད་དོ། །

                 གཉིས་པ་གང་དུ་ཇི་ལྟར་འཁྲུངས་པའི་ཚུལ་ནི། འཕགས་མཆོག་འཇིག་རྟེན་མགོན་པོའི་ཞིང་ཁམས་གངས་ཅན་ཁ་བའི་ལྗོངས་ཀྱི་མདོ་སྨད་གཡར་མོ་ཐང་གི་སའི་སྙང་པོ།ཙོང་ཁ་བདེ་ཁམས་བཅོ་བརྒྱད་ཀྱི་ཡུལ་གྲུའི་ཐིག་ལེ།ད་ལྟ་ཆོས་སྡེ་ཆེན་པོ་སྐུ་འབུམ་བྱམས་པ་གླིང་ཆགས་པའི་གཞི་འདི་ཉིད་ཡིན་ལ།དེ་ཡང་ཡབ་ཀླུ་འབུམ་ད་ར་ཁ་ཆེ་དང༌།ཡུམ་ཤིང་བཟའ་ཨ་ཆོས་གཉིས་ཀྱི་སྲས་སུ་རབ་བྱུང་དྲུག་པའི་བགྲང་བྱ་སོ་གཅིག་པ་གསེར་འཕྱང་ཞེས་པ་མེ་བྱ་༡༣༥༧ལོའི་ཟླ་བ་བཅུ་པའི་ཚེས་བཅུའི་ཉིན་རིགས་གསུམ་རྣམ་འཕྲུལ་གཅིག་ཏུ་བསྡུས་པའི་ངོ་མཚར་རྨི་ལྟས་དུ་མ་དང་བཅས་སྐུ་བལྟམས་པ་དང༌།

                 ལྟེ་མཚལ་གང་དུ་འཐོར་བ་ལས་ཙན་དན་ལྗོན་པ་འཁྲུངས་པའི་ལོ་མ་འབུམ་ལ་རྒྱལ་བ་སེང་གེ་ང་རོའི་སྐུ་རང་བྱོན་དུ་བྱུང་བ་མཆོག་དམན་ཀུན་གྱིས་མཐུན་སྣང་དུ་མཇལ་དུ་ཡོད་པ་བྱུང༌།

                  གསུམ་པ། ཆུང་གཞོན་ནུ་ཉིད་ནས་རྒྱལ་བའི་བསྟན་པའི་སྒོར་ཞུགས་ཚུལ་ནི། དགུང་ལོ་གསུམ་པ་ནས་འཕགས་མཆོག་འཇིག་རྟེན་དབང་ཕྱུག་གསུམ་ལྡན་ངུར་སྨྲིག་འཆང་པའི་རྣམ་པ་ཆོས་རྗེ་རྒྱལ་དབང་ཀརྨ་རོལ་བའི་རྡོ་རྗེའི་དྲུང་ནས་དགེ་བསྙེན་གྱི་སྡོམ་པ་བཞེས། ཆོས་རྗེ་འདིས་རྒྱལ་བའི་བསྟན་ལ་རྒྱལ་བ་རང་ཉིད་དང་འདྲ་བའི་མཛད་པ་སྟོན་པར་འགྱུར་བའི་ལུང་བསྟན།

                 དགུང་ལོ་བདུན་༡༣༦༣ནས་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་དྲུང་དུ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒོ་ནས་གསང་སྔགས་རྡོ་རྗེ་ཐེག་པའི་སྨིན་བྱེད་དབང་གི་སྒོར་བཅུག ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་མཚན་ལ་བློ་བཟང་གྲགས་པ་ཞེས་གསོལ་ཞིང༌།

                 དེ་ཡང་སྔོན་ཆོས་རྗེ་དོན་རིན་པ་དབུས་གཙང་གཉིས་སུ་དམ་པའི་ཆོས་ཀྱི་སློབ་གཉེར་ལ་ཕེབས་ནས། སྣར་ཐང་བ་མཆིམས་བློ་བཟང་གྲགས་པ་དང་བླ་མ་ཡེ་ཤེས་དཔལ་བ་ལ་སོགས་པའི་མཁས་གྲུབ་སྐྱེས་ཆེན་དུ་མ་བསྟེན་ནས་མདོ་སྔགས་གཉིས་ཀར་མཁས་པའི་རྩེར་སོན། ཞ་ལུའི་གདན་སར་དམ་བཅའ་མཛད་པས་བུ་སྟོན་ཐམས་ཅད་མཁྱེན་པས་ཤར་ཕྱོགས་ཀྱི་རིག་པའི་དཔའ་བོ་ཞེས་བསྔགས་པ་མཛད་པ། གང་ཉིད་མཆིམས་བློ་བཟང་གྲགས་པས་ཁྱོད་ཉིད་རང་ཡུལ་དུ་ལོག་ནས་བསྟན་པ་སྤེལ་ན་གདུལ་བྱ་མང་བ་དང་འགྲོ་དོན་ཆེ་ཞིང༌། ལྷག་པར་རྒྱལ་བའི་ལུང་གིས་ཟིན་པའི་སློབ་མ་ཁྱད་པ་ཅན་རྒྱལ་བའི་བསྟན་ལ་རྒྱལ་བ་རང་ཉིད་དང་མཚུངས་པ་ཞིག་འོང་བས་དེ་ཁྱོད་ཀྱིས་ལེགས་པར་སྐྱོངས་ལ་རབ་ཏུ་བྱུང་བའི་མཚན་ལ་ངའི་མིང་དེ་ག་རང་བཏགས་དགོས་ཞེས་ལུང་གི་བསྐུལ་བ་ལྟར་འདོགས་པ་ཡིན་ལ། རྒྱལ་བའི་མདོ་རྒྱུད་དུ་མའི་ལུང་གི་ཚིག་ཀྱང་མཚན་ཟུར་དང་མཐུན་པ་བྱུང་ངོ༌། །

                 དེ་ནས་མདོ་སྡེ་རྒྱན་ལ་སོགས་པའི་གཞུང་ཆེན་པོ་དག་ལ་གསན་བསམ་ཡང་རྒྱ་ཆེར་གནང༌། ཆོས་རྗེའི་དྲུང་དུ་ཕེབས་མ་ཐག་ནས་ཚེགས་མེད་པར་ཡིག་ཀློག་ལ་བྱང་བར་སྦྱངས། རབ་ཏུ་མ་བྱུང་བའི་སྔ་རོལ་ཏུ་དཔལ་རྡོ་རྗེ་འཇིགས་བྱེད་དང༌། འཁོར་ལོ་བདེ་མཆོག་དྲིལ་བུ་ལུགས་དང༌། ཀྱཻ་རྡོ་རྗེ་དང༌། ཕྱག་ན་རྡོ་རྗེ་ལ་སོགས་པའི་དཀྱིལ་འཁོར་དུ་བཅུག་ཅིང་དབང་བསྐུར། གསང་མཚན་དུ་དོན་ཡོད་རྡོ་རྗེ་ཞེས་བཏགས་ཏེ་རྡོ་རྗེ་ཐེག་པའི་སྒོར་སྨིན་པར་མཛད།

                 དབང་ཐོབ་པ་ནས་བཟུང་བདེ་མཆོག་ཀྱཻ་རྡོར། ཀུན་རིག གཤིན་རྗེའི་གཤེད་ལ་སོགས་པའི་དཀྱིལ་ཆོག་མང་པོ་ཐུགས་ལ་བཟུང༌། བདེ་མཆོག་དྲིལ་བུ་བའི་བདག་འཇུག་ལན་མང་དུ་བཞེས། ལྷའི་རྣལ་འབྱོར་དང་བཟླས་པའི་རིམ་པ་སོགས་ལ་གཅིག་ཏུ་གཞོལ། རྒྱུད་ནེ་དང་རྩ་བ་ཚང་གི་གདན་རབས་སུ། དབང་རྡོ་རྗེ་ཕྲེང་བ་ཡང་ཆོས་རྗེ་དོན་རིན་པ་ལས་གསན་པ་འདྲ་བ་ཞིག་གསུང་མོད། ཡོངས་གྲགས་ལ་འོག་ནས་འབྱུང་བ་ལྟར་འབྲི་གུང་སྤྱན་སྔ་བ་ལས་གསན་པར་གྲགས་སོ། །

                 ཁྱད་པར་དུ་བླ་མའི་བཀའ་བཞིན་ཨ་ར་པ་ཙ་ནའི་བསྙེན་པ་གྲངས་མང་བར་མཛད་པས་གཟིམ་ཆུང་གི་ལོགས་ཀུན་ཏུ་ཨ་ར་པ་ཙ་ནའི་ཡི་གེ་མང་པོ་བྲིས་པ་ལྟ་བུ་དང༌། རལ་གྲིའི་ཕྱག་མཚན་གྱི་གུར་ཕིབས་པ་སོགས་རང་བྱོན་མང་དུ་ཕེབས། དེའི་ཕྱིར་གཟིམ་སྤྱིལ་དེ་ལ་ད་ལྟའི་བར་ཏུ་ཨ་ར་པ་ཙའི་སྒྲུབ་ཁང་ཞེས་ཀུན་གྱི་རྣ་བའི་རྒྱན་དུ་གྱུར།

                 རྗེ་བདེ་ཁང་བས་མཛད་པའི་ཨ་ར་པ་ཙའི་མཆོད་རྟེན་གྱི་དཀར་ཆག་ལས། བསྙེན་སྒྲུབ་མཛད་སྐབས། བཞུགས་པའི་རྩྭ་སྤྱིལ་གྱི་ཕྱི་ནང་གི་ངོས་ཐམས་ཅད་ལྷག་པའི་ལྷའི་སྐུ་དང་ཨ་ར་པ་ཙ་དང་རལ་གྲིས་བར་མཚམས་མེད་པར་གཏམས་པའི་གཟིགས་སྣང་ཡབ་སྲས་གཉིས་ཀ་ལ་བྱུང༌། ཞེས་གསུངས་འདུག དགུང་ལོ་བདུན་གྱི་སྐབས་ཤིག་ནས་ཕྱག་རྡོར་གཏུམ་པོ་ཕྱག་གཉིས་པའི་རྣམ་པ་ཅན་ཞིག་ཡུན་རིང་བའི་བར་དུ་ནུབ་རེ་བཞིན་མནལ་ལམ་དུ་གསལ་ལམ་མེར་འཆར་བ་དང༌། ཁྱད་པར་ཇོ་བོ་རྗེ་མནལ་ལམ་དུ་རྒྱུན་པར་མཇལ་བ་ཞིག་བྱུང༌། ཕྱིས་དབུས་སུ་ཕེབས་དུས་སྐུ་འདྲ་གཟིགས་པ་ན་རྣམ་པ་ཇི་ལྟ་བར་འདུག་ཅེས་གསུངས།

                 འཇམ་དབྱངས་དང་དབྱངས་ཅན་མ་ལ་སོགས་པའི་སྒོ་ནས་ཤེས་རབ་འཕེལ་བའི་ཐབས་མང་དུ་གནང༌། རྒྱུད་སྡེ་བཞིའི་རྒྱུད་རྒྱ་གཞུང་དཀྱིལ་ཆོག་མན་ངག་ཆོས་སྐོར་སོགས་མང་དུ་སྩལ། ཁྱད་པར་དུ་བར་ཆད་སྲུང་བའི་ལྷ་འཁོར་ཆེན། ཤེས་རབ་ཀྱི་ལྷ་ཨ་ར་པ་ཙ་ན། ཚེ་ཡི་ལྷ་ཚེ་དཔག་མེད་ཛེ་ཏ་རི། མཐུན་རྐྱེན་སྒྲུབ་པའི་ལྷ་རྣམ་སྲས། མི་དང་མི་མིན་གྱི་གནོད་པ་སེལ་བའི་ལྷ་མགོན་པོ་ཕྱག་དྲུག་པ་རྣམས་ཆོས་རྗེ་རང་གི་ལྷག་པའི་ལྷ་ཡིན། དེ་རྣམས་ཁྱོད་ལ་སྟེར་བ་ཡིན་པས་བསྙེན་སྒྲུབ་དང་གཏོར་མ་མ་ཆག་པ་གྱིས་གསུང༌།

                 ཉིན་གཅིག་བྱིས་པའི་རྩེད་མོའི་རྣམ་པས་གོར་འཚེད་ཅིག་ལ་རྩེད་མོ་གནང་བས་ཁོའི་ལས་ལ་བར་བཅད་པས་ཁྲོས་ཏེ་གོར་ཐུར་གྱིས་བརྡེགས་པས་ཞལ་ལ་རྨ་ཞིག་བཏོད། རྡེག་མཁན་དེ་མ་འགྱངས་པར་ཁྲག་སྐྱུགས་ཏེ་ཤི། དེའི་རྐྱེན་གྱིས་རྗེ་དོན་རིན་པ་ཐུགས་ཁྲོས་པའི་ཚུལ་གྱིས་འགྲམ་ལྕག་བཏང་ནས་སྒོར་ཕུད། རེ་ཞིག་ན་ཉེ་གནས་ལ་ཁྱོད་སོང་ལ་གཞོན་ནུས་ཅི་བྱེད་ལྐོག་ཏུ་ལྟོས་གསུངས་པས། རྒྱབ་རིའི་རྩེར་དང་པོར་ཞལ་ས་ལ་གླན་ནས་བཤུམ། དེ་ནས་ཕྱག་གིས་ས་ལ་འབྲད་ཀྱིན་བཞུགས། མཐར་རྡོ་བ་མང་བོ་སྤུངས་ཏེ་གྲལ་བསྒྲིགས་པའི་ཚུལ་བྱས། །དེ་དག་ལ་ཕྱག་དབང་འཇོག་པའི་རྣམ་པ་དང༌། དབང་སྐུར་བ་དང་ཆོས་འཆད་པའི་རྣམ་འགྱུར་མཛད་པ་མཐོང་བས་བླ་མ་ལ་ཞུས་པའི་ཚེ་ཤིན་ཏུ་དགྱེས་ཤིང་རྟེན་འབྲེལ་ལེགས་པར་དགོངས་ཞེས་ཀྱང་འབྱུང་ངོ༌། །

                    བཞི་པ་དབུས་འགྱུར་དམ་པའི་ཆོས་ཀྱི་ཞིང་སར་ཇི་ལྟར་ཕེབས་པའི་ཚུལ་ནི། དགུང་ལོ་བཅུ་དྲུག་༡༣༧༢པར་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་བཀའ་ལྟར་རྗེ་རང་གི་ཞང་པོ་གཉིས་དང་མཉམ་མདོ་སྨད་ཀྱི་ཚོང་འགྲུལ་མང་པོ་དང་ཐབས་གཅིག་ཏུ་དབུས་ལམ་དུ་ཞུགས། རིམ་བཞིན་མདོ་ཁམས་ཏྲེ་ཤོད་ཡུལ་གྱི་རིགས་དང་ཆོ་འབྲང་ཕུན་སུམ་ཚོགས་པ་ཤིང་ས་ལ་ལྟ་བུ། ཨ་སྡུག་ཏྲེ་པོ་ལྭ་ག་ཚང་ལ་རྟེན་འབྲེལ་གྱི་སླད་གནས་ཚང་གཡར་ནས་བཞུགས་ཞག་མཛད་པས། དུད་ཁྱིམ་དེས་བསོད་སྙོམས་དང་འབུལ་བ་སོགས། བསྙེན་བཀུར་ཕུན་སུམ་ཚོགས་པར་ཞུས་པས། རྟེན་འབྲེལ་ལེགས་དུད་ཁྱིམ་འདི་ཉིད་ད་ནས་མི་རབས་མང་པོའི་བར་རིགས་རུས་ཆོ་འབྲང་ཕུན་སུམ་ཚོགས་ཤིང༌།

                 དཔལ་དང་འབྱོར་བའི་བསོད་ནམས་ཀྱིས་ནམ་ཡང་གུད་དུ་མེད་པར་འགྱུར་ལ། ཕྱིས་ནས་ངའི་རྗེས་སུ་འབྲངས་བའི་སྐུལ་ལྡན་ལས་འཕྲོ་ཅན་གྱི་སློབ་གཉེར་བ་ཇི་སྙེད་ཅིག་གནས་འདི་ནས་དབུས་ལམ་དུ་འོང་བས། ཁྱིམ་འདིས་དེ་དག་ལའང་གནས་གཡར་དང༌། བསོད་སྙོམས་ཀྱི་མཐུན་རྐྱེན་གང་ལེགས་སྦྱར་དགོས་པའི་ཞལ་བཀོད་གནང་བ་ལྟར། དུས་ཕྱིས་སུའང་ཁམས་དང་ཨ་མདོའི་ཁུལ་གྱི་སྟོད་གྲྭ་སའི་གྲྭ་རྒྱུན་རྣམས་དུད་ཁྱིམ་འདིར་བསོད་སྙོམས་སློང་སར་ཕེབས་པའི་སྲོལ་ཡོད་པར་སྣང༌། དེ་ནས་ཆབ་མདོར་སླེབས་པ་ན་གནས་དེར་བཞུགས་ཞག་མཛད་དེ་གནས་འདི་གནས་བརྟན་བ་ཀུ་ལས་བདག་གིར་མཛད་པའི་ཞིང་ཁྱད་པར་ཅན་ལགས་པས། མ་འོང་པ་ན་ཐུབ་བསྟན་དྲི་མ་མེད་པ་གསེར་སྦྱངས་བཙོ་མ་ལྟ་བུའི་གདན་ས་ཕུན་སུམ་ཚོགས་པ་ཞིག་ཆགས་པའི་ལུང་བསྟན་པ་ལྟར། ཕྱིས་བྱང་སེམས་ཤེས་རབ་བཟང་པོས་ཆབ་མདོ་བྱམས་པ་གླིང་གི་གདན་ས་ཕྱག་བཏབ་པ་སོགས་མདོ་དབུས་བར་གྱི་ས་ཁུལ་དུ་མར་བསྟན་པའི་བྱ་བ་རྒྱ་ཆེར་མཛད་བཞིན་ཕེབས། ཐོག་མར་འབྲི་གུང་དུ་ཕེབས་ཏེ། དེ་ནས་རིམ་གྱིས་ཕག་གྲུར་ཕེབས།

                 ལྔ་པ་ཐ་སྙད་རིག་གནས་ལ་མང་དུ་ཐོས་པ་རྒྱ་མཚོའི་ཕ་རོལ་ཏུ་སོན་པའི་ཚུལ་ནི། མཉམ་མེད་བཀའ་བརྒྱུད་ཀྱི་བསྟན་པའི་བདག་པོ་དཔལ་ཕག་མོ་གྲུ་པའི་གདན་ས་བ་སྤྱན་སྔ་གྲགས་པ་བྱང་ཆུབ་ལས་བྱང་ཆུབ་སེམས་ཀྱི་མན་ངག་སོགས་ཆོས་ཚུལ་དུ་མ་གསན། ཚལ་པ་སྨན་པ་དཀོན་མཆོག་སྐྱབས་ལས་གསོ་དཔྱད་རྒྱུད་བཞི་ཆ་ལག་དང་བཅས་པ་ཟུར་སྦྱངས་མཛད་པས། དུས་ཕྱིས་ཚལ་བ་དཀོན་སྐྱབས་པས་དེང་སང་བོད་གངས་ཅན་ལྗོངས་སུ་གསོ་དཔྱད་ལ་བློ་བཟང་གྲགས་པ་ལྟ་བུའི་མཁས་པ་སུ་ཡང་མེད་ཚོད་ཅེས་གསུངས་སྐུད། ཕྱིས་ལོ་ཆེན་ནམ་མཁའ་བཟང་པོ་དང༌། ས་བཟང་མ་ཏི་པཎ་ཆེན་གཉིས་ལས་སྒྲ་ཀ་ཙན་དབྱངས་གསུམ་དང༌། ཐོན་མིའི་བརྡ་སྤྲོད། སྨྲ་སྒོ། སྡེབ་སྦྱོར། མངོན་བརྗོད། སྙན་ངག་མེ་ལོང་མ་སོགས་སྒྲ་རིག་པའི་གཞུང་ལུགས་ཆ་ལག་དང་བཅས་པར་མཁས་པ་སྦྱངས་པས་གངས་ཅན་པའི་གཙུག་ལག་སྨྲ་བ་ཀུན་གྱི་དབུས་ན་འགྲན་ཟླ་མེད་པའི་མཁས་པར་གྱུར་ཏེ་ཕྱིས་སྤྱན་སྔ་གྲགས་བྱང་པ་དང༌། རྟག་ཏུ་ངུའི་རྟོགས་བརྗོད་སོགས་ཀྱང་ལྗགས་རྩོམ་མཛད་པས་མཁས་རྒུའི་ཡིད་ཀྱི་བརྟན་པ་འཕྲོག རྟོགས་ལྡན་རྔོ་སྙག་པ་ཡེ་ཤེས་རྒྱལ་མཚན་ལས་དཔལ་དུས་ཀྱི་འཁོར་ལོའི་ཕྱི་ནང་གཞན་གྱི་ཟབ་འཁྲིད་ཞུས་པའི་ཞོར་ལ་དིལ་འཁོར་གྱི་ཐིག་རྩ་དང༌། ཕྱི་དུས་ཀྱི་འཁོར་ལོ་ལས་འབྱུང་བའི་ཉི་ཟླ་གཟའ་འཛིན་སོགས་སྐུར་རྩིས་དང་ས་རིས་ཀུན་ཀྱང་ནང་བྱན་ཆུད་པར་བསླབས་ཏེ། མདོར་ན་དུས་ཕྱིས་ཐ་སྙད་རིག་པའི་གནས་ཀུན་ལ་གངས་རིའི་ཁྲོད་དུ་ས་པབྲསྤྱ༣་ཏ་དང་རྗེ་འདི་པ་ལས་མཁས་པ་མ་བྱུང་བ་གྲགས།

                 དྲུག་པ་མདོ་སྔགས་གཞུང་ལུགས་རྒྱ་མཚོ་ལྟ་བུ་ལ་ཐོས་པ་ཇི་ལྟར་བྱས་པའི་ཚུལ་ནི།དགུང་ལོ་བཅུ་བདུན་༡༣༧༣པར་དབུས་ཀྱི་ཆོས་གྲྭ་ཆེན་པོ་སྙེ་ཐང་བདེ་བ་ཅན་དུ་ཕེབས་ཏེ། སྙེ་ཐང་བ་བཀྲིས་སེང་གེ་དང་གདན་ས་བ་དགེ་བསྐོས་པ། སློབ་དཔོན་ཡོན་ཏན་རྒྱ་མཚོ། སློབ་དཔོན་ཨོ་རྒྱན་དཔལ་བཞི་ལ་བདེ་བ་གཤེགས་པའི་གསུང་རབ་ཐམས་ཅད་ཀྱི་སྙིང་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྐབས་དོན་མངོན་པར་རྟོགས་པའི་དོན་ལེགས་པར་བཤད་པ་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་རྩ་འགྲེལ་བཅས་གསན། ཡང་བླ་མ་འཇམ་རིན་པ་ལས་བྱམས་ཆོས་ལྷག་མ་བཞི་དང༌། རྗེ་རེད་མདའ་བ་ལས་བྱམས་ཆོས་ལྔ་ཀ་དང༌། དབུ་མ་རིགས་པའི་ཚོགས་དྲུག ཚད་མ་སྡེ་བདུན། འདུལ་བ་ལུང་སྡེ་བཞི་དང༌། མདོ་རྩ། མངོན་པ་མཛོད་དང༌། ཀུན་བཏུས་སོགས་དབུ་ཕར་འདུལ་མཛོད་ཚད་མ་བཅས་པའི་གཞུང་ཆེན་ཁག་ལ་འགྲན་དུ་མེད་པའི་མཁས་པར་གྱུར། རྗེ་རེད་མདའ་བ་ཆེན་པོ་དང་བུ་སྟོན་ཆོས་རྗེའི་དངོས་སློབ་དགེ་སློང་སྒྲ་ཚད་པ་རིན་ཆེན་རྣམ་རྒྱལ། མཁས་གྲུབ་ཁྱུང་པོ་རྣལ་འབྱོར། དཔལ་ལྡན་ས་སྐྱ་བའི་བླ་མ་དམ་པ་བསོད་ནམས་རྒྱལ་མཚན། རྟོགས་ལྡན་སྔོ་སྙག་པ་ཡེ་ཤེས་རྒྱལ་མཚན་སོགས་ལ་ཡི་དམ་གསང་བདེ་འཇིགས་གསུམ་དང་དཔལ་དུས་ཀྱི་འཁོར་ལོས་གཙོས་རབ་འབྱམས་རྒྱུད་སྡེ་རྒྱ་མཚོའི་གཞུང་ལུགས་ལ་གསན་བསམ་ཕུ་མཐར་སོན་པར་མཛད་ཅིང་དེ་དག་གི་དབང་ལུང་མན་ངག་ཆ་ལག་དང་བཅས་པ་བུམ་པ་གང་བྱོའི་ཚུལ་དུ་མནོས་ཏེ་རྒྱུད་སྡེ་རྒྱ་མཚོའི་མངའ་བདག་ཏུ་གྱུར།

                 ཆོས་གྲྭ་ཆེན་པོ་བདེ་བ་ཅན་དང༌། རྩེད་ཐང༌། གསང་ཕུ་ནེའུ་ཐོག །ངོར་ཆོས་སྡེ་སོགས་སྐབས་དེ་དུས་དགེ་འདུན་གྱི་འདུས་སྡེ་མང་ཞིང་བཤད་སྒྲུབ་ཀྱི་བསྟན་པ་ཆེས་ཆེར་དར་བའི་གདན་ས་ཆེན་པོ་དག་ཏུ་དབུ་ཕར་འདུལ་མཛོད་སོགས་ཀྱི་གྲྭ་སྐོར་མཛད་པས་གདན་ས་དེ་དག་ཏུ་བཞུགས་པའི་རྩོད་མེད་མཁས་པ་ཀུན་གྱི་ཡིད་ཀྱི་བརྟན་པ་རང་དབང་མེད་པར་འཕྲོག་སྟེ་མཁས་པའི་སྙན་པ་ཕྱོགས་ཀྱི་བུ་མོའི་རྣ་བའི་རྒྱན་དུ་གྱུར།

                 དགུང་ལོ་ཉེར་བཞི་༡༣༨༠པར་ཡར་ཀླུང་རྣམ་རྒྱལ་དགོན་དུ། བྱེ་རྫིང་མཁན་པོ་བཀའ་བཞི་པ་ཚུལ་ཁྲིམས་རིན་ཆེན་ལས་བསྙེན་པར་རྫོགས་པའི་སྡོམ་པ་བཞེས། རྟ་ཐུལ་དང་ཉེ་བར་འཁོར་ལྟར་བསླབས་པའི་བཅས་མཚམས་མིག་གི་འབྲས་བུ་ལྟར་བསྲུང་བའི་རྣམ་ཐར་རྨད་དུ་བྱུང་བ་ལྷུར་བླངས། ཇོ་བོ་བཀའ་གདམས་པའི་ཆོས་སྐོར་སྤྱན་སྔ་བ་ནས་བརྒྱུད་བཀའ་གདམས་ལམ་རིམ་དང༌། རྣལ་འབྱོར་དབང་ཕྱུག་དཔལ་ལྡན་དགོན་པ་བ་ལས་བརྒྱུད་པའི་བཀའ་གདམས་མན་ངག་པའི་ཆོས་རྒྱུན་ཀུན་གསང་བའི་བདག་པོ་མིའི་རྣམ་འཕྲུལ་ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་ལས་གསན། པོ་ཏོ་བ་ནས་བརྒྱུད་པའི་བཀའ་གདམས་གཞུང་པའི་ཆོས་རྒྱུན་ཡོངས་རྫོགས་བྲག་སྐོར་མཁན་ཆེན་ཆོས་སྐྱབས་བཟང་པོ་ལས་བུམ་པ་གང་བྱོས་ཀྱི་ཚུལ་དུ་གསན་ཏེ། བཀའ་གདམས་པའི་ཆོས་རྒྱུན་ཡོངས་རྫོགས་གཅིག་ཏུ་འདུས་པའི་བསྟན་པའི་བདག་པོར་གྱུར་པར་མ་ཟད།

                 ཕྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་ནས་ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་དང༌། བྲག་སྐོར་མཁན་ཆེན་ཆོས་སྐྱབས་བཟང་པོའི་བར་གྱིས་ཞལ་དངོས་སུ་གཟིགས་པར་མ་ཟད་ཇོ་བོ་ཆེན་པོས་རྗེའི་དབུ་ལ་ཕྱག་བཞག་སྟེ་བསྟན་པ་ལ་བྱ་བ་རྒྱ་ཆེན་པོར་མཛད་དང༌། དེའི་གྲོགས་བདག་གིས་བྱ་ཞེས་དབུགས་དབྱུང་བ་སོགས་མདོར་ན་རྒྱལ་བའི་མདོ་རྒྱུད་མཐའ་དག་གཞན་དྲིང་མེད་པའི་མཁས་པའི་ཕ་མཐར་སོན།

                 བདུན་པ། དེ་ལྟར་མཁས་པའི་གོ་སར་བརསྙེས་ནས་ཚུལ་བཞིན་སྒྲུབ་པ་རྟོགས་པའི་ཡོན་ཏན་ཇི་ལྟར་བསྙེགས་པའི་ཚུལ་ནི་མདོ་རྒྱུད་དགོངས་འགྲེལ་དང་བཅས་པའི་གཞུང་ལུགས་ཀུན་ལ་དྲི་མ་མེད་པའི་རིགས་པས་ཡང་དང་ཡང་དུ་དཔྱད་པ་ལས་གཞུང་ལུགས་ཐམས་ཅད་གང་ཟག་གཅིག་འཚང་རྒྱ་བའི་ཉམས་ལེན་གྱི་གདམས་པར་ཤར་བ་ལྟར་སྒྲུབ་པ་ལ་སྦྱོར་བས་རྡོ་རྗེ་འཆང་དང༌། ས་ར་ཧ། འཇམ་དབྱངས། ཀླུ་སྒྲུབ་ཡབ་སྲས། བྱམས་མགོན། ཐོགས་མེད་སྐུ་མཆེད་སོགས་རྒྱ་ཆེན་སྤྱོད་བརྒྱུད་དང༌། ཟབ་མོ་ལྟ་བརྒྱུད་ཉམས་ལེན་བྱིན་རླབས་བརྒྱུད་པ་སོགས་ཀྱི་ལྷ་དང་བླ་མ་མང་པོས་ཞལ་དངོས་སུ་གཟིགས་པ་དང༌། རྩ་ཤེས་རབ་བྱེད་བརྒྱད་པའི་བརྟེན་ནས་འབྱུང་བ་མེད་པ་ཡིན། ཞེས་པའི་ཐད་ཀྱི་འགྲེལ་བར་གཟིགས་ནས་སྟོང་པ་ཉིད་གསལ་ལེར་རྟོགས་པའི་ཚུལ་མཛད་པ་དང༌། ཏིང་ངེ་འཛིན་ཤིན་ཏུ་བརྟན་པོ་དང་ལྡན་པ་དང༌། མངོན་པར་ཤེས་པ་དང་རྫུ་འཕྲུལ་དུ་མ་མངའ་ཡང་ཕྱིས་འབྱུང་གདུལ་བྱའི་ཀུན་སྤྱོད་གཙང་བའི་ཆེད་སྦེད་པ་དང༌། བྱང་ཆུབ་ཀྱི་སེམས་རྩོད་མེད་དུ་གོམས་པ་སོགས་མདོར་ན་གསང་བ་བསམ་མི་ཁྱབ་པའི་གནས་སུ་དུས་གསུམ་བདེ་གཤེགས་ཀུན་ཀྱི་ཡབ་གཅིག་འཇམ་དཔལ་སྙིང་པོ་དང་མི་གཉིས་པས་གསང་བ་གསུམ་ཀྱི་ཡོན་ཏན་བརྗོད་པའི་ཡུལ་ལས་འགོངས་མོད་ཐུན་མོང་གདུལ་བྱའི་སྣང་ཚོད་ཀྱང་འདིའི་མངོན་པར་རྟོགས་པའི་ཡོན་ཏན་གྱི་ཚོད་གཞལ་བ་མ་ཡིན་ཏེ།

                 ལྷོ་བྲག་གྲུབ་ཆེན་ལས་ཀྱི་རྡོ་རྗེས་འཇམ་དབྱངས་སུ་མཇལ་བ་དང༌། གསང་བདག་གི་གསུང་ལས། གསང་འཛིན་ལས་ཀྱི་རྡོ་རྗེ་ལ། །སྔོན་ནས་ཉེ་བར་འགྲེལ་བ་ཡི། །བློ་བཟང་གྲགས་པ་འདི་ཉིད་ནི། །སངས་རྒྱས་ཀུན་གྱི་སྤྲུལ་པ་སྟེ། །པཎ་ཆེན་རྐྱང་གི་ལུས་བཟུང་ནས། །མདོ་དང་སྔགས་ཀྱི་དོན་བཤད་ཅིང༌། །ངེས་པ་ཁོ་ནར་འཚང་རྒྱའོ། །རྒྱ་གར་རྒྱ་ནག་བལ་བོ་དང༌། དབུས་གཙང་མདོ་ཁམས་ཡུལ་ཕྱོགས་སུ། །སྐྱེ་བ་བཟུང་ཞིང་འགྲོ་ཀུན་རྣམས། །ཐར་བའི་ལམ་ལ་འཁྲིད་པར་མཛད། །འཇམ་བའི་དབྱངས་ནི་ལྟག་པའི་ལྷ། །དབྱངས་ཅན་མ་ནི་ལས་རྒྱ་སྟེ། །ངེས་པ་ཁོ་ནར་བྱང་ཆུབ་པོ། །འཕགས་པའི་སློབ་མ་འདུ་བར་བྱེད། །ལུས་འདི་བོར་ཚེ་དགའ་ལྡན་དུ། །བྱམས་པའི་དྲུང་འགྲོ་ཆོས་ཉན་འགྱུར། །འཇམ་དཔལ་སྙིང་པོ་ཞེས་བྱ་བ། །སེམས་ཅན་ཀུན་ལ་བརྩེ་བ་སྟེ། །དེ་ནི་ས་བཅུའི་མཐར་ཕྱིན་ཏོ། །ཞེས་དང༌། ཡང༌། བློ་བཟང་གྲགས་པ་འདི་ཚོགས་རྒྱ་ཆེན་པོ་བསགས་པ་མཐོང་ཐོས་རེག་གསུམ་གྱི་ཕན་ཡོན་འཐོབ་པའི་གང་ཟག་ཡིན། སོ་སོའི་སྐྱེ་བོའི་སྣང་ངོར་སྦྱོར་ལམ་པར་གྲགས། ཁོ་བོ་ལག་ན་རྡོ་རྗེས་ཀྱང་འདིའི་ཡོན་ཏན་གྱི་མཐའ་རྟོགས་པར་མི་ནུས་སོ། །ཞེས་གསུངས་པ་ལྟར་རོ། །

                 བརྒྱད་པ། དེ་ལྟར་མཁས་བཙུན་གྲུབ་པའི་གོ་འཕང་མཐོན་པོར་བརསྙེས་ནས་བདག་ཉིད་ཆེན་པོ་འདིས་བསྟན་པ་ལ་བྱ་བ་ཇི་ལྟར་བྱས་པའི་ཚུལ་ལས། འཆད་པའི་སྒོ་ནས་བསྟན་པ་ལ་བྱ་བ་ཇི་ལྟར་བྱས་ཚུལ་ནི། དགུང་གྲངས་སོ་གསུམ་༡༣༨༩ལ་ཕེབས་པའི་སྐབས་ཡར་ཀླུང་མོན་མཁར་བཀྲིས་གདོང་དུ་སློབ་མ་འགའ་ཞིག་གི་ཇི་ལྟར་གསོལ་བ་བཏབ་པ་བཞིན། དབུས་གཙང་གི་སྟོན་པ་དང་མཁས་པ་ཕལ་ཆེ་བ་ཚོགས་པའི་དབུས་སུ་བྱམས་ཆོས་སྡེ་ལྔ་དང༌། དབུ་མ་རིགས་པའི་ཚོགས་ལྔ། མངོན་པ་གོང་འོག་གཉིས། དབུ་མ་འཇུག་པ། བཞི་བརྒྱ་པ། སྤྱོད་འཇུག འདུལ་བ་མདོ་རྩ། ཚད་མ་རྣམ་འགྲེལ་བཅས་རྒྱ་གཞུང་ཆེན་པོ་བཅུ་བདུན་དུས་གཅིག་ཏུ་འཆད་ཅིང༌། དེ་ཡང་འཆད་བྱེད་གཞུང་གང་དང་གང་ཡིན་པ་དེ་དང་དེའི་ཚིག་དོན་རྣམས་མ་འདྲེས་ཤིང་མ་མཛིངས་པ་མ་ནོར་བ་གྲུབ་མཐའ་རང་རང་གི་འདོད་ཚུལ་དང་ཁས་ལེན་གྱི་ཁྱད་པ་མི་འདྲ་བ། དྲང་བ་དང་ངེས་པའི་དོན་གྱི་འབྱེད་ལུགས་སྔོན་བྱོན་རྒྱ་བོད་ཀྱི་མཁས་པ་རྣམས་ཀྱི་བཞེད་སྲོལ་མི་འདྲ་བ་ཡོད་ལུགས་དེ་དག་ལས་གང་འཐད་པའི་ཕྱོགས་རང་ལུགས་ལ་ཁས་ལེན་ཚུལ་གོ་བའམ་དོན་གྱི་སྙིང་པོ་རྣམ་པར་དག་པ་འཚོལ་དགོསལུགས།   

                དེ་དག་ཐམས་ཅད་གཙོ་བོ་རང་བརྒྱུད་ལ་སྐུལ་ནས་ཉམས་སུ་ལེན་དགོས་ཚུལ་སོགས་ཞིབ་ཅིང་མཐའ་ཆོད་པའི་སྒོ་ནས་འདོམས་པར་མཛད་པས་ཆོས་ལན་གཅིག་གསུངས་པས་ཀྱང་གདུལ་བྱ་རྣམས་ཀྱི་རྒྱུད་ལ་རྨད་དུ་བྱུང་བའི་མྱོང་བ་ཐོན་པའི་ཁྱད་ཆོས་ལྡན་པས། སྐབས་དེའི་གསུང་ཆོས་སུ་འདུས་པའི་མདོ་དབུས་མཁས་པ་ཕལ་ཆེ་བའི་ཡིད་ཀྱི་བརྟན་པ་རང་དབང་མེད་པར་རྗེ་བླ་མ་རང་ལ་འགུགས་ཏེ་ཞབས་ཀྱི་རྡུལ་ཕྲན་དཔྲལ་བར་བླངས་ནས་སློབ་མར་གྱུར་པ་ལས་རྗེ་བླ་མའི་བསྟན་པ་འདི་ཉིད་ཐོག་མ་དར་བའི་རྨང་ཡང་འདི་ནས་བཙུགས་པར་སེམས། དེ་བཞིན་གནས་རསྙིང་དང༌། དབུས་སྟོད་བྱ་ཡུལ། སོས་རིགས་ལྔ་ལྷ་ཁང༌། དགའ་སྐྱོར་ཟུལ་གསུམ། རྭ་སྒྲེང༌། ལྷས་ཕུ་དགོན། འོན་བདེ་ཆེན་སྟེང༌། འོལ་དགའ་བྱམས་པ་གླིང༌། སེར་ར་ཆོས་སྡིང༌། དགའ་ལྡན་རྣམ་པར་རྒྱལ་པའི་གླིང་སོགས་སུ་མཁས་གྲུབ་གཉིས་ལྡན་གྱི་གདུལ་བྱ་ཤིན་ཏུ་མང་པོ་ལ་སྔ་ཕྱི་མདོ་སྔགས་ཀྱི་ཆོས་ཚུལ་རྒྱ་མཚོ་ལྟ་བུའི་བཀའ་ཆོས་དུ་མ་གནང་ངོ། །

                 རྩོད་པའི་སྒོ་ནས་བསྟན་པ་ལ་བྱ་བ་བྱས་ཚུལ་ནི། གོང་དུ་བཤད་པ་ལྟར་ཆོས་གྲྭ་ཆེན་པོ་བདེ་བ་ཅན་སོགས་སུ་གཞུང་ཆེན་པོ་དག་གི་གྲྭ་སྐོར་ལ་ཕེབས་ཏེ་ལུང་རིགས་སྨྲ་བའི་མཁས་མང་སྟག་སེང་ཁ་འཐབ་པ་ལྟ་བུའི་ཁྲོད་དུ། ཁས་ལེན་གྱི་འཛིན་མཚམས་དང༌། ལུང་གི་རྒྱབ་རྟེན་དང༌། རིགས་པའི་ཕུལ་མཚམས། གོ་བའི་བབས་སོ། མཐོང་ཐོས་ཀྱི་མྱོང་བ་སོགས་ཀྱིས་རྗེ་གོ་རྒྱ་དང་དམ་བཅའ་གང་ཅིར་བ་སྤུའི་བུ་ག་ཙམ་ཡང་གཡོ་འགུལ་མི་ནུས་པས་གངས་ཅན་པའི་ཁྲོད་ན་ངག་གི་དབང་ཕྱུག་ཏུ་གྲགས་པ་ཀུན་གྱི་གཙུག་ན་རྩོད་པའི་དབང་ཕྱུག་ཏུ་གྱུར་ཏེ། རྒྱལ་བའི་བསྟན་པ་ལ་མ་རྟོགས་པ་དང་ལོག་པར་རྟོག་པ་དང་ཐེ་ཚོམ་གྱི་དྲི་མ་མཐའ་དག་སུན་ཕྱུང་ཏེ་དྲི་མ་མེད་པའི་རིགས་ལམ་ཉི་ཟླའི་དཀྱིལ་འཁོར་ལྟ་བུས་ཕས་ཀྱི་རྒོལ་བའི་སྙིང་གི་མུན་པ་བསལ་བར་མཛད་དེ། བོད་ཀྱི་རྩོད་མེད་མཁས་པ་མང་པོས་རྗེ་བླ་མར་འགྲན་པའམ་ཡང་ན་གཞུང་ཆེན་པོའི་དཀའ་གནད་ཀྱི་འཛིན་མཚམས་འགའ་རེའི་ཐད་དགོངས་པ་མི་མཐུན་པ་བྱུང་ནའང༌། རྗེས་གསང་ཕུ་སོགས་སུ་གྲྭ་སྐོར་མཛད་སྐབས་ཕྲ་ཞིབ་རིགས་པའི་རྣམ་དཔྱོད་ཀྱི་ཚུལ་ལ་ཞུམ་ཞིང་ཁུམས་ནས།

                 རྗེ་བླ་མ་ཞལ་བཞུགས་པའི་རིང་ལ་སྐུ་དངོས་ཀྱི་མདུན་སར་རྩོད་པའི་སུན་འབྱིན་འབུ་སྦྲང་མའི་སྐུད་ཙམ་ཡང་སྒྲོགས་མཁན་མ་བྱུང་ཞིང༌། གལ་ཏེ་བྱུང་ནའང་རྗེའི་བ་སྤུ་ཙམ་ཡང་གཡོ་འགུལ་མི་ནུས་ཏེ། གོང་ས་ལྔ་པ་ཆེན་པོས། ཕྲ་ཞིབ་དཔྱོད་ཚེ་འཇམ་དབྱངས་གཞོན་ནུ་ཡི། །ཕྱིར་རྒོལ་མཛད་ཀྱང་དགག་པ་ལེགས་ནུས་པའི། །བློ་བཟང་གྲགས་པས་འཕྲུལ་ལྡན་བསྟན་པ་འགའ། །རྒྱལ་བའི་རྗེས་སུ་ཞུགས་དགོངས་ལྷག་མ་བཞག །ཞེས་གསུངས་པ་ནི་སྙན་ཚིག་གི་དཔེར་བརྗོད་ཙམ་མ་ཡིན་པར་དོན་ལ་གནས་པའི་སྡོམ་ཚིག་གཙང་མ་ཞིག་ཀྱང་ཡིན་ནོ། ། རྩོམ་པའི་སྒོ་ནས་བསྟན་པ་ལ་བྱ་བ་བྱས་ཚུལ་ནི། དགུང་ལོ་ཉེར་ལྔ་༡༣༨༡པར་ཚལ་གུང་ཐང་གི་གཙུག་ལག་ཁང་དུ་ལེགས་བཤད་གསེར་གྱི་ཕྲེང་བ་རྩོམ་པའི་དབུ་བཙུགས་ཏེ།

                 དགུང་ལོ་སོ་གཉིས་པར་མཇུག་རྫོགས་པ་མཛད། དགུང་ལོ་ཞེ་ལྔ་པ་༡༤༠༢རྭ་སྒྲེང་དུ་བྱང་ཆུབ་ལམ་རིན་ཆེན་མོ་མཛད། དགུང་ལོ་ཞེ་བརྒྱད་༡༤༠༥ པར་རྒྱ་སོག་ཕུར་སྔགས་རིམ་ཆེན་མོ་བརྩམས། དགུང་ལོ་ང་གཅིག་༡༤༠༨ སེ་ར་ཆོས་སྡིངས་སུ་དྲང་ངེས་ལེགས་བཤད་སྙིང་པོ་མཛད། དགུང་ལོ་ང་བཞི་༡༤༡༠ པར་བཤད་བརྒྱུད་ལྷ་མོ་བཞིས་ཞུས་པ་དང༌། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ཀྱི་རྣམ་བཤད་བརྩམས།

                 ང་ལྔ་༡༤༡༡ པར་རིམ་ལྔ་གསལ་སྒྲོན་བརྩམས། སེར་ར་ཆོས་སྡེངས་སུ་རྩ་ཤེར་རྣམ་བཤད་རིགས་པའི་རྒྱ་མཚོ། དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་འཇུག་པའི་རྣམ་བཤད་དགོངས་པ་རབ་གསལ་སོགས་མདོར་ན་སྙིགས་དུས་ཀྱི་གདུལ་བྱ་རྣམས་དབང་པོ་ཇེ་ཞན་ཇེ་ཞན་དུ་གྱུར་པ་ན་རྒྱས་པ་རྣམས་དོན་བསྡུ་བའི་སྒོ་ནས་འཆད་དགོས་པ་དང༌། མི་གསལ་བ་རྣམས་གསལ་བ་དང༌། གབ་པ་རྣམས་རྗེན་ཆེར་ཕྱུང་བ་དང༌། དཀྲུགས་པ་རྣམས་འཁྲིགས་སུ་སྡེབ་པ་དང༌། དྲང་ངེས་ཀྱི་ཁྱད་པ་ལ་སོགས་པ་གདུལ་བྱའི་དབང་པོ་དང་འཚམ་པའི་བསྟན་བཅོས་པོད་ཆེན་བཅོ་བརྒྱད་ད་ལྟར་མཐོང་ཆོས་སུ་ཡོད་པ་འདི་བཞིན་ལགས་ཏེ། ད་དུང་དེ་དག་ཏུ་མ་ཚུད་པའི་རྗེའི་གསུང་རྩོམ་མང་པོ་ཞིག་བྱང་རྭ་སྒྲེང་དགོན་པའི་ནང་ཡོད་པ་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེའི་རང་རྣམ་དུ་གསུང་འདུག་པས། དོ་སྣང་ཅན་ཚོས་གོ་སྐབས་དང་བསྟུན་ནས་རིག་གསར་རླུང་འཚུབ་ཀྱིས་ཁྱེར་ཡོད་མེད་གཟིགས་ཞིབ་གནང་རོགས་ཞེས་ཀྱང་འཕྲོས་གླེང་གི་ཚུལ་དུ་བསྐུལ་ལ།

                 དེ་ཡང་ལྷག་པའི་ལྷ་འཇམ་པའི་དབྱངས་ཀྱི་ཞལ་དངོས་སུ་གཟིགས་པ་དང༌། གསུང་གིས་གནང་བ་ཐོབ་པ། ཤེས་བྱ་རིག་པའི་གནས་ལྔ་ལ་མཁས་པའི་བསྟན་བཅོས་རྩོམ་པའི་རྒྱུ་ཕུན་སུམ་ཚོགས་པ་གསུམ་ག་ལྡན་པར་མ་ཟད་རྩོམ་པའི་ལེགས་བཤད་ཕལ་ཆེ་བ་ནི་འཇམ་པའི་དབྱངས་ཀྱི་གསུང་གིས་བསྐུལ་བ་ཤ་སྟག་ཡིན་ཞེས་རྗེའི་རྣམ་ཐར་ཚད་ལྡན་རྣམས་ལས་གསལ་ལ། སྤྱིར་ཡང་མཛད་པ་ཀུན་ལས་གསུང་གི་མཛད་པ་ནི་རབ་ཏུ་ཕུལ་དུ་བྱུང་བ་རྗེའི་གསུང་གི་མཛད་པ་མཐའ་དག་དཔྱད་པ་གསུམ་གྱིས་དག་པའི་གསུང་རབ་ཚད་མ་རྣམས་དང་རྣམ་པར་ཀུན་ཏུ་མཚུངས་པས། དོན་འདི་ལ་དགོངས་ནས་འདུ་ནག་པ་དཔལ་ལྡན་བཟང་པོས། སྐུལ་བཟང་རྣ་བའི་རྒྱན་གྱི་ལེགས་བཤད་གསུང༌། ཞེས་གསུངས་པ་ནི་རང་བཞིན་རྗེན་པར་བརྗོད་པའི་བསྟོད་ཚིག་སྟེ།

                 ད་དུང་ཆོས་བརྒྱུད་ཐ་དད་པའི་མཁས་པ་གཞན་དང་གཞན་གྱིས་རྗེའི་གསུང་རབ་ལ་བསྔགས་པ་བརྗོད་པ་མང་དུ་བྱུང་སྟེ་འོག་ཏུ་དཀྱུས་གཅིག་ཏུ་བཀོད་པར་འདོད་དོ། བསྟན་པའི་རྩ་བ་དམ་ཆོས་འདུལ་བའི་གཞུང་གི་ལག་ལེན་ཚུལ་བཞིན་བཀལ་ཏེ་བསྟན་པ་རྨང་ནས་གསོས་པའི་ཚུལ་ནི། རབ་ཏུ་བྱུང་བ་ནས་ཕྱི་དྲོའི་ཁ་ཟས་སྤངས་པ་དང༌། རུང་ཆུ་འདོན་པ་ཚུན་ཆད་རང་ཉིད་ཀྱིས་ལག་ལེན་ཚུལ་བཞིན་བསྟར་བར་མ་ཟད། དགུང་ལོ་ཞེ་དྲུག་པར་ཨར་བྱང་ཆུབ་ཡེ་ཤེས་ཀྱི་གདན་ས་གནམ་རྩེན་ལྡིང་དུ།

                  རྗེ་རེད་མདའ་བ་ཆེན་པོ་དང༌། རྗེ་བླ་མ། ལོ་ཆེན་སྐྱབས་མཆོས་དཔལ་བ་སྟེ་རྣམ་པར་གསུམ་གདན་འཛོམས་ཤིང༌། སྡེ་སྣོད་འཛིན་པའི་དགེ་འདུན་དྲུག་བརྒྱ་ལྷག་དང་བཅས་པ་དབྱར་གནས་ལ་བཞུགས་པའི་རིང་འདུལ་བའི་ཕྱག་ལེན་ཕྲ་མོ་ཚུན་ཆད་ནས་བསྟན་པའི་རྩ་བ་སོ་སོར་ཐར་པའི་རྨང་ནས་གསོས་ཤིང༌། བསྟན་པ་ལ་དག་ཐེར་མཛད་པ་ནས་ད་ལྟའི་བར་བོད་རྒྱ་ཧོར་སོག་ཀུན་ཏུ་ཐུབ་པའི་བསྟན་པ་འདི་ཉིད་འཛིན་པའི་ཕྱི་སྐུལ་ལྡན་དང་བ་འདྲེན་པའི་མིག་རྒྱན་དང༌། ནང་འབྱོར་ལྡན་བསོད་ནམས་གསོག་པའི་ཞིང་ས་དམ་པ་འདི་བཞིན་བྱུང་བ་ཡིན་ལ། རང་ཅག་ཕྱིས་འབྱུང་གི་གདུལ་བྱ་རྣམས་ཀྱིས་རྗེའི་བཀའ་དྲིན་འདི་ཙམ་ཡང་གཞལ་དུ་མེད་དོ། །དེའི་ཕྱིར་ཆོས་འབྱུང་སྨྲ་བ་ཁ་ཅིག་གིས་རྗེའི་མཛད་ཆེན་བཞིའི་ནང་གི་ཡ་གྱལ་གཉལ་གྱི་ལུང་ར་ཆེན་པོའི་ཚབ་ཏུ་འདི་ཉིད་བགྲངས་བའང་ཡོད་དོ། །

                 གཙུག་ལག་ཁང་གི་ཞིག་གསོ་དང་གདན་ས་ཕྱག་བཏབ་ནས་བསྟན་པ་ལ་བྱ་བ་ཇི་ལྟར་བྱས་པའི་ཚུལ་ནི། དགུང་ལོ་སོ་དྲུག་པར་འཇམ་པའི་དབྱངས་ཀྱིས་ཞལ་གཟིགས་ཤིང་གསུང་གིས་བསྐུལ་བ་ལྟར། འཇམ་དཀར་བ་སོགས་འཁོར་དག་པ་རྣམ་བརྒྱད་ཞབས་ཕྱིར་ཁྲིད་དེ་འོལ་ཁ་ཆོས་ལུང་དུ་བྱོན་ནས་ཕྱག་དང་མབྲསྤྱལ་སོགས་ཡན་ལག་བདུན་པའི་བསགས་སྦྱོང་མཛད།

          བླ་ཆེན་དགོངས་པ་རབ་གསལ་གྱི་སློབ་མ་གར་མི་ཡོན་ཏན་གཡུང་དྲུང་གིས་བཞེངས་པའི་རྫིང་ཕྱིའི་བྱམས་པའི་གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་པ་དུས་དབང་གིས་ཉམས་ཆག་ཏུ་ཕྱིན་པ་རྣམས་ཞིག་གསོ་ལེགས་པར་མཛད་དེ། འཇམ་པའི་དབྱངས་ཀྱིས་བསྐུལ་བ་ལྟར་བྱམས་བསྟོད་ཚངས་པའི་ཅོད་པན་མ་ལྗགས་བརྩམས་གནང་བས་རྟེན་འབྲེལ་གྱི་གནད་སྨིན་པ་བྱུང༌། འདི་ཉིད་རྗེའི་མཛད་ཆེན་བཞིའི་ནང་གི་གཅིག་ཏུ་བགྲངས་པ་ཡིན་ནོ། དགུང་ལོ་ང་གསུམ་༡༤༠༩པར་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་གདན་ས་ཆེན་པོ་འདི་ཉིད་ཕྱག་བཏབ་སྟེ་དཔལ་མཉམ་མེད་རི་བོ་དགའ་ལྡན་པ་ཞེས་མཚན་སྙན་གྱི་བ་དན་ནམ་ཡང་ནུབ་པ་མེད་པ་འདི་ཉིད་ཀྱི་གཞི་ཚུགས་པ་ཡིན་ནོ།

                 ལྷ་ལྡན་དུ་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཚུགས་ནས་བསྟན་པ་ལ་བྱ་བ་ཇི་ལྟར་བྱས་པའི་ཚུལ་ནི། དེ་ཡང་སྔོན་ཚེ་རྒྱ་གར་གྱི་གྲོང་ཁྱེར་མཉན་ཡོད་ཀྱི་གནས་སུ་སྟོན་པ་ཐུགས་རྗེ་ཅན་གྱིས་མུ་སྟེགས་ཀྱི་སྟོན་པ་རྫོགས་བྱེད་དང༌། ཀུན་ཏུ་རྒྱུ་གནག་ལྷས་ཀྱི་བུ་དང༌། སྨྲ་འདོད་ཀྱི་བུ་མོའི་བུ་ཡན་ལག་རྒྱལ་བ་ཅན་དང༌། མི་ཕམ་སྐྲའི་ལ་བ་ཅན་དང༌། ཀཀྱའི་བུ་ནོག་ཅན། གཅེར་བུ་བ་གཉེན་གྱི་བུ་སྟེ་མུ་སྟེགས་སྟོན་པ་སྡེ་དྲུག་འཁོར་ཚོགས་དང་བཅས་པ་ཆོ་འཕྲུལ་ཆེན་པོས་ཚར་བཅད་དེ་ཕམ་པར་མཛད་ནས་ཐུབ་པའི་རིང་ལུགས་རྣམ་པར་རྒྱལ་བའི་རྒྱལ་མཚན་ཕྱོགས་ཀུན་བསྒྲེངས་པ་ལ་མཉན་ཡོད་ཆོ་འཕྲུལ་ཆེན་པོ་ཞེས་ཡོངས་སུ་གྲགས་པ་ཉིད་ལ་སྔོན་འཕགས་ཡུལ་དུ་ཆོས་ཀྱི་རྒྱལ་བློན་དུ་མས་མཆོད་པ་བྱེད་པའི་སྲོལ་དར་བ་དང༌། དེ་བཞིན་རང་རེ་བོད་དུའང་མེས་དབོན་རྣམ་པའི་སྐབས་སུ་དུས་ཚིགས་འདིར་མཆོད་འབུལ་དང་སྨོན་ལམ་བྱེད་པའི་སྲོལ་མཆིས་ངེས་ཀྱང༌། དུས་ཀྱི་དར་རྒུད་ལ་བརྟེན་ནས་ཉམས་པ་དང༌། ལྷག་པར་རྣམ་པར་དཀར་བའི་མཆོད་སྦྱིན་གྱི་འདུ་འགོད་གཞི་རྒྱ་ཆེ་བའི་སྲོལ་ནི་མ་དར་བ་ལ།

                  རྗེ་ཙོང་ཁ་པ་ཆེན་པོ་འདི་ཉིད་ཀྱིས་ཐུབ་བསྟན་སྤྱི་སྒོས་དར་རྒྱས་ཡུན་གནས་ཡོང་བ་དང༌། ཁ་བ་རི་པའི་གཙོས་པའི་ལུས་ཅན་ཀུན་གྱི་བདེ་ཐབས་སུ་ཐུགས་བསྐྱེད་རླབས་པོ་ཆེས་ཀུན་ནས་བསླངས་ཏེ། དགུང་གྲངས་ང་གསུམ་པར་༡༤༡༠ལྷ་ལྡན་དུ་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དུས་བཟང་བཙུགས་ཏེ་བསྟན་པའི་སྦྱིན་བདག་ཆེན་པོ་སྣེའུ་དཔོན་སོགས་མདོ་དབུས་ཁམས་གསུམ་གྱི་དད་ལྡན་འབྱོར་པ་ཅན་ཆུ་ཁའི་བྱེ་མ་ལྟ་བུས་མཐུན་རྐྱེན་ཕུན་སུམ་ཚོགས་པར་སྦྱར། རབ་བྱུང་འདུས་སྡེ་ནམ་མཁའི་སྐུར་ཚོགས་ལྟ་བུ་འདུས་པས་ཧོར་ཟླ་དང་པོའི་ཚེས་གཅིག་ནས་ཚེས་བཅོ་ལྔའི་བར་ཆོས་རྒྱལ་མེས་དབོན་ཚུན་ནས་བྱུང་མ་མྱོང་བའི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་འདུ་འགོད་རླབས་པོ་ཆེ་མཛད།

                 ལྷག་པར་དུ་ཇོ་བོ་ཤཱཀྱ་མུ་ནེའི་དབུ་ལ་རིན་ཆེན་ས་ལེ་སྦྲམ་གྱི་དབུ་རྒྱན་དང༌། དངུལ་གྱི་ལྷུང་བཟེད་དང༌། གསེར་གྱི་ཁྲབྲསྤྱཆ། ཇོ་བོ་རང་བྱུང་ལྔ་ལྡན་དང༌། ར་མོ་ཆེའི་ཇོ་བོ་མི་བསྐྱོད་རྡོ་རྗེ་ལ་དངུལ་གྱི་པྲོག་ཞུ་ཕུལ་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཡུན་དུ་གནས་པའི་ཐུགས་བསྐྱེད་རླབས་ཆེན་གནང་བ་ལ་བརྟེན་ནས་ད་ལྟའི་བར་དུ་ཐུབ་བསྟན་སྤྱི་དང༌། ཡང་སྒོས་འཇམ་མགོན་བླ་མའི་བསྟན་པ་གསེར་སྦྱངས་བཙོ་མ་ལྟ་བུ་འདི་ཉིད་བོད་རྒྱ་སོག་གསུམ་ཙམ་དུ་མ་ཟད་ད་ལྟ་ནི་སྐུད་དང་ཤ་མདོག་མི་གཅིག་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་ཚུན་ཆད་དུ་ས་དར་རྡོ་དར་དུ་བྱུང་བ་འདི་བཞིན་ལགས་ཏེ་འདིར་ཐུབ་པའི་ལུང་གིས་ཀྱང་བསྟན་པ་ཡིན་ཏེ། ང་ཡི་གཟུགས་སྐུ་རྣམ་གཉིས་ལ། །དབུ་རྒྱན་མཆོད་པར་བྱེད་པ་འགྱུར། ཞེས་དང༌། རྒྱལ་པོའི་བཀའ་ཆེམས་ལས། དེ་ནས་ཁྱད་པར་བསྙེན་བཀུར་ཆེར་མཛད་པ། །དགེ་སློང་བྱང་སེམས་ཤར་ཕྱོགས་སྐུ་འཁྲུངས་པ། །གསང་སྔགས་འཆང་ཞིང་རྣལ་འབྱོར་ཆེན་པོ་ནི། །སྙིང་པོའི་མཐའ་རྟེན་སྐྱེས་ཆེན་དམ་པ་ནི། །ཞལ་བཟང་བསྒྱུར་ཞིང་བསྙེན་བཀུར་དམ་པ་མཛད། །དེ་ལ་བསྙེན་བཀུར་ཆེར་བྱེད་དེ་དག་ནི། །འཕགས་པའི་གང་ཟག་དགེ་སྦྱོང་ཤ་སྟག་འབྱུང༌། །ཞེས་དང༌། ཤར་ཕྱོགས་རྒྱ་ནག་ཡུལ་དང་ཉེ་བའི་ཆར། །ཤཱཀྱའི་དགེ་སློང་བློ་བཟང་ཞེས་བྱ་འབྱུང༌། །རྒྱལ་བའི་སྲས་པོ་གྲགས་པའི་མཐའ་ཅན་དེས། །ཤཱཀྱའི་རྒྱལ་པོ་ལོངས་སྤྱོད་རྫོགས་སྐུར་བསྒྱུར། དེ་ཕྱིར་འདུས་པ་ཉི་ཤུ་རྩ་ལྔ་པར། །ཤཱཀྱའི་ཞིང་ཁམས་འཕྲུལ་སྣང་གཙུག་ལག་ཁང༌། །སྨོན་ལམ་དག་པས་བྱང་སེམས་གཞན་དོན་མཛད། ཅེས་སོགས། ལུང་གི་ཡང་ཡང་བསྔགས་པར་མཛད་པའི་དོན་ནི་གཟུར་གནས་མཁས་པ་སུས་བལྟས་ན་གོ་སླ་བ་ཡིན་ནོ། །

                 དགུ་པ། མཛད་པ་དང་འཕྲིན་ལས་བཟང་པོའི་གདུགས་དཀར་ཡུག་གཅིག་གིས་ཡངས་པའི་ས་ཁྱོན་ཀུན་ལ་ཁྱབ་ཅིང༌། རྒྱ་བོད་ཀྱི་མི་དབང་ཆེ་རྒུ་ཀུན་གྱིས་དྲེགས་པའི་རལ་པ་སར་བསྙིལ་ཏེ་ཞབས་ཀྱི་རྡུལ་ཕྲན་སྤྱི་བོའི་རྒྱན་དུ་བླངས་པའི་ཚུལ་ནི། དེ་ཡང་སྡེ་བ་སྣེའུ་དཔོན་དང༌། སྤྱན་སྔ་བ་སོགས་སྲིད་ཀྱི་སྣ་བོར་གཏོགས་པའི་བོད་ཀྱི་ཆེ་རྒུ་མཐའ་དག་གི་ཞབས་རྡུལ་འཁོར་ལོའི་རེ་ཁཱ་སྤྱི་བོར་བཀོད། དགའ་ལྡན་རྣམ་པར་རྒྱལ་པའི་གླིང་གི་གདན་སར་མཐུན་འགྱུར་རྒྱ་ཆེར་འབུལ་བ་དང༌། སྡེ་པ་སྟག་རྩེ་བས་ཡོན་སྦྱར་ཏེ་དཔལ་གསང་བ་འདུས་པའི་རིམ་ལྔ་གསལ་སྒྲོན་དང་འགྲེལ་བ་བཞི་སྦྲགས་སོགས་ཀྱི་བཤད་འཁྲིད་རྒྱ་ཆེར་གནང༌། རྒྱུད་སྡེ་ལྷ་ཁང་གི་སྒྲུབ་མཆོད་སོགས་ཚོགས་ཁང་གཅིག་ཏུ་བྱས་ན་དབང་མ་ཐོབ་པ་རྣམས་ལ་དགག་བྱ་ཆེ་བར་དགོངས་ཏེ་གསང་སྔགས་སྒྲུབ་མཆོད་ཀྱི་ཚོགས་ཁང་ལོགས་སུ་བཞེངས་པའི་ནང་ཕ་རྒྱུད་འདུས་པ་དང༌། མ་རྒྱུད་བདེ་མཆོག་ཀྱཻ་རྡོར་སོགས་ཀྱི་བློས་བསླངས་དང༌། གཞན་ཡང་ཡི་དམ་སོ་སོའི་གསེར་ཟངས་ཀྱི་སྐུ་རྨད་དུ་བྱུང་བ་ཤ་སྟག་བཞེངས་ཏེ་དཔལ་གསང་བ་འདུས་པའི་སྒྲུབ་མཆོད་ཀྱི་སྲོལ་གཏོད་པ་ནས་ད་ལྟའི་བར་དུ་དགའ་ལྡན་སྟག་རྩེ་སྒྲུབ་མཆོད་ཅེས་བསྟན་པའི་གསོས་སུ་སྨན་པའི་སྲོལ་བཟང་གནས་བཞིན་པ་མ་ཟད། འདི་ཉིད་ལ་དགའ་ལྡན་སྟག་རྩེ་སྒྲུབ་མཆོད་ཅེས་རྗེའི་མཛད་ཆེན་བཞིའི་ཡ་གྱལ་གཅིག་ཏུ་བགྲངས་པ་ཡིན་ནོ། །

                 ཡང་ཤར་ཕྱོགས་མ་ཧཱ་ཙི་ནའི་ཡུལ་གྱི་མིང་རྒྱལ་རབས་ཀྱི་གོང་མ་ཡུང་ལོས་རྗེ་བླ་མའི་མཁས་བཙུན་བཟང་པོའི་མཛད་འཕྲིན་ཀྱི་རྣམ་པར་ཐར་པའི་ཚུལ་ཐོས་ནས་དད་པས་ཡིད་དབང་འཕྲོག་སྟེ། རྒྱ་ནག་ཏུ་གདན་དྲངས་པའི་ཕོ་ཉ་སྔ་ཕྱིར་འབུལ་བ་བཏོས་ཆེན་བཅས་མངགས་ནའང་དགག་བྱ་དང་དགོས་པའི་གནད་ལ་གཟིགས་ཏེ་སྐུ་དངོས་ཕེབས་པ་མ་གནང་ཞིང༌། དེའི་ཚབ་ཏུ་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་གཏོང་བས་འགྲོ་དོན་རྒྱ་ཆེར་འཕེལ།

                 དགེ་ལྡན་པའི་གསེར་སྦྱངས་གཙང་མའི་རིང་ལུགས་ཤར་ཕྱོགས་རྒྱ་ནག་ཏུ་དར་བའི་དབུ་ཚུགས་པ་དང༌། བཀའ་དང་བསྟན་འགྱུར། དེ་བཞིན་རྗེ་ཡབ་སྲས་ཀྱི་གསུང་རབ་རྣམས་ཤིང་པར་དུ་སྐྲུན་པའི་མཛད་རྗེས་རླབས་ཆེན་བྱས་པ་ལས་གངས་རིའི་ཁྲོད་དུ་ཤིང་དཔར་གྱི་ལམ་སྲོལ་དར་བ་ནས་ད་ལྟའི་བར་འཛམ་གླིང་ཧྲིལ་བོའི་ཁྱོན་ལ་པར་ཤིང་གི་གྲངས་འབོར་བོད་ལས་མང་བ་གཞན་སུ་ལའང་མེད་པ་འདི་ཡང་རྗེ་ཙོང་ཁ་པ་ཆེན་པོའི་འཕྲིན་ལས་ཀྱི་ཟུར་ཆ་ཞིག་ཡིན་ནོ། །

                 བཅུ་པ། དེ་ལྟར་མཛད་པ་དང་འཕྲིན་ལས་བཟང་པོས་རྒྱལ་བའི་བསྟན་པ་སྤྱི་དང༌། ཡང་སྒོས་ཞྭ་སེར་བསྟན་པའི་ལུགས་བཟང་འདི་ཉིད་འགྲོ་བ་ཡོངས་ཀྱི་གསོས་སུ་རྒྱ་ཆེར་སྤེལ་ནས་ཞིང་འདིར་རགས་པའི་སྤྲུལ་སྐུ་གདུལ་བྱའི་སྣང་ངོར་བསྡུས་ནས་དགའ་ལྡན་གནས་སུ་རྒྱལ་བ་མ་ཕམ་པའི་དྲུང་དུ་ཇི་ལྟར་བྱོན་པའི་ཚུལ་ནི། དེ་ཡང་རྒྱལ་བའི་བསྟན་ལ་རྒྱལ་བ་གཉིས་པ་ལྟར་ཕྱི་རུ་ཉན་ཐོས་སྤྱོད་པའི་ཞི་ཞིང་དུལ་བ་དང་ནང་དུ་རིམ་གཉིས་ཀྱི་རྣལ་འབྱོར་ལ་གོམས་པའི་གདེང་ཚད་དང་ལྡན་པའི་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་འདི་བཞིན་རྒྱ་ཆེར་སྤེལ་ནས་སྲས་ཀྱི་ཐུ་བོ་རྒྱལ་ཚབ་དར་མ་རིན་ཆེན་ལ་དབུ་ཞྭ་བཞེས་འཕྲོ་ཅན་དང་གོས་བན་བཅས་རྟེན་སྐུལ་དུ་གནང་ནས་དོན་གྱི་རྒྱལ་ཚབ་ཏུ་དབང་བསྐུར།

                རྗེ་འཇམ་དབྱངས་ཆོས་རྗེ་བཀྲིས་དཔལ་ལྡན་ལ་དགའ་ལྡན་འགོག་པ་རི་ནས་གཏེར་དུ་བླངས་པའི་ཆོས་དུང་གཡས་འཁྱིལ་ཞིག་གནང་ནས་གངས་ཅན་གྱི་ན་ལེན་དྲ་གཉིས་པ་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་དཀར་སྤུངས་པའི་གླིང་འདེབས་པའི་ཞལ་འཆེམས་དང༌། བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་ལ་ཤིང་སེ་བའི་ར་བས་བསྐོར་བའི་ཆོས་སྡེ་ཆེན་པོ་སེ་ར་ཐེག་ཆེན་གླིང་ཕྱག་འདེབས་པའི་ཞལ་ཏ་དང༌། པཎ་ཆེན་དགེ་འདུན་གྲུབ་པ་ལ་ཐང་གོས་བཞེས་འཕྲོ་ཅན་དང་བཅས་བཀའ་གདམས་གླེགས་བམ་དུ་ལུང་བསྟན་པ་ལྟར་གྱི་ཆོས་སྡེ་ཆེན་པོ་བཀྲིས་ལྷུན་པོ་དཔལ་གྱི་བདེ་ཆེན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་ཕྱག་འདེབས་པའི་ཞལ་འཆེམས་དང༌། སྣ་ཐང་བ་རྗེ་ཤེས་རབ་སེང་གེ་ལ་གསང་སྔགས་རྒྱུད་སྡེ་བཀའ་སྲོལ་སྐྱོང་བའི་ཞལ་འཆེམས་གནང་བ་སོགས་ཕྱིས་ཀྱི་བསྟན་པ་རིན་པོ་ཆེ་ནམ་ཡང་མི་ནུབ་པར་བླ་ནས་བླ་ན་འདེབས་པའི་ཞལ་ཏ་དང་ཐུགས་སྨོན་རྒྱ་ཆེར་གནང་སྟེ་རབ་བྱུང་བདུན་པའི་ས་ཕག་དགུང་གྲངས་རེ་གསུམ་༡༤༡༩ཧོར་ཟླ་བཅུ་པའི་ཚེས་ཉེར་ལྔར་འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་མྱ་ངན་ལས་འདས་པའི་ཚུལ་བསྟན།

                 རྗེས་འཛིན་སློབ་མ་རྣམས་ཀྱིས་ཡི་དམ་རྒྱུད་སྡེའི་སྒྲུབ་མཆོད་དང༌། སྤོས་དང་དཀར་མེ་ལ་སོགས་པའི་ཀུན་བཟང་མཆོད་སྤྲིན་རྒྱ་མཚོའི་བཀོད་པ་བློ་ཡུལ་ལས་འགོངས་པ་བྱས་པ་ནས་ད་ལྟའི་བར་དུ་དགའ་ལྡན་ལྔ་མཆོད་ཆེན་པོ་ཞེས་དུས་ཚིགས་འདིར་སྤོས་དང་དཀར་མེ་སོགས་ཀྱི་མཆོད་འབུལ་རྒྱ་ཆེན་བྱེད་པའི་ལམ་སྲོལ་བྱུང་བ་འདི་བཞིན་ལགས་སོ། །

                 རྗེ་བླ་མའི་རགས་པའི་སྐུའི་རྣམ་པ་ཡང་གཞོན་ནུ་ན་ཚོད་བཅུ་དྲུག་ལོན་པའི་རྣམ་པ་ཅན་གྱི་འོད་ཀྱི་གོང་བུར་གྱུར། མེ་ཏོག་གི་ཆར་དང་འཇའ་ཚོན་ལྷའི་རོལ་མོ་འཁྲོལ་བ་སོགས་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་བྱུང༌། སློབ་མའི་ཚོགས་ལས་རྒྱལ་ཚབ་དང༌། འདུལ་འཛིན་གཉིས་ཀྱི་ཁུར་གཙོ་བོ་བླངས་ནས་སྐུ་པུར་ཙན་དན་གྱི་སྒྲོམ་དུ་བཞུགས་སུ་གསོལ་ཏེ་དད་ལྡན་ཆེ་རྒུ་ཚོགས་ཀྱིས་ཕུལ་བའི་དངུལ་བྲེ་ཆེན་བཅོ་བརྒྱད་ཀྱིས་རིན་ཆེན་ཕྲ་རྒྱན་ཕུན་སུམ་ཚོགས་པའི་རྣམ་རྒྱལ་མཆོད་རྟེན་བཞེངས། དེའི་བུམ་པའི་ནང་དུ་སྐུ་གདུང་རིན་པོ་ཆེ་ཅུང་ཟད་ཀྱང་མ་ཉམས་པ་སྣམ་སྦྱར་གྱིས་གཡོགས་ནས་ཡི་དམ་གྱི་ལྷར་བསྐྱེད། ཞལ་འབྲི་གུང་ཕྱོགས་སུ་གཟིགས་ཤིང་སྐུ་རྒྱབ་གཙང་ཕྱོགས་སུ་གཏད་དེ་ལྷར་བཅས་འགྲོ་བ་ཡོངས་ཀྱི་བསོད་ནམས་ཀྱི་ཞིང་སར་དམ་པར་བཞུགས་སུ་གསོལ་བ་ནས་ཤར་ཕྱོགས་ཀླ་ཀློས་བཙན་འཛུལ་མ་བྱས་བར་དུ་འགྲོ་བ་རྣམས་ཀྱི་བསོད་ནམས་ཀྱི་ཞིང་སར་བཞུགས་པ་ལགས་སོ། །

                 བཅུ་གཅིག་པ། རྗེའི་བསྟན་པ་འཛིན་པའི་དངོས་སློབ་ཇི་ལྟར་བྱུང་བའི་ཚུལ་ནི།  དེ་ཡང་རྗེ་ཐམས་ཅད་མཁྱེན་པ་ལ་ཆོས་འབྲེལ་ཞུས་པའི་སློབ་མ་ནམ་མཁའི་སྐུར་ཚོགས་དང་ས་གཞིའི་དྲེགས་པ་ལྟར་མང་བས་རེ་རེ་བཞིན་བརྗོད་ཀྱི་མི་ལངས་བར་མ་ཟད་མཁས་པ་དང་གྲུབ་པ་བརསྙེས་པའི་དངོས་སློབ་མཐའ་དག་ཀྱང་བརྗོད་པར་མི་ནུས་མོད། དེ་དག་ལས་མཛད་པ་དང་འཕྲིན་ལས་ཆེས་ཆེར་སྐྱོང་པའི་དངོས་སློབ་འགའ་ཞིག་རྗེའི་རྣམ་ཐར་ཚད་ལྡན་དག་ལས་འབྱུང་བ་རྣམས་ལས་རགས་ཙམ་བཀོད་ན། རྒྱལ་ཚབ་ཐམས་ཅད་མཁྱེན་པ་སོགས་སྲས་ཀྱི་ཐུ་བོ་གཉིས་སམ་གསུམ། རྗེ་རེད་མདའ་བ་སོགས་ཆོས་འབྲཻལ་གསན་མྱོང་བའི་བླ་མ་གསུམ། སྔ་ཚར་བཞི། ཕྱི་ཚར་བརྒྱད། འཕྲིན་ལས་ཆེ་བའི་བུ་ཆེན་ལྔ། བསྟན་པའི་སྒྲོན་མེ་བཅུ། བྱང་སེམས་གཞན་དོན་ནུས་པ་དྲུག །མི་དབང་གཙུག་ན་བཀུར་བའི་ཏི་ཤྲིའ་གཉིས། མང་ཐོས་དབོན་སྲས་གཉིས། སྦྱངས་པའི་ཡོན་ཏན་ཀྱིས་མཛེས་པ་གཉིས། རྣམ་དཔྱོད་ཕུལ་དུ་བྱུང་བའི་མཁས་པ་གཉིས། བསྟན་པ་ཕྱོགས་མཐར་སྤེལ་བའི་དར་ཆེན་དྲུག སྐུད་གཉིས་སྨྲ་བའི་ལོ་ཙཱ་གཉིས། སྡེ་བདག་གི་རིན་པོ་ཆེ་དྲུག། གསུང་རབ་མང་དུ་མཁྱེན་པ་བརྒྱད། མདོ་རོང་གི་མཁས་པ་བཞི། སྐྱེས་བུ་ཡ་མཚན་ཅན་གཉིས། སྤྱན་སྔ་བརྒྱད། ཁྲི་ལ་འཛེགས་པའི་ཟླ་མེད་བཞི། མཁས་ཆེན་བཞི། ཆེན་པོ་ལྔ། ཆོས་སྒོ་བ་གཉིས། བཀའ་བཅུ་བ་བཞི། བཀའ་བཞི་པ་བཅུ། ཇོ་ལྡན་བཞི། གནས་བརྟན་དྲུག། རྟོགས་ལྡན་ལྔ། གཞན་ཡང་ལྷ་གཟིགས་གྲགས་པ་རྒྱ་མཚོ་སོགས་རང་རྐྱ་འཕེར་བ་བརྒྱ་དང་བཞི་བཅུ་ཏེ། འདི་དག་ནི་ཡོངས་གྲགས་ཀྱི་བུ་སློབ་རགས་རིམ་གྱི་དབང་དུ་མཛད་པ་ཡིན་ལ། ཟང་ཟང་ནེ་རིང་པ་འཆི་མེད་རབ་རྒྱས་ཀྱིས་རྣམ་ཐར་གསེར་གྱི་མཆོད་སྡོང་དུ་གོང་དུ་སྨྲས་པ་དང་མ་སྨྲས་པའི་བུ་སློབ་དེ་དག་གི་ནང་ནས་ཆེས་མཆོག་ཏུ་གྱུར་པའི་སྐྱེས་ཆེན་བདུན་ཅུ་ལོངས་པ་ཙམ་ཞིག་སྡེ་ཚན་ཉི་ཤུར་བསྡུས་ཏེ། དེ་དག་གི་རྣམ་ཐར་ལོ་རྒྱུས་མདོར་བསྡུས་རེ་དང་བསྒྲགས་ནས་གསུང་འདུག་པ་ལས་འདིར་མཚན་བྱང་ཙམ་ཞིག་འགོད་ན། ལུང་བསྟན་རྣམ་དག་ཡོད་པའི་ཐུགས་སྲས་བུ་ཆེན་བདུན། སྔོན་དུས་བྱ་བྲལ་ཕེབས་དུས་ཕྱག་ཕྱི་བ་བློས་བཏང་བརྒྱད། སྐུ་སྙུང་དུས་སྙུན་གཡོག་མཛད་ཅིང་སྐུ་རིམ་རྐང་ཚུགས་མཛད་པའི་བུ་ཆེན་བརྒྱད།

                  གདན་སའི་ལུགས་གཉིས་སྤེལ་བའི་བུ་ཆེན་མཁས་གྲུབ་བརྒྱད། ཡི་གེས་ཐུགས་ཟིན་པའི་བུ་ཆེན་གསུམ། འཕྲིན་ལས་རྩོད་པ་མེད་པའི་བུ་ཆེན་གསུམ། སྒྲུབ་པ་གཙོ་བོ་མཛད་པའི་བུ་ཆེན་རྟོགས་ལྡན་གྱི་མཚན་ཅན་བཞི། རི་སྒྲུབ་གཉིས། གཞུང་ལུགས་རབ་འབྱམས་མཁྱེན་པའི་མཁས་མཆོག་གཉིས། སྟོད་སྨད་ཀྱི་ཤེར་བཟང་རྣམ་གཉིས། བྱང་སེམས་རྣམ་གཉིས། སེམས་དཔའ་རྣམ་གཉིས། གྲགས་པ་རྣམ་གཉིས། བཀའ་བབས་ཀྱི་བུ་ཆེན་དྲུག། སྡེ་དཔོན་གྲུབ་ཐོབ་ཀྱི་བུ་ཆེན་རྩོད་མེད་གསུམ། རིགས་རུས་ཁུངས་བཙུན་གྱི་མཁས་གྲུབ་རྣམ་པར་གསུམ། རྒྱལ་ཚབ་བསྟན་འཛིན་གྱི་བུ་ཆེན་རིན་པོ་ཆེ་རྣམ་པ་གསུམ། སྡེ་དཔོན་ཐུགས་གྲོལ་གྱི་མཁས་པ་གཅིག བྱ་གཏང་སྦས་པའི་གྲུབ་ཐོབ་གཅིག མཁས་མཆོག་ཡོངས་གྲགས་ཀྱི་ཆོས་རྗེ་གཉིས། བྱ་བཏང་ཡོངས་གྲགས་ཀྱི་གྲུབ་ཐོབ་གཅིག་རྣམས་སོ། སྡེ་ཚན་དང་དབྱེ་སྒོ་དེ་དག་ཀྱང་རང་དགར་གྱིས་བསྒྲིགས་པ་མིན་པར་ལྷ་དང་བླ་མའི་ལུང་བསྟན།

                 མཛད་པ་དང་འཕྲིན་ལས་ཡུལ་དང་དུས་སོགས་ལ་བརྟེན་ནས་རྗེའི་ཞལ་གཟིགས་དང་དག་སྣང་བྱུང་བའི་རྗེ་བླ་མའི་རྣམ་ཐར་མཛད་མཁན་ཚོས་བཀོད་པ་ལྟར་བསྒྲིགས་པར་ལགས་ཤིང༌། ཆོས་འབྲེལ་ཙམ་གསན་པའི་དབང་དུ་བྱས་ན་རོང་སྟོན་སྨྲ་བའི་སེང་གེ་དང༌། ངོར་ཆེན་ཀུན་དགའ་བཟང་པོ་གཉིས་ཀྱང་བགྲངས་དུ་རུང་ངོ། ། བུ་ཆེན་དེ་དག་གི་མཚན་རེ་རེ་ནས་བགྲང་ན་མངས་སུ་དོགས་ནས་མ་བྲིས་ལ། ཤེས་པར་འདོད་ན་རྣམ་ཐར་གསེར་གྱི་མཆོད་སྡོང་དང༌། རྗེའི་རྣམ་ཐར་ཆེན་པོ་ཐུབ་བསྟན་མཛེས་རྒྱན་སོགས་སུ་གཟིགས་པར་བྱ་ཞིང༌། ད་དུང་རྗེའི་རྣམ་ཐར་ཡིད་ཀྱི་མཛེས་རྒྱན་དང༌། ཐུའུ་བཀྭན་ཆོས་ཀྱི་ཉི་མའི་གྲུབ་མཐའ་ཤེལ་ཀྱི་མེ་ལོང་སོགས་ལ་ཞིབ་ཏུ་གཟིགས་ཏེ་རྗེ་བླ་མའི་སློབ་མ་སྐྱེས་ཆེན་སུ་དང་སུ་ཞིག་བྱུང་ཡོད་པ་ཅིས་ཀྱང་ངེས་པར་གནང་དགོས། བཅུ་གཉིས་པ། རིགས་གསུམ་གཅིག་བསྡུས་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་འདི་ཉིད་ཀྱི་མཁས་བཙུན་བཟང་གསུམ་དང༌། ལྟ་སྒོམ་སྤྱོད་གསུམ། འཆད་རྩོད་རྩོམ་སོགས་ལ་གྲུབ་མཐའ་དང་ཆོས་བརྒྱུད་གཞན་དང་གཞན་གྱིས་བསྟོད་བསྔགས་དང་འགྱོད་བཤགས་ཇི་ལྟར་བྱས་པའི་ཚུལ་ནི།

                 དེ་ཡང་རྒྱལ་བའི་མདོ་རྒྱུད་དུ་མ་ནས་ལུང་གིས་ཡང་ཡང་བསྟན་པའི་རྗེ་བླ་མ་འདི་ཉིད་ཀྱི་མཁས་བཙུན་བཟང་པོའི་ཡོན་ཏན་ལ་བརྟེན་ནས་སྐབས་དེའི་མདོ་དབུས་ཁམས་གསུམ་གྱི་མཁས་པ་དང་བཙུན་པ་ཕལ་ཆེར་བ་རྗེ་བླ་མའི་ཞབས་རྡུལ་གཙུག་ཏུ་ལེན་པ་དང༌། སྣེའུ་གདོང་གོང་མ་ཆེན་པོ་སོགས་དབུས་གཙང་གི་ཆེ་རྒུ་མཐའ་དག་གུས་འདུད་པ་ལྷུར་བླངས་ཏེ་རསྙེད་པ་དང་བཀུར་བསྟི་རྒྱ་ཆེར་ཞུས་པ་བཅས་ཀྱིས་དགེ་ལྡན་རིང་ལུགས་གཙང་མ་འདི་ཉིད་ཐོལ་བྱུང་དུ་སྟོན་ཀའི་ཟླ་བ་དང་དབྱར་གྱི་རྒྱ་མཚོ་ལྟར་རྒྱས་པ་ན། གྲུབ་མཐའ་དང་ཆོས་བརྒྱུད་གཞན་དང་གཞན་གྱི་སྐྱེས་ཆེན་དམ་པ་འགའ་ཞིག་གིས་རང་གི་ལྟ་གྲུབ་ལ་ཞེན་པ་དང༌། རྗེའི་དགོངས་པའི་ལྟ་གྲུབ་ཀྱི་རྣམ་བཞག་འགའ་ཞིག་ཐུགས་བློར་མ་ཤོང་ཡང་རྗེ་ཙོང་ཁ་པ་སྐུ་གཞོན་པའི་སྐབས་གསང་ཕུ་སོགས་སུ་གྲྭ་སྐོར་མཛད་སྐབས་ཁས་ལེན་དང་འཛིན་མཚམས། ལུང་རིགས་ཀྱི་བརྟེན་སོ། གོ་བའི་བབས་སོ། གང་ཅིར་ཐུགས་རབ་ནམ་མཁའ་ལྟར་ཡངས་ཤིང་རྒྱ་མཚོ་ལྟར་ཟབ་པའི་ཚུལ་ཇི་བཞིན་ཤེས་སྟབས་རྗེ་བླ་མ་སྐུ་དངོས་ཀྱི་གམ་དུ་རྩོད་པའི་སྤོབས་པ་མེད་པར་ལོག་ཏུ་དགག་ཡིག་སྤེལ་བ་དང་ངན་སྨྲས་བྱེད་པ་ཡང་འགའ་རེ་བྱུང་ཡང༌། དེ་དག་གི་ཁྲོད་ནས་བློ་གཟུར་བོར་གནས་པའི་སྐྱེས་ཆེན་མཁས་པ་མང་ཆེ་བས་རྗེ་བླ་མ་ལ་ནོངས་འགྱོད་དང་བསྟོད་བསྔགས་རྒྱ་ཆེར་ཕུལ་བར་མ་ཟད། དུས་ཕྱིས་སུའང་ཆོས་བརྒྱུད་གཞན་དང་གཞན་གྱི་རིང་ལུགས་འཛིན་པའི་རྩོད་མེད་མཁས་གྲུབ་མང་པོས་རྗེ་ཙོང་ཁ་པ་ཆེན་པོ་ལ་བསྟོད་བསྔགས་རྒྱ་ཆེར་ཕུལ་བ་ཡང་ཤིན་ཏུ་མང་བས་བརྗོད་པར་མི་ནུས་ལ་དེ་དག་ལས་འདིར་འགའ་ཞིག་བརྗོད་ན་གངས་རིའི་ཁྲོད་ཀྱི་མཁས་པའི་དབང་པོ་བོ་དོང་པབྲྤ༣་ཏ་ཕྱོགས་ལས་རྣམ་རྒྱལ་འཇིགས་མེད་གྲགས་པས། མཁས་པ་ངང་པའི་རྒྱལ་པོ་བློ་བཟང་མཆོག། གྲགས་པ་མགྲིན་པའི་རྫ་རྔ་སྒྲོགས་པ་ཅན། ། ལེགས་བཤད་སྨྲ་བའི་དབང་པོའི་ཞབས་དྲུང་དུ། །འཇིགས་མེད་བུང་བ་གཞོན་ནུས་འདི་སྐུད་ཞུ། །

                 ཞེས་སྐབས་དེར་གངས་རིའི་ཁྲོད་དུ་ལུང་རིགས་ཀྱི་གད་རྒྱངས་མཐོན་པོ་སྒྲོག་པའི་སྨྲ་བའི་སེང་གེ་ཉག་གཅིག་ཏུ་འཆེས་པའི་པཎ་ཆེན་མཁས་པ་འདི་ལྟ་བུས་ཀྱང་རང་ཉིད་བུང་བ་དང་རྗེ་བླ་མ་ངང་པའི་རྒྱལ་པོའི་གནས་སུ་བཀོད་ནས་རྗེའི་རྣམ་པར་ཐར་པ་ལ་བསྟོད་པའི་སྙན་ཚིག་རྒྱ་ཆེར་ཕུལ་བ་དང༌། གྲུ་འཛིན་ཞིང་མགོན་མིའི་རྣམ་རོལ་རྗེ་ཀརྨ་པ་དེ་བཞིན་གཤེགས་པས་ཀྱང༌། མང་ཐོས་བློ་གྲོས་ཡངས་པའི་མཁར། ། ཏིང་འཛིན་བཟང་པོའི་དི༷ལ་འཁོར་རྫོགས། ། རྣམ་དཀར་གྲགས་པའི་འོད་འཕྲོ་བ། ། བཤེས་གཉེན་ཟླ་བ་གང་དེ་རྒྱལ། །ཞེས་སོགས་དང༌། དཔལ་ལྡན་ས་སྐྱ་བའི་མཁས་པ་སྐུད་གཉིས་སྨྲ་བ་སྟག་ཚང་ཤེས་རབ་རིན་ཆེན་གྱིས། བློ་ཆེན་རྒྱལ་བ་རྣམས་ཀྱི་སྤྱན་སྔ་རུ། ། བཟང་པོའི་སྨོན་ལམ་རླབས་ཆེན་གྲུབ་པའི་མཐུས། ། གྲགས་པའི་སྨྲ་ཆེན་ཐུབ་བསྟན་མགྲིན་པའི་དཔལ། ། བློ་བཟང་གྲགས་པའི་ཞབས་ལ་ཕྱག་མཚལ་ལོ། །ཞེས་པ་ནས། ཁྱོད་ལ་གཙོར་བྱས་ཧ་ཅང་མཆོག་འཛིན་གྱི། ། ཕྱོགས་ལྷུང་གདོན་གྱིས་ཐུབ་བསྟན་དཀྲུགས་པ་ཡང༌། ། དག་སྣང་ཕྱོགས་མེད་ཐུགས་མངའ་ཁྱོད་ཉིད་ཀྱིས། ། མྱུར་དུ་གསལ་ནས་བསྟན་འཛིན་མཐུན་གྱུར་ཅིག །ཞེས་པའི་བར་ཤོ་ལོ་ཀ་བཅུ་ཕྲག་ལྷག་གིས་རྗེ་བླ་མའི་མཁས་བཙུན་བཟང་གསུམ་དང༌། ལྟ་སྒོམ་སྤྱོད་གསུམ། འཆད་རྩོད་རྩོམ་གསུམ་བཅས་ལ་གཟུར་བོར་གནས་པའི་བསྔགས་བརྗོད་རྒྱ་ཆེར་ཕུལ་བ་དང༌། ས་བཟང་མ་ཏི་པཎ་ཆེན་གྱིས། ། ཐུབ་དབང་ཞིང་དུ་ཁྱོད་ཉིད་ཁོ་ནས་ནི། ། ཐུབ་བསྟན་གསལ་བའི་འཕྲིན་ལས་འདི་ལྟ་ན། ། ཐུབ་པའི་རྒྱལ་ཚབ་བདག་གིས་ཅི་བྱ་ཞེས། ། མི་ཕམ་མགོན་དེས་ཕྲག་དོག་མི་མཛད་དམ། །ཞེས་དང༌། ཀླུ་སྒྲུབ་ཡབ་སྲས་ཞིང་གཞན་གཤེགས་པ་ན། ། དབུ་མའི་ལམ་འདི་སྟོན་པ་གཞན་མེད་ཅེས། ། སྒྲོ་བསྐུར་བྲག་རིའི་ཕུང་པོ་གཞོམ་སླད་དུ། ། མགོན་ཁྱོད་རྡོ་རྗེའི་མེ་ཆར་ལྟ་བུར་གྱུར། །ཞེས་དང༌། ། རྗེ་ཀ་རྨ་པ་མི་བསྐྱོད་རྡོ་རྗེས། བྱང་གི་ཕྱོགས་འདིར་རྒྱལ་བའི་བསྟན་པ་ལ། ། ཕལ་ཆེར་ལོག་པ་འབའ་ཞིག་སྤྱོད་བའི་སྐབས། ། འཁྲུལ་མེད་བྱི་དོར་མཛད་པའི་ཙོང་ཁ་པ། ། རི་བོ་དགའ་ལྡན་པ་ལ་བསྟོད་པ་བགྱི། །ཞེས་པ་ནས། དེ་ལྟར་དད་པས་མཆོད་བསྟོད་དགེ ། ཉིད་བསྟན་སྤེལ་པར་མཛད་རྣམས་ཀྱང༌། ། བུ་རམ་ཤིང་པའི་འཕྲིན་ལས་པའི། ། རིང་ལུགས་རྗེས་སུ་འཛིན་ཕྱིར་བསྔོ། །

                 ཞེས་བའི་བར་ཤོ་ལོ་ཀ་བཅུ་ཕྲག་འགའ་ཞིག་གིས་རྗེ་དང་རྗེའི་ལུགས་བཟང་འཛིན་པའི་རིང་ལུགས་ཀྱི་རྣམ་པར་ཐར་པ་རྨད་དུ་བྱུང་བའི་ཚུལ་ལ་སྒྲོ་བསྐུར་དང་འཁྱོག་བརྗོད་མེད་པའི་བསྟོད་བསྔགས་རྒྱ་ཆེར་ཕུལ་བ་དང༌། ཡང་དེ་ཉིད་ཀྱིས། ། བོད་ཁ་བ་ཅན་གྱི་རྒྱལ་ཁམས་འདིར། ། རྟགས་ཙམ་གྱིས་འདུལ་བ་འཛིན་པའི་དུས། ། རྗེ་བློ་བཟང་གྲགས་པ་བྱ་བ་དེས། །ཞེས་པ་ནས། སྔོན་ཕྲག་དོག་གི་དྲི་མས་སྡང་ཞེན་སྐྱེས། ། དུས་དེ་རིང་འགྱོད་པས་འཐོལ་ཞིང་བཤགས། ། སྡིག་གྲོགས་ཀྱིས་ཟིན་པར་མ་ཤེས་པར། ། གཏི་མུག་གིས་བགྱིས་པ་ནོངས་ཤིང་འགྱོད། ། སྐྱེ་བ་ནས་ཚེ་རབས་རྗེས་འཛིན་མཛོད། །ཅེས་དང༌། རྗེ་ཀརྨ་པ་སྐུ་ཕྲེང་དགུ་པ་དབང་ཕྱུག་རྡོ་རྗེས་ཀྱང༌། བཅས་དང་ཁ་ན་མ་ཐོའི་ཉེས་པ་ཡིན། ། ཅུང་ཟད་མ་གོས་འདུལ་བའི་སྲོལ་ཆེན་འཛིན། ། ཞི་དུལ་བག་ཡོད་འཕྲིན་ལས་བཞི་ལ་སྤྱོད། ། མཁས་བཙུན་བཟང་པོ་ཙོང་ཁ་པ་ལ་འདུད། །ཅེས་སོགས་དང༌། རྗེ་ཀརྨ་ཞྭ་དམར་པ་སྐུ་ཕྲེང་བཞི་པ་ཆོས་ཀྱི་གྲགས་པས། དུས་ཕྱིས་བཀའ་ཕྱག་ས་སྐྱ་པ་སོགས་ཀྱི། ། བླ་མ་མཁས་གྲུབ་རྣམས་ལ་གཏུགས་པ་ལས། ། མཁས་པ་བློ་བཟང་གྲགས་པའི་དཔལ་ཞེས་པ། ། མདོ་སྔགས་བསྟན་པ་གསལ་བར་མཛད་པ་བྱུང༌། །ཞེས་སོགས་དང༌། ། རྒྱལ་བ་འབྲུག་ཆེན་པདྨ་དཀར་པོས། འགྲན་ཟླ་ཀུན་བྲལ་རྗེ་བཙུན་ཙོང་ཁ་པར། ། འགྲན་ཟླ་བྱེད་པའི་མཁས་པ་མང་འཆེས་ཀྱང༌། ། འགྲན་ཟླ་བྲལ་བ་ཁྱོད་ཉིད་གཅིག་པུ་ཞེས། ། འགྲན་ཟླ་མི་བྱེད་པདྨ་དཀར་པོས་བསྟོད། །ཞེས་སོགས་དང༌།

                 འཇམ་མགོན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས། ལུགས་དེ་གྲུབ་མཐའ་ཡོངས་ལ་ཁྱབ་མེད་ཀྱང༌། ། ཕྱིས་དུས་འཇམ་དབྱངས་རྣམ་འཕྲུལ་ཙོང་ཁ་པས། ། གཞུང་ལམ་གཙོར་བཏོན་བཀའ་གདམས་གསར་མར་གྲགས། ཞེས་དང༌། དེའི་ཐད་ཀྱི་རང་འགྲེལ་ལས། རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་རྣམ་པར་འཕྲུལ་བ་མི་འཕྲོག་པའི་མཁྱེན་རབ་དང་ཐུགས་རྗེ་མངའ་བ་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་ཞེས་སངས་རྒྱས་འཇིག་རྟེན་དུ་བྱོན་པ་ལྟ་བུ་དེས་བཀའ་གདམས་གཞུང་པའི་ལུགས་ཀྱི་བཤད་སྲོལ་གཙོ་བོར་བཏོད། ཅེས་དང༌།

                 མདོར་ན་སངས་རྒྱས་ཀྱི་བསྟན་པའི་གཞུག་འདིར་ལུང་གི་བསྟན་པ་ལ་འདི་ཁོ་ན་བཀའ་དྲིན་ཆེ་བ་ཡིན་ནོ། །ཞེས་སོགས་དང༌། འབའ་མདའ་བ་ཐུབ་བསྟན་དགེ་ལེགས་རྒྱ་མཚོས། ཕར་ཕྱིན་དགོངས་དོན་རྒྱལ་བའི་དགོངས་པ་བཞིན། ། སྟོན་ཕྱིར་འཇམ་མགོན་ངུར་སྨྲིག་གར་བསྒྱུར་བ། ། སྨྲ་བའི་དབང་ཕྱུག་རྒྱལ་བ་བློ་བཟང་གྲགས། ། རྒྱལ་ཚབ་ཆེན་པོ་དར་མ་རིན་ཆེན་ཞབས། ། མཁས་གྲུབ་ཡོངས་ཀྱི་གཙུག་རྒྱན་དགེ་ལེགས་དཔལ། ། རྒྱལ་བ་ཡབ་སྲས་སྙིང་དབུས་པད་མཚོར་བཞུགས། །ཞེས་དང༌།

                  སྟག་ལུང་ཡ་ཐང་རྡོ་རྗེ་གདན་གྱི་ཁྲི་འཛིན་གདན་རབས་བཅུ་བདུན་པ་སྟག་ལུང་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་མཛད་པའི་སྟག་ལུང་ཆོས་འབྱུང་ལས། མཁས་པའི་མཆོག་ཏུ་གྱུར་པ་རེད་འདའ་བ་གཞོན་ནུ་བློ་གྲོས་ཀྱི་སློབ་མ་རྒྱུ་འབྲས་ཀྱི་ཐེག་པ་གཉིས་ཀ་ལ་འགྲན་ཟླ་མེད་པའི་མཁྱེན་པ་དང༌། དམ་པའི་ཆོས་འདུལ་བའི་བཅས་མཚམས་ལས་གཞར་ཡང་མི་འདའ་བའི་རྣམ་ཐར་ཅན་སྙན་གྲགས་དང་འཕྲིན་ལས་ཀྱིས་སའི་སྟེང་ཐམས་ཅད་དུ་ཁྱབ་པ་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ། །ཞེས་དང༌།

                 འཇམ་པ་རྡོ་རྗེའི་བྱིན་རླབས་སྙིང་གར་ཞུགས་པ་འཇུ་མི་ཕམ་རྣམ་རྒྱལ་རྒྱལ་མཚན་གྱིས། ། སྣ་ཚོགས་གཞུང་ལུགས་སོ་སོའི་དགོངས་པའི་དོན། ། རང་བཟོའི་དྲི་མས་བཞར་ཡང་མ་མཆིས་པར། ། ཚུལ་བཞིན་འགྲེལ་བར་བྱེད་པ་ཁྱེད་དང་ནི། ། མཚུངས་པ་མེད་ན་ལྷག་པ་ལྟ་ཅི་ཞིག །ཅེས་དང༌། སྲས་བཅས་རྒྱལ་བའི་དགོངས་དོན་མ་ནོར་བ། ། སྟོང་དང་རྟེན་འབྱུང་ཟབ་མོའི་དེ་ཉིད་ལ། ། ཡིད་ཆེས་གཏིང་ནས་རསྙེད་པའི་སྒོ་གཅིག་པུ། ། ཁྱོད་ཀྱི་ལེགས་བཤད་རྣམས་ལས་གཞན་པ་གང༌། །ཞེས་དང༌། ། མཚུངས་མེད་རྒྱལ་བ་དགྱེས་པའི་ལམ་བཟང་ནས། ། གྲུབ་མཆོག་ནོར་བུའི་གླིང་དུ་བཤེགས་ཁྱོད་ཀྱི། ། ཞབས་སེན་ཨུསྒྲཎལ་ནོར་བུའི་ཕྲེང་བ་གང༌། ། གྲུབ་བརསྙེས་བྱེ་བའི་གཙུག་ཏོར་གཙུག་ན་མཛེས། །ཞེས་དང༌།

                 གངས་རེའི་ཁྲོད་ཀྱི་གཙུག་ལག་རིག་པའི་ཕྲེང་བ་འཛིན་པ་ཀུན་གྱི་གཙུག་ན་ཉ་གང་བའི་དིལ་འཁོར་ལྟར་མཛེས་པ་ཀརྨ་སི་ཏུ་བསྟན་པའི་ཉིན་བྱེད་ཀྱིས། གང་གི་མང་ཐོས་མིང་ལ་ཤྲུ་ཏི་དང༌། ། སྐྱོན་མེད་བསམ་གཏན་མཆོག་གི་ཡོ་གི་སྟེ། ། རྣམ་དཔྱོད་རྒྱལ་བ་ཉིད་ལ་སྲ་པྲགྲཐྲ༣། ། མཐོན་པོའི་སར་གནས་མིསྒྲྣ་ཙིཏ་ཡང་ངོ། ། །ཞེས་དང༌། ཕྱག་ཆེན་བསྟན་པའི་མཛེས་རྒྱན་གནས་ལྔ་རིག་པ་སྨྲ་བའི་མཁས་པ་འཇམ་དབྱངས་ཁ་ཆེ་པས། ཀ་ལ་པ་ན་འཇམ་དབྱངས་གྲགས་པ་ལྟར། ། ཁ་བ་ཅན་འདིར་ཐུབ་བསྟན་འཛིན་པ་ལ། ། ག་ན་གནས་ཀྱང་འགྲན་ཟླ་མ་མཆིས་པ། ། ང་ཡི་གཙུག་གི་རྒྱན་གྱུར་ཙོང་ཁ་པ། ། ཞེས་སོགས་ཚིག་དོན་ཕུན་སུམ་ཚོགས་པའི་བསྔགས་བརྗོད་གཟུར་གནས་མཁས་པའི་དགའ་སྟོན་དུ་འོས་པ་དུ་མར་མཐོང་སྟེ་ཞིབ་ཏུ་འདོད་ན་མཁས་པ་དེ་དག་གི་གསུང་འབུམ་ཁག་དང༌། རྗེའི་རྣམ་ཐར་ཆེན་མོ་སོགས་སུ་གཟིགས་དགོས་ཞིང༌། །འདིར་སྐུལ་དམན་འགའ་ཞིག་གི་ལོག་པར་རྟོག་པའི་མཐུ་ལྡོག་ཅིང་སྐུལ་བཟང་དད་ལྡན་སྐྱེ་བོ་དུ་མའི་བསོད་ནམས་ཀྱི་བགོ་སྐུལ་སྨིན་པའི་ཆེད་དུ་མདོར་ཙམ་འགོད་པར་ལགས་སོ། །

                  རྒྱལ་ཀུན་ཡེ་ཤེས་འཁོར་ལོའི་རྣམ་དཔྱོད་རྡུལ། ། ལི་ཁྲིའི་རྒྱ་མཚོར་སྦངས་པའི་རི་བོང་ཅན། ། དབང་ཕྱོགས་ས་འཛིན་ཕྲག་པ་ལས་འཕོས་པས། ། མཚམས་སྤྲིན་གསར་པས་གླིང་འདིར་ཤིས་པ་སྒྲུབ། ། མཁྱེན་པའི་འོད་ཞགས་ཤེས་བྱའི་གྲངས་དང་མཉམ། ། བརྩེ་བའི་སྤྱན་དུ༷ས་འགྲོ་བ་ཡོངས་ལ་ཁྱབ། ། ནུས་པའི་འཕྲིན་ལས་འཛམ་གླིང་ཡོངས་སུ་བརྡལ། ། རྒྱལ་བ་གཉིས་པར་བསྔགས་པ་དོན་དང་ལྡན། །ཞེས་ཀྱང་སྨྲས་སོ། ། 

                   དགའ་ལྡན་ཁྲི་རབས་རིམ་བྱུང་གི་རྣམ་ཐར་ཛམྦུའི་གསེར་གྱི་ཕྲེང་བ་ལས་བཤུས།        

                        རྩོམ་སྒྲིག་པ།  ཀླུ་ཚང་ འཇམ་དབྱངས་ཤེས་རབ། 

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།པར་ཞུ།       

དྲ་བའི་སྦྲེལ་ཐགhttp://www.tb1025. cn


བརྒྱུད་འགོད།