རྗེ་བླ་མའི་དངོས་སློབ།

ཡོང་ཁུངས།   ཐུའུ་བཀྭན་གྲུབ་མཐའ་ལས་བཤུས།     སྤེལ་དུས།  2015-12-06 12:37:33         ཀློག་ཐེངས།  

        རྗེ་ཐམས་ཅད་མཁྱེན་པ་འདི་ཉིད་ལ་སློབ་མ་ཡང་སྡོམ་པ་གསུམ་གྱི་ཚུལ་ཁྲིམས་ལ་གནས་ནས་སྐྱེས་བུ་གསུམ་དང་རིམ་པ་གཉིས་ཀྱི་རྣལ་འབྱོར་ལྷུར་ལེན་ཅིང༌། སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་རྔ་བོ་ཆེ་བརྒྱུད་མར་སྒྲོགས་པའི་མཁས་པ་ནམ་མཁའི་དབྱིངས་སུ་སྐར་ཚོགས་བཀྲ་བའམ། ནོར་འཛིན་ལ་རྐང་འཐུང་འཁྲིགས་པའམ། དཔྱིད་ཀའི་ཤིང་ལ་མེ་ཏོག་གིས་བརྒྱན་པ་ལྟ་བུ་བསམ་གྱིས་མི་ཁྱབ་པ་ཞིག་བྱོན་པའི་ནང་ནས་གཙོ་ཆེ་བ་འགའ་ཞིག་བརྗོད་ན།
བླ་མ་ཆོས་འབྲེལ་གསན་པ་བཞི་ནི། དབུ་མ་པ་བརྩོན་འགྲུས་སེང་གེ མཁན་ཆེན་ནམ་མཁའ་རྒྱལ་མཚན། རྗེ་བཙུན་རེད་མདའ་བ། བྲ་གོར་མཁན་ཆེན་ཆོས་སྐྱབས་བཟང་པོའོ།།
བྱ་བྲལ་ལ་མ་ཕེབས་གོང་གི་སྲས་སྔ་ཚར་བཞི་ནི། ཚ་ཁོ་དཔོན་པོ་ངག་དབང་གྲགས་པ། མདོ་སྟོད་པ་གྲགས་པ་བློ་གྲོས། ལྡོང་སྟོན་ཛྙཱན་ཤྲཱི། དགེ་བཤེས་ཤ་སྟོན་རྣམས་སོ།།
ཕྱི་ཚར་གྱི་འཁོར་དག་པ་རྣམ་བརྒྱད་ནི། བླ་མ་འཇམ་དཀར་བ་ཞེས་གྲགས་པ་འཇམ་དཔལ་ཆོས་བཟང༌། གནས་བརྟན་བཟང་སྐྱོང་བ། གནས་བརྟན་རིན་ཆེན་རྒྱལ་མཚན། གནས་བརྟན་བྱང་སེང་བ་སྟེ་དབུས་པ་བཞི། རྟོགས་ལྡན་འཇལ་དཔལ་རྒྱ་མཚོ། དགེ་བཤེས་ཤེས་རབ་གྲགས། དགེ་བཤེས་འཇམ་དཔལ་བཀྲ་ཤིས། དགེ་བཤེས་དཔལ་སྐྱོང་བ་སྟེ་མདོ་སྨད་པ་བཞི་དང་བརྒྱད་དོ། །དེ་དག་ཀྱང་ལུང་དང་མངོན་པར་རྟོགས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་ཅིང་ཡི་དམ་ལྷས་རྗེས་སུ་བཟུང་བ་ཤ་སྟག་གོ།
སྲས་ཀྱི་ཐུ་བོ་གཉིས་ཞེས་གྲགས་པ་ནི། རྒྱལ་ཚབ་ཐམས་ཅད་མཁྱེན་པ་དར་མ་རིན་ཆེན་དང༌། བྱང་ཆུབ་སེམས་དཔའ་ཆེན་པོ་འབྲི་གུང་བ་འདུལ་བ་འཛིན་པ་གྲགས་པ་རྒྱལ་མཚན་ནོ།།
གསང་བདག་གིས་ལུང་བསྟན་པའི་འཁོར་ཁྱད་པར་དུ་འཕགས་པ་གསུམ་ནི། སྲས་ཀྱི་ཐུ་བོ་གཉིས་དང་བླ་མ་འཇམ་དཀར་བ་ཡིན་ཞེས་གསུངས།
ནང་ཐུགས་ཀྱི་སྲས་གཅིག་པུ་ནི། མཁས་གྲུབ་ཐམས་ཅད་མཁྱེན་པ་ཡིན་ཏེ། རྗེའི་བསྟན་པ་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་ཕྱིར་རོ།།
འཕྲིན་ལས་ནམ་མཁའ་དང་མཉམ་པའི་བུ་ཆེན་བཞི་ནི། འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན། མཚུངས་མེད་ཆོས་རྗེ་གུང་རུ་རྒྱལ་མཚན་བཟང་པོ། རྗེ་བཙུན་ཤེས་རབ་སེང་གེ ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་བོ།།
དབུས་གཙང་བསྟན་པའི་སྒྲོན་མེ་བཅུ་ནི། གསང་ཕུ་བ་ཆོས་རྗེ་དཀོན་མཆོག་ཚུལ་ཁྲིམས། གཉལ་རྒོད་རིན་ཆེན་བསམ་གྲུབ། མཁྱེན་རབ་དབང་ཕྱུག་གྲགས་པ་བཟང་པོ། གསང་ཕུ་བ་རྒྱལ་དབང་ཁ་ཆེ། གཉལ་ཆེན་ཤེས་རབ་རྒྱལ་མཚན། ཧོར་སྟོན་ནམ་མཁའ་དཔལ། ཆོས་རྗེ་བློ་གྲོས་ཆོས་སྐྱོང༌། བ་སོ་ཆོས་ཀྱི་རྒྱལ་མཚན། ཆོས་རྗེ་དཔལ་ལྡན་སེང་གེ སྣར་ཐང་པ་རབ་མཆོག་རྣམས་སོ།།
གཞན་དོན་ལྷུན་གྱིས་གྲུབ་པའི་སེམས་དཔའ་དྲུག་ནི། བྱང་སེམས་རྭ་སྒྲེང་པ་ཤཱཀྱ་བསོད་ནམས། བྱང་སེམས་ཀུན་དགའ་བཟང་པོ། བྱང་སེམས་བདེ་མོ་ཐང་པ་བློ་གྲོས་རྒྱལ་མཚན། བྱང་སེམས་ཚུལ་ཁྲིམས་དཔལ་བཟང༌། བྱང་སེམས་གཞོན་ནུ་རྒྱལ་མཆོག བྱང་སེམས་རྒྱལ་མཚན་གྲགས་བཟང་རྣམས་སོ།།
མི་དབང་གཙུག་ན་མཛེས་པའི་ཏི་ཤྲཱི་གཉིས་ནི། བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་དང༌། བྱང་དར་མའོ། །རྒྱ་ཆེན་མང་དུ་ཐོས་པའི་དབོན་སྲས་གཉིས་ནི། མ་ཅིག་དབོན་པོ་ནམ་མཁའ་དཔལ་དང༌། ཡར་རྒྱབ་དབོན་པོ་བསོད་ནམས་རྣམ་པར་རྒྱལ་བའོ། །སྦྱངས་པའི་ཡོན་ཏན་འཛིན་པའི་ཅོག་ཆེ་ཆུང་གཉིས་ནི། ཞྭ་ལུ་པ་བཀྲ་ཤིས་རྒྱ་མཚོ་དང༌། ཆོས་རྗེ་ཞྭ་ལུ་པ་ལེགས་པ་རྒྱལ་མཚན་ནོ། །རྣམ་དཔྱོད་ཕུལ་དུ་བྱུང་བའི་མཁས་པ་གཉིས་ནི། མུས་སྲད་པ་བློ་གྲོས་རིན་ཆེན་སེང་གེ་དང༌། ཞང་ཞུང་པ་ཆོས་དབང་གྲགས་པའོ།།
བསྟན་པ་ཕྱོགས་མཐར་སྐྱོང་བའི་དར་ཆེན་དྲུག་ནི། སྟོད་ཤེར་བཟང༌། སྨད་ཤེར་བཟང༌། གུ་གེ་ངག་དབང་གྲགས་པ། ལྷོ་པ་རྒྱལ་མཚན་སེང་གེ བླ་མ་དཔལ་ལྡན་ཤེས་རབ། བླ་མ་ཡོན་ཏན་དཔལ་པ་རྣམས་སོ།།
སྐད་གཉིས་སྨྲ་བའི་ལོ་ཙཱ་བ་གཉིས་ནི། འགོས་ལོ་ཙཱ་བ་གཞོན་ནུ་དཔལ་བའམ་ཡིད་བཟང་རྩེ་པ་དང༌། སྟག་ལུང་ལོ་ཙཱ་བའོ།།
ས་སྐྱོང་ཆོས་རྗེ་དྲུག་ནི། རིན་པོ་ཆེ་དཔལ་ལྡན་བཟང་པོ། རིན་པོ་ཆེ་བསོད་ནམས་བཟང་པོ། རིན་པོ་ཆེ་བྱང་ཆུབ་རྡོ་རྗེ། རིན་པོ་ཆེ་བསོད་ནམས་རྒྱལ་མཚན་ནམ་ཉེར་གཉིས་པ། འབྲི་གུང་རིན་པོ་ཆེ་དོན་གྲུབ་རྒྱལ་པོ། སྟག་ལུང་རིན་པོ་ཆེ་བཀྲ་ཤིས་དཔལ་འོད་རྣམས་སོ།།
གསུང་རབ་མང་དུ་མཁྱེན་པའི་བསྟན་འཛིན་བརྒྱད་ནི། འབྲོམ་སྟོན་ཤེར་འབྱུང་བློ་གྲོས། རྒྱལ་བ་རིན་ཆེན་བསམ་གྲུབ། བྱང་གླིང་པ་གྲགས་པ་རིན་ཆེན། མངའ་རིས་པ་བསོད་ནམས་རིན་ཆེན། འཇམ་པའི་དབྱངས་རིན་ཆེན་རྒྱལ་མཚན། གུ་གེ་སངས་རྒྱས་རྒྱལ་མཚན། འཇམ་དབྱངས་རིན་ཆེན་གྲགས་པ། རྒྱལ་སྲས་བདེ་འབྱུང་བ་རྣམས་སོ།།
མདོ་རོང་གི་མཁས་པ་བཞི་ནི། མདོ་སྨད་པ་འོད་ཟེར། མདོ་སྨད་པ་ལེགས་བཟང༌། མདོ་སྨད་པ་བསོད་ནམས་ཤེས་རབ། རོང་པོ་ལྕེ་ནག་རྣམས་སོ།།
མཁའ་སྤྱོད་གྲུབ་པའི་གདུང་བརྒྱུད་གཉིས་ནི། སྤྲེ་ཞིང་རིན་པོ་ཆེ་བྱང་ཆུབ་དཔལ་བ་དང༌། རིན་ཆེན་དཔལ་བའོ།།
སྐྱེས་བུ་ཡ་མཚན་ཅན་གཉིས་ནི། སྐྱེས་མཆོག་སྨོན་ལམ་མཐའ་ཡས་དང༌། རི་མི་འབབ་པ་བསོད་ནམས་རིན་ཆེན་ནོ།།
སྤྱན་སྔ་བརྒྱད་ནི། སྤྱན་སྔ་ཀུན་དགའ་བློ་གྲོས། སྤྱན་སྔ་གཞོན་ནུ་འོད། སྤྱན་སྔ་བློ་གྲོས་རྒྱལ་མཚན། སྤྱན་སྔ་དཔལ་བཟང་བ། སྤྱན་སྔ་ནམ་མཁའ་རྒྱལ་མཚན། སྤྱན་སྔ་བསོད་ནམས་ལྷུན་གྲུབ། སྤྱན་སྔ་རིན་ཆེན་རྒྱལ་མཚན། སྤྱན་སྔ་རིན་ཆེན་འཕེལ་བ་རྣམས་སོ།།
ཁྲི་སྟེང་མཛེས་པའི་བླ་ཆེན་བཞི་ནི། གུང་ཐང་པ་ཆོས་རྗེ་མཛེས་པ་དཔལ། ཉན་པོ་ཤཱཀྱ་རྒྱལ་མཚན། སྟག་ཕུ་གུ་ཤྲཱི་དཔལ་ལྡན་དོན་གྲུབ། ཏེའུ་ར་པ་ཆོས་རྗེ་དཔལ་རྣམས་སོ།།
ཚོགས་པ་སྐྱོང་བའི་མཁན་པོ་བཞི་ནི། སྐྱོར་མོ་ལུང་མཁན་ཆེན་ཆོས་རྒྱལ་དཔལ་བཟང༌། ཕག་མོ་གྲུ་པའི་མཁན་ཆེན་རྒྱལ་བཟང་བ། མཁན་ཆེན་ཀུན་དགའ་རྡོ་རྗེ། སྤྱན་གཡས་མཁན་པོ་བྱང་ཆུབ་དཔལ་བ་རྣམས་སོ།།
སྡེ་དགོན་ཁྲ་མོའི་ཆེན་པོ་ལྔ་ནི། ཆེན་པོ་གྲགས་པ་བཟང་པོ། ཆེན་པོ་དྭགས་པོ་འོད་ཟེར་སེང་གེ ཆེན་པོ་བློ་གྲོས་འཕེལ། ཆེན་པོ་ཀུན་དགའ་རྒྱལ་མཚན། ཆེན་པོ་བཀྲ་ཤིས་རྒྱལ་མཚན་རྣམས་སོ།།
དབང་བསྐུར་བའི་ཆོས་སྒོ་བ་གཉིས་ནི། གདན་ས་མཐིལ་གྱི་ཆོས་སྒོ་བ་འཇམ་དབྱངས་ཁ་ཆེ་པུཎྱ་ཤྲཱི་དང༌། འབྲི་གུང་ཆོས་སྒོ་པ་བཀྲ་ཤིས་རིན་ཆེན་ནོ།།
འཆད་ཉན་གྱི་རྒྱལ་མཚན་བསྒྲེང་བའི་སློབ་དཔོན་བཞི་ནི། སློབ་དཔོན་བརྩོན་འགྲུས་གྲགས་པ། སློབ་དཔོན་ལེགས་ལྡན་པ། སློབ་དཔོན་སྟག་ལེབ་བྱང་ཆུབ་རྒྱལ་མཚན། སློབ་དཔོན་བྱང་ཆུབ་དཔལ་བ་རྣམས་སོ།།
རིགས་པ་སྨྲ་བའི་དཀའ་བཅུ་བ་བཞི་ནི། དཀའ་བཅུ་པ་དར་མ་བཟང་པོ། འབའ་སེར་དཀར་བཅུ་པ། ཅོ་ཙ་དཀའ་བཅུ་པ་ཡོན་ཏན་རྒྱལ་མཚན། ལྷུུ་ལ་དཀའ་བཅུ་པ་ལེགས་པ་དཔལ་རྣམས་སོ།།
ཚིག་དོན་འཛིན་པའི་དཀའ་བཞི་པ་བཅུ་ནི། མཐིལ་ཆུང་དཀའ་བཞི་པ་དོན་ཡོད། བྲག་དགོན་དཀའ་བཞི་པ་རིན་ཆེན་དཔལ། རྒྱལ་བ་དཀའ་བཞི་པ་རིན་ཆེན་ཆོས་རྒྱལ། གྱེ་རེ་དཀའ་བཞི་པ་སངས་རྒྱས་དབང་ཕྱུག སྟག་ཕུ་དཀའ་བཞི་པ་སངས་རྒྱས་བཟང་པོ། གཡག་སྡེ་དཀའ་བཞི་པ་བསོད་ནམས་བཟང་པོ། གྲོས་དཀའ་བཞི་པ། མཚུར་ཕུ་དཀའ་བཞི་པ། དཀའ་བཞི་པ་ཆོས་སེང༌། དཀའ་བཞི་པ་གྲགས་པ་རྒྱལ་མཚན་རྣམས་སོ།།
བརྟུལ་ཞུགས་འཛིན་པའི་ཇོ་གདན་བཞི་ནི། ཇོ་གདན་ཟླ་བ་བློ་གྲོས། ཇོ་གདན་བསོད་ནམས་ལྷུན་འགྲུབ། ཇོ་གདན་ལེགས་རིན་པ། ཀོང་པོ་ཇོ་གདན་རྣམས་སོ།།
ཚུལ་ཁྲིམས་རྣམ་པར་དག་པའི་གནས་བརྟན་དྲུག་ནི། གནས་བརྟན་ཆོས་བཟང་བ། གནས་བརྟན་རྒྱལ་སྡིངས་པ་དོན་གྲུབ་དཔལ། གནས་བརྟན་རྒྱ་མ་བ་དགེ་འདུན་རྒྱལ་པོ། གནས་བརྟན་འོད་ཟེར་བཀྲ་ཤིས། གནས་བརྟན་གཞོན་ནུ་སངས་རྒྱས། གནས་བརྟན་ཀུན་དགའ་འབུམ་རྣམས་སོ།།
ཚེ་བློས་བཏང་གི་རྟོགས་ལྡན་ལྔ་ནི། ཀུ་ཅོར་རྟོགས་ལྡན་སངས་རྒྱས་དཔལ་བཟང༌། རྟོགས་ལྡན་ནམ་མཁའ་ཤོ་རེ། རྒོད་ཕྲུག་ཆོས་རྗེ་གྲགས་པ་འབྱུང་གནས། རྟོགས་ལྡན་རལ་ཞིག་པ། བུ་ལེབ་ནམ་མཁའ་རྒྱལ་མཚན་རྣམས་སོ།།
གཞན་ཡང་ལྷ་གཟིགས་གྲགས་པ་རྒྱ་མཚོ། རྒྱ་སྟོན་བློ་བཟང་གྲགས་པ། དྲུང་གཞོན་ནུ་དཔལ་བ། མཁན་པོ་བསམ་རྒྱལ་བ། བླ་མ་གསེར་ཐུབ་པ། ཡར་སྡིངས་རིན་པོ་ཆེ། ཞི་བློ་དབོན་པོ། དྲུང་ནམ་མཁའ་བ། བླ་མ་མགོན་པོ་བྱང་ཆུབ། བླ་མ་བསོད་རིན། དྲུང་ཆོས་འཕགས་པ། བླ་མ་ཤཱཀ་རིན་པ། བླ་མ་ཟླ་བ་བཟང་པོ། བླ་མ་ཆོས་རྒྱལ་མཚན། རྒྱ་ར་སངས་རྒྱས་ཡེ་ཤེས་རྣམས་སོ།།
དེ་དག་ལས་འཆད་ཉན་གྱི་སློབ་དཔོན་བཞི་མ་གཏོགས་པ་རྣམས་ཡིད་ཀྱི་མཛེས་རྒྱན་ལྟར་བྲིས་པ་ཡིན་ལ། དེར་མ་གསལ་བ་ཡང་འདུལ་འཛིན་བློ་གྲོས་སྦས་པ། འཕགས་འོད་ཡོན་ཏན་རྒྱ་མཚོ། སྣར་ཐང་མཁན་ཆེན་བསོད་ནམས་མཆོག་གྲུབ། ཟུལ་ཕུ་བ་མཁན་ཆེན་དཀོན་མཆོག་དཔལ་བཟང༌། རྒྱལ་བ་གྲགས་པ་བཀྲ་ཤིས། བླ་མ་ཀུན་བཟང་རིན་ཆེན། བླ་མ་བསོད་དབང༌། འཇམ་དབྱངས་རྡོར་རིན། རྒྱ་མ་རིན་པོ་ཆེ་ཀུན་དགའ་བློ་གྲོས། ཆོས་རྗེ་རྒྱལ་མཚན་གྲགས་བཟང༌། བྱ་བཏང་རིན་ཆེན་བཟང་པོ། གཙང་པ་བློ་བཟང་བ་རྣམས་ཏེ། ད་དུང་ཡང་རྣམ་ཐར་ཆོས་འབྱུང་རྣམས་ལ་ཞིབ་ཏུ་བརྟགས་ནས་འདིར་མ་ཚུད་པ་རྣམས་འཇུག་པར་བྱའོ། །ཆོས་འབྲེལ་ཙམ་ཐོགས་པ་ལ་བསམས་ན། རོང་སྟོན་ཤཱཀྱ་རྒྱལ་མཚན་དང༌། ངོར་པ་ཆོས་རྗེ་ཀུན་དགའ་བཟང་པོ་གཉིས་ཀྱང་བགྲང་དུ་རུང་ངོ༌། །ཟང་ཟིང་ནེ་རིང་བ་འཆི་མེད་རབ་རྒྱས་ཀྱིས་མཛད་པའི་རྗེའི་རྣམ་ཐར་གསེར་གྱི་མཆོད་སྡོང་ལས་དངོས་སློབ་རྣམས་ཀྱི་འདྲེན་ཚུལ་གོང་དང་མི་འདྲ་བ་འབྱུང་སྟེ་མང་དོགས་པས་མ་བྲིས་སོ།།
མདོར་ན་གསང་བདེ་གུང་གསུམ། དགའ་སྐྱོར་ཟུལ་གསུམ། ལོ་བྱ་ཡུལ་རིན་ཆེན་སྒང་གསུམ། རྒྱལ་གླང་ཐང་གྲོས་གསུམ། རྭ་སྒྲེང་འཆད་ཁ་སྤྱིལ་བུ་གསུམ། འབྲི་སྟག་ཚལ་གསུམ། ཨེ་གཉལ་སྟག་གསུམ་གྱི་ཆོས་དཔོན། ཐང་པོ་ཆེ་སོགས་གཡོར་ཕྱོགས་ཀྱི་ཆོས་དབོན་རྣམས་ཀྱིས་དེ་དུས་རྗེ་རིན་པོ་ཆེའི་ཞབས་དྲུང་དུ་མ་གཏུགས་པ་མི་སྣང་ངོ༌།།
དེ་ཡང་གོང་དུ་སྨོས་པ་དེ་ཐམས་ཅད་ནི་ལུང་རྟོགས་དང༌། རིགས་རུས་དང༌། གོ་ས་མཐོ་བའི་ཆེན་པོ་རྣམས་ཀྱི་དབང་དུ་བྱས་པ་ཡིན་གྱི། །དམན་པ་དང་བར་མ་ཆོས་ཀྱི་འབྲེལ་པ་རྒྱ་ཆེར་མནོས་པ་དང༌། ཆོས་འབྲེལ་ཙམ་ཐོགས་པ་ནི་ལོ་རེའི་ནང་དུ་ཡང་བགྲང་དུ་མེད་དོ།།
སྦྱིན་བདག་གི་དབང་དུ་བྱས་ན་སྣེའུ་གདོང་གོང་མ་ཆེན་པོ། གཞིས་ཀ་སྣེའུ་རྫོང་པ། གཞིས་ཀ་བྲག་དཀར་བ། རྒྱ་མ་ཁྲི་དཔོན། ཡར་ལུང་ཇོ་བོ། འོལ་དགའ་རྫོང་དཔོན། རྫིང་ཕྱི་གྲགས་པ་རིན་པོ་ཆེ། སྒོམ་པ་ཆོས་རྒྱལ། སྟོད་ལུང་དཔོན་ཡོན་ཏན་རྒྱ་མཚོ། རིས་སྤུངས་པ་ནམ་མཁའ་རྒྱལ་མཚན་སོགས་དབུས་གཙང་གི་ཆེ་དགུ་ཐམས་ཅད་ཀྱིས་ཞབས་སྤྱི་བོར་བླངས་ཏེ། རྙེད་པ་དང༌། བཀུར་སྟིས་མཆོད་པར་མཛད་ཅིང༌། སྟོབས་ཀྱི་འཁོར་ལོས་སྒྱུར་བ་གོང་མ་ཡུང་ལོ་ཆེན་པོས་ཀྱང་རྒྱལ་ཁབ་ཏུ་གདན་འདྲེན་པའི་སྙན་གསན་ཕུལ་ཏེ། བདོག་པའི་དངོས་པོ་དུ་མས་མཆོད་ཅིང༌། གསེར་གྱི་ལུང་གིས་བསྔགས་པ་བརྗོད་པར་མཛད་དོ།།
གངས་ཅན་གྱི་ལྗོངས་འདིར་རང་རང་གི་གྲུབ་མཐའི་སྲོལ་ཕྱེ་སྟེ་རང་སྐྱ་ཐུབ་པར་མཛད་པ་མང་དུ་བྱུང་འདུག་ནའང༌། རྗེ་བཙུན་ཙོང་ཁ་པ་ཆེན་པོ་གངས་ཅན་གྱི་ལྗོངས་འདིར་ཕེབས་པ་ནི། ཇི་ལྟར་སྔོན་བདག་ཅག་གི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་གྱི་ཁམས་སུ་བྱོན་པ་དང་ཆོས་མཚུངས་པ་ཅིག་བྱུང་སྟེ། སྐུུ་ན་ཕྲ་མོའི་དུས་ཀརྨ་པ་རོལ་པའི་རྡོ་རྗེས་དགེ་བསྙེན་དུ་བསྒྲུབས་ནས། དབུས་གཙང་དུ་ཕེབས་ན་ཐུབ་པའི་བསྟན་པ་འདི་ལ་ཐུབ་པ་དང་མཚུངས་པའི་འཕྲིན་ལས་འབྱུང་གསུང་ཞེས་ཆོས་འབྱུང་མཁས་པའི་དགའ་སྟོན་ལས་བཤད་ཅིང༌། ཙ་རིར་བྱོན་དུས་མོ་ལའི་ལ་རྩར་རྗེ་བཙུན་བྱམས་པའི་ཞལ་ནས། རིགས་ཀྱི་བུ་ཁྱོད་སངས་རྒྱས་འཇིག་རྟེན་དུ་བྱོན་པ་ལྟ་བུ་འོང་བ་ཤེས་པར་གྱིས་ཤིག །ཅེས་རྗེ་བླ་མ་ཉིད་ལ་གསུངས་པ་དེ་དེ་བཞིན་དུ་གྱུར་ཏོ།།

བརྒྱུད་འགོད།